དཔལ་གྱི་དབང་ཕྱུག་སོགས་ཐུབ་པ་ལ་གདམས་པ།

From Dudjom Wiki
Revision as of 13:27, 10 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-129
Wylie title dpal gyi dbang phyug sogs thub pa la gdams pa TTDL-ZABTER-18-TSHA-129.pdf
Location bdud 'joms gling pa zab gter
Volume 18, Text 129, Pages 471-472 (Folios 236a1 to 236b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dpal gyi dbang phyug sogs thub pa la gdams pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 471-472. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

ཅེས་ཐུབ་པའི་ངོར་བདུད་འཇོམས་པས་སོ།།

ces thub pa'i ngor bdud 'joms pas so//

[edit]
༄༅། །དཔལ་གྱི་དབང་ཕྱུག་པདྨ་རྒྱལ་པོས་སྐྱོངས། །དལ་འབྱོར་རྙེད་པར་དཀའ་བའི་ཚུལ་དྲན་ནས། །རྟེན་འདི་དོན་དང་ལྡན་པ་ཞིག་ལ་རེམ། །སྔོན་དུས་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱིས། །དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་དོན་གཉེར་བའི། །བྱ་བྱེད་གསོག་འཇོག་བྱས་པ་ཐམས་ཅད་ཀུན། །བྱིས་པའི་རྩེད་མོ་ལྟ་བུར་མདོ་མེད་ཅིང་། །རང་བྱས་རྣམ་སྨིན་ཕྲག་ལ་བཀལ་ནས་སུ། །འཇིག་རྟེན་ཕ་རོལ་ཉིད་དུ་སོང་བའི་ཚེ། །དྲིན་དང་ཕན་བཏགས་རྒྱུ་མཚན་སུ་ཡིས་དྲན། །དེ་ཚུལ་སོམས་ལ་རང་མགོ་ཐོན་ཐབས་རེམ། །ཚེ་འདིའི་བྱ་བཞག་བསྒྲུབ་བསྒྲུབ་དེས་ཆོག་གི། །ད་ནི་ཚེ་རབས་གཏན་གྱི་སོ་ནམ་རེམ། །དགྲ་ལ་སྡང་སེམས་བྱས་བྱས་དེས་ཆོག་གི། །ད་ནི་རྣམ་གཡེང་ལེ་ལོའི་དགྲ་འདུལ་རེམ། །གཉེན་ལ་བརྩེ་གདུང་བྱས་བྱས་དེས་ཆོག་གི། །ད་ནི་མི་བསླུ་ངེས་པའི་གཉེན་གཅིག་བསྟེན། །ཟས་ནོར་གསོག་འཇོག་བྱས་བྱས་དེས་ཆོག་གི། །ད་ནི་དམ་པའི་ལྷ་ཆོས་ཞིག་ལ་རེམ། །མཐོན་པོའི་ངོ་བསྲུང་བྱས་བྱས་དེས་ཆོག་གི།ད་ནི་དམ་ཚིག་སྡོམ་པ་ཞིག་ལ་རེམ། །སྐྱིད་འདོད་བསམ་སྤྱོད་བསྒྲུབ་བསྒྲུབ་དེས་ཆོག་གི། །ད་ནི་སྒོམ་སྒྲུབ་ཟབ་མོ་ཞིག་ལ་རེམ། །འགྱུ་བ་མདོ་མེད་འཚོ་སྐྱོང་དེས་ཆོག་གི། །ད་ནི་ཤེས་པ་མངོན་གྱུར་ཞིག་ལ་རེམ། །འཛིན་པས་གནས་ཆ་གཅུད་པ་དེས་ཆོག་གི། །ད་ནི་གནས་ལུགས་མངོན་གྱུར་ཞིག་ལ་རེམ། །ལུས་ངག་འབད་རྩོལ་བྱ་བ་དེས་ཆོག་གི། །ད་ནི་བྱ་བ་དགུ་ཕྲུགས་བཏང་བཞག་རེམ། །རང་ལམ་རིང་སྐོར་བྱས་པ་དེས་ཆོག་གི། །ད་ནི་རང་གཞི་མངོན་གྱུར་ཞིག་ལ་རེམ། །རྒྱལ་ཁམས་ལྟད་མོ་མཐོང་བ་དེས་ཆོག་གིས། །ད་ནི་ཆོས་ཉིད་མངོན་གྱུར་ཞིག་ལ་རེམ། །མཐོང་མཐོང་རིག་རིག་སྣང་བ་དེས་ཆོག་གི། །ཉམས་སྣང་གོང་འཕེལ་མངོན་གྱུར་ཞིག་ལ་རེམ། །གོ་གོ་ཤེས་ཤེས་སྣང་བ་དེས་ཆོག་གི། །ད་ནི་རིག་པ་ཚད་ཕེབས་ཞིག་ལ་རེམ། །མྱོང་མྱོང་རྟོགས་རྟོགས་སྣང་བ་དེས་ཆོག་གི། །ད་ནི་ཆོས་ཟད་བློ་འདས་ཞིག་ཏུ་རེམ། །ང་ཆེ་ང་བཟང་ང་རྒྱལ་དེས་ཆོག་གི། །ཚེ་འདིར་མངོན་སངས་རྒྱས་པ་ཞིག་ལ་རེམ། །དེ་ལྟར་མི་རྒན་འཆོལ་བའི་ལབ་མོ་འདི། །ཞལ་གདམས་ཞིག་ཏུ་གོ་ན་ཕན་ཐོགས་འབྱུང་། །དེ་མིན་བཏང་སྙོམས་བཞག་ན་ཅི་བྱར་ཡོད། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །འདི་དོན་ཉམས་སུ་ལོངས་དང་དེ་ཡིས་ཆོག། །རྣམ་པར་གྲོལ་བའི་འབྲས་བུ་མངོན་གྱུར་ཤོག །ཅེས་ཐུབ་པའི་ངོར་བདུད་འཇོམས་པས་སོ།། །།