གདོད་མའི་གནས་ལུགས་སོགས་གཅོད་པ་རྒྱ་ལིར་གདམས་པ།

From Dudjom Wiki
Revision as of 11:51, 10 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-108
Wylie title gdod ma'i gnas lugs sogs gcod pa rgya lir gdams pa TTDL-ZABTER-18-TSHA-108.pdf
Location bdud 'joms gling pa zab gter
Volume 18, Text 108, Pages 403-404 (Folios 202a1 to 202b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Gdod ma'i gnas lugs sogs gcod pa rgya lir gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 403-404. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་པ་འདིའང་གཅོད་པ་རྒྱ་ལིའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།

ces pa 'di'ang gcod pa rgya li'i ngor bdud 'joms rdo rjes smras pa yongs su dge bar gyur cig/

[edit]
༄༅། །གདོད་མའི་གནས་ལུགས་ཀུན་ཏུ་བཟང་པོ་ལ། །མི་ཕྱེད་དད་པའི་སྒོ་ནས་ཕྱག་འཚལ་ལོ། །ཁྱོད་ནི་ངན་འགྲོའི་འཇིགས་པ་ལ་བྲེད་ནས། །ཐར་པ་དོན་དུ་གཉེར་བ་ཞིག་ཡིན་ན། །ཁྱབ་བརྡལ་དོན་གྱི་ལྟ་སྒོམ་ཉམས་སུ་ལོངས། །ཇི་ལྟར་མཚན་མོ་རྨི་ལམ་གནས་སྐབས་སུ། །རང་བཞིན་སྟོང་ཉིད་ནམ་མཁའ་ཡངས་པའི་ཀློང་། །རྒྱ་མཚོའི་ནང་དུ་སྐར་གཟུགས་ཤར་བ་ལྟར། །སྣོད་བཅུད་འདོད་ཡོན་སྣང་བ་སྣ་ཚོགས་པ། །དངོས་པོ་ཐོགས་རེག་གཟུགས་སུ་སྣང་བ་རྣམས། །ཆུ་ཡི་གཟའ་སྐར་ཆུ་ལས་མི་གཞན་བཞིན། །སྣ་ཚོགས་སྣང་བ་རང་གཞི་ལས་མ་གཞན། །དེ་བཞིན་ཉིན་སྣང་བདག་དང་གཞན་སྣང་བ། །ཐམས་ཅད་དངོས་པོ་ཐོགས་རེག་ཅན་སྣང་ཡང་། །དངོས་མེད་ནམ་མཁའ་སྟོང་པའི་རང་བཞིན་ཡིན། །ནམ་མཁའ་ཉིད་དུ་བརྡལ་ཁྱབ་ཆོས་ཉིད་དབྱིངས། །ནམ་མཁའ་མངོན་དུ་གྱུར་བའི་གདིང་ཐོབ་ན། །ལྟ་སྒོམ་ཀུན་གྱི་རྒྱལ་པོ་བླ་ན་མེད། །ཤེས་པ་མིག་སྟེ་མིག་ནི་ཤེས་པ་ཡིན། །རྨི་ལམ་བར་དོའི་མཐོང་མཁན་དག་ལ་ལྟོས། །དེས་ན་འཁོར་འདས་ཐམས་ཅད་རང་སྣང་ཉིད། །ངོ་ཤེས་ངང་དུ་གདིང་ཐོབ་ཞིག་མཛོད་ལ། །ལུས་ངག་གི་བྱ་བ་དགུ་ཕྲུགས་སུ་ཆམ་ཞོག །རྒྱལ་ཁམས་སུ་རྐང་པའི་འཁོར་ལོ་ནི་མ་བསྐོར། །རྩེ་གཅིག་ཏུ་སྙིང་པོའི་བསྒྲུབ་པ་ལ་འབུང་དང་། །མངོན་སངས་རྒྱས་པ་ཡི་འབྲས་བུ་ཞིག་ཐོབ་འོང་། །ཞལ་གདམས་ཀྱི་མཆོག་ནི་དེ་ལས་ཅང་མི་འདུག །ཅེས་པ་འདིའང་གཅོད་པ་རྒྱ་ལིའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།