ཕ་བླ་མ་མཚོ་སྐྱེས་རྡོ་རྗེ་སོགས་བཙུན་ཆུང་སྐུ་མཆོག་ལ་གདམས་པ།

From Dudjom Wiki
Revision as of 08:27, 10 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-075
Wylie title pha bla ma mtsho skyes rdo rje sogs btsun chung sku mchog la gdams pa TTDL-ZABTER-18-TSHA-075.pdf
Location bdud 'joms gling pa zab gter
Volume 18, Text 75, Pages 275-278 (Folios 138a1 to 139b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Pha bla ma mtsho skyes rdo rje sogs btsun chung sku mchog la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 275-278. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཞེས་བཙུན་ཆུང་སྐུ་མཆོག་པས་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ།།

zhes btsun chung sku mchog pas bskul ngor bdud 'joms pas smras pa'o//

[edit]
༄༅། །ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །རྟེན་དལ་འབྱོར་ལྡན་པའི་མི་ལུས་ཐོབ། །དེང་ཡིད་བཞིན་ནོར་བུ་ལན་གཅིག་རྙེད། །འདི་མདོ་མེད་སྟོང་ཟད་མ་བྱེད་རེམ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེར་ཡུན་རིང་སྡོད་པའི་བློ་མ་རིང་། །མི་ཚེ་ནི་ནམ་མཁའི་གློག་འོད་འདྲ། །ལར་གློག་འོད་ཡུན་དུ་སྡོད་པ་མེད། །ནོར་བསགས་པ་སྒྱུ་མའི་ལྟད་མོ་འདྲ། །དེ་སྒྱུ་འཕྲུལ་རྟག་ཏུ་སྡོད་པ་མེད། །ཡུལ་རྒྱལ་ཁམས་དྲི་ཟའི་གྲོང་ཁྱེར་འདྲ། །དེ་གྲོང་ཁྱེར་རྟག་ཏུ་བརྟན་དབང་མེད། །གྲོགས་ཉེ་འབྲེལ་ཚོང་དུས་འདུ་བ་འདྲ། །དེ་འདུ་བ་རྟག་ཏུ་གནས་པ་མེད། །དཔལ་འདོད་ཡོན་དབྱར་ཁའི་མེ་ཏོག་འདྲ། །དེ་མཛེས་ཀྱང་རྟག་ཏུ་བརྟན་གནས་མེད། །དོན་དེ་ཕྱིར་བསམ་མནོ་ཞིབ་ཏུ་ཐོངས། །ཚེ་སྟོང་ཟད་མ་བྱེད་ཆོས་ལ་དྲིལ། །ཁྱོད་ངེས་པར་ཆོས་ཤིག་བསྒྲུབ་འདོད་ན། །གནས་བཟང་པོར་མ་རེ་འཆི་དུས་ཚུན། །དགོན་ཆོས་སྡེ་བཟང་པོའི་ཉེ་བར་སྡོད། །ཁྱིམ་བཟང་པོར་མ་རེ་ནམ་འཆི་སོམས། །ཆར་སྐྱོབ་པ་ཙམ་གྱིས་ཆོག་ཤེས་བརྟེན། །ཟས་མང་ལ་རེ་བའི་འཕྲེང་ཐག་ཆོད། །རྩ་འཚོ་བ་ཙམ་གྱིས་ཆོག་ཤེས་བརྟེན། །གོས་མཛེས་ལེགས་འདོད་པའི་སྤྲོས་པ་ཆོད། །རྒྱབ་ལྷག་སྐྱོབ་ཙམ་གྱིས་ཆོག་ཤེས་བརྟེན། །རྒྱུ་ནོར་རྫས་མང་པོའི་རེ་སྐོམ་ཆོད། །རྫ་ཁ་ཕོར་སྦུད་པ་ནོར་དུ་ཆོག །དགྲ་འདུལ་བའི་སྡང་སེམས་ཆོད་ལ་ཞོག །དགྲ་ཆོས་བརྒྱད་ཆོམ་རྐུན་འདུལ་བར་རེམ། །གཉེན་སྐྱོང་བའི་ཆགས་སེམས་ཆོད་ལ་ཞོག །གཉེན་ལྟ་སྒོམ་སྤྱོད་པ་ཟབ་མོ་སྐྱོང་། །གྲོགས་འགྲོགས་པའི་རྣམ་གཡེང་བསྐྱུར་ལ་ཐོངས། །གྲོགས་ཤེས་བཞིན་བག་ཡོད་ཟུང་དང་འགྲོགས། །དཀོར་སྡུད་པའི་སྲེད་པ་ཆོད་ལ་ཞོག །དཀོར་བླ་མའི་མན་ངག་ཉིད་ལ་འབད། །སེམས་སོ་ནམ་བྱེད་པའི་བློ་སྤོང་ལ། །ལས་འབུང་གསུམ་དམ་པའི་ཆོས་ལ་ཐོན། །ཉིན་ནམ་བྱུང་ཐུན་གསུམ་དབང་ལ་ཐོངས། །མཚན་ནམ་བྱུང་སྦ་བསྡུ་དག་སྦྱོར་རེམ། །སྐབས་ནམ་བྱུང་འཆི་བ་མི་རྟག་དང་། །ལམ་འཆི་བ་སྦྱང་བའི་མན་ངག་འབུང་། །སེམས་རྣམ་རྟོག་བྱ་ལམ་རྗེས་མེད་འདྲ། །དེ་རྟོག་དང་དཔྱོད་པ་མེད་པར་ཞོག །གཞིའི་དབྱིངས་སུ་འཁོར་འདས་ཐམས་ཅད་ཆུབ། །དེ་མངོན་གྱུར་ཆེན་པོར་བབ་ཀྱིས་ཞོག །གཞིའི་དྭངས་ཆ་ཀུན་ཁྱབ་ཤེས་པ་སྟེ། །དེ་ངོ་འཕྲོད་མངོན་གྱུར་ཞིག་ལ་རེམ། །འདིར་མ་དག་འཁོར་བ་ལུགས་འབྱུང་ཆོས། །དབྱིངས་འོད་གསལ་ཆེན་པོར་ལུགས་ལྡོག་པས། །ལམ་ཐོད་རྒལ་གསང་ལམ་ཉམས་སུ་ལོངས། །ཉམས་ཆོ་འཕྲུལ་བདེ་སྡུག་ན་ཚ་ཀུན། །ལར་བདེན་མེད་ཆུ་ཡི་གཉེར་མ་འདྲ། །དེར་ཤེས་ནས་རེ་དོགས་མེད་པར་ཞོག །འདིར་སྡུག་བསྔལ་ཉམས་ཙམ་མི་བཟོད་ན། །ཕྱིས་འཁོར་བའི་སྡུག་བསྔལ་ཇི་ལྟར་བཟོད། །ཅེས་སོམས་ལ་རོ་སྙོམས་ངང་དུ་ཞོག །ཆོས་སྒྲུབ་མཐའ་ཤི་བའི་མཐའ་ལ་གཏུག །ཁྱོད་མངོན་འཚང་རྒྱ་བར་གདོན་མི་ཟ། །གནད་འདི་རྣམས་ཚུལ་བཞིན་ཉམས་ལེན་ན། །ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཡིན། །མར་མེ་མཛད་ཀྱི་སྤྲུལ་པ་ཡིན། །བྱམས་པ་མགོན་པོའི་ངོ་བོ་ཡིན། །དཔལ་ཀུན་ཏུ་བཟང་པོའི་ལུང་བསྟན་ཡིན། །རྗེ་རྒྱལ་བ་གོང་མའི་ཞལ་ཆེམས་ཡིན། །དཔལ་ཨོ་རྒྱན་ཆེན་པོའི་ཞལ་གདམས་ཡིན། །ང་མི་རྒན་འཁྲུལ་པའི་གོམས་ཚིག་ཡིན། །ཚིག་སྡེབས་སྦྱོར་ལེགས་པ་མ་ལགས་ཀྱང་། །ཆོས་བྱིས་པ་མཛུབ་ཁྲིད་མན་ངག་ཡིན། །འདི་ཉམས་སུ་ལོངས་ཤིག་སྐུ་མཆོག་པ། །ཁྱོད་ཚེ་སྔོན་ཐ་ཞེས་གྲོང་སྟོད་དུ། །རྗེ་བླ་མའི་ཐུགས་རྗེས་མང་དུ་འཕྲད། །ཚེ་བསོད་ནམས་བསགས་པ་མཉམ་པའི་འབྲས། །དུས་དེང་སང་སྒོམ་སྒྲུབ་ཉམས་ལེན་ན། །ཚེ་འདི་རུ་གྲོལ་བའི་སྨོན་ལམ་ཡོད། །དེ་སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་བཙུན་ཆུང་སྐུ་མཆོག་པས་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ།། །།