དུས་གསུམ་སངས་རྒྱས་སོགས་ཡེ་ཤེས་རྒྱ་མཚོར་གདམས་པ།

From Dudjom Wiki
Revision as of 10:09, 9 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-035
Wylie title dus gsum sangs rgyas sogs ye shes rgya mtshor gdams pa TTDL-ZABTER-18-TSHA-035.pdf
Location bdud 'joms gling pa zab gter
Volume 18, Text 35, Pages 131-132 (Folios 66a1 to 66b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dus gsum sangs rgyas sogs ye shes rgya mtshor gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 131-132. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་སློབ་བུ་ཡེ་ཤེས་རྒྱ་མཚོས་བསྐུལ་ངོར་བླུན་པོའི་ཐ་ཤལ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།

zhes slob bu ye shes rgya mtshos bskul ngor blun po'i tha shal bdud 'joms rdo rjes smras pa yongs su dge bar gyur cig/

[edit]
༄༅། །དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་དཔལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས། །ཁྱོད་ཀྱིས་ངེས་པར་ཆོས་ཤིག་བསྒྲུབ་འདོད་ན། །བླ་མར་མོས་གུས་བསྙེན་བཀུར་བྱ་བ་དང་། །མཆེད་ལྕམ་རྣམ་ལ་བརྩེ་གདུང་བྱ་བ་དང་། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ་པ་དང་། །ཕན་དང་བདེ་བའི་ཐབས་སུ་འབད་པར་གྱིས། །ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ། །རྟག་འཛིན་ཞེན་པ་ཆོད་ལ་བློ་སྣ་བསྟུང་། །ཆོས་ལ་ཕྱི་བཤོལ་མ་བྱེད་འཕྲལ་དུ་འབུང་། །དལ་འབྱོར་མི་ལུས་རིན་ཆེན་གླིང་དང་མཚུངས། །མདོ་མེད་སྟོང་ལོག་མ་བྱེད་དོན་ལྡན་མཛོད། །གདམས་ངག་ནོར་བུ་རིན་ཆེན་རྙེད་དུས་འདིར། །དོན་མེད་ཆུད་ཟོས་མ་བྱེད་ཉམས་སུ་ལོངས། །ཐར་དང་རྣམ་མཁྱེན་གོ་འཕང་བགྲོད་འདོད་ན། །དམ་ཚིག་སྡོམ་པ་སྲོག་གི་གཏའ་རུ་ཟུངས། །ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱུང་ན། །འཆི་དུས་བློ་ལྷག་མེད་པའི་གདམས་པ་ཡིན། །ཆོས་ཀུན་གདོད་ནས་མེད་པར་སྟོང་པ་སྟེ། །མེད་བཞིན་སྣང་སྟེ་སྣང་ཙམ་ཉིད་ནས་སྟོང་། །འཁོར་འདས་ལམ་གསུམ་ཆོས་ཉིད་གཅིག་གི་རྩལ། །སྣང་བ་གཞན་དུ་འཛིན་པའི་འཕྱང་པ་ཁྲོལ། །ཐམས་ཅད་ཀ་དག་གཞི་ཡི་རོལ་པ་སྟེ། །གཞི་ཉིད་སྐྱོན་བྲལ་ཕྱལ་ཡས་ཆེན་པོར་དག །འཁོར་འདས་ལམ་གསུམ་ལྷུན་གྲུབ་རོལ་པར་རྫོགས། །རྫོགས་ཆེན་གཞི་ཡི་གནས་ལུགས་མངོན་གྱུར་པའི། །རིག་པ་སྐུ་བཞི་ཡེ་ཤེས་ལྔ་ཡི་དཔལ། །རང་བྱུང་རང་བབ་ངང་གནས་ཆེན་པོ་རུ། །མ་བཅོས་རང་སར་ཡན་པའི་ངང་དུ་ཞོག །བྱ་བ་བཏང་བས་བྱར་མེད་ཆེན་པོ་རུ། །སྙིང་པོའི་སྒྲུབ་པ་བྱེད་པ་གནད་དུ་ཟུངས། །དེ་ལྟར་བར་མེད་སྒོམ་པ་ལྷུར་བླངས་ནས། །རང་ཐོག་རང་གྲོལ་ཆོས་སྐུ་ཀུན་བཟང་ཀློང་། །རང་གྲོལ་ཆེན་པོ་འབྲས་བུ་བླ་ན་མེད། །མྱུར་ལམ་སྒྲོན་མ་དྲུག་གི་ཀློང་མཛོད་དུ། །ཤེས་རིག་རྒྱལ་པོའི་བཙན་ས་འཛིན་ནུས་ན། །སྣང་བ་བཞི་ཡི་ཉམས་རྟོགས་མཐར་ཕྱིན་ནས། །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པར། །གདོན་མི་ཟ་འོ་སྐལ་བཟང་སྐྱེས་བུ་ཁྱོད། །སྡེབས་སྦྱོར་ཁ་གཏིང་ཟབ་མོ་མི་ཤེས་ཀྱང་། །འདི་བཞིན་ཉམས་སུ་བླང་ན་ངེས་པར་གྲོལ། །ཞེས་སློབ་བུ་ཡེ་ཤེས་རྒྱ་མཚོས་བསྐུལ་ངོར་བླུན་པོའི་ཐ་ཤལ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།