DUDJOM-THROMA-003
DUDJOM-THROMA-003
༁ྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འདིར་གཏེར་ཚེག་རྒྱག་ཐབས་མེད། གསང་ཆེན་ཉམས་བྱུང་གི་ཞལ་གདམས་གསལ་བའི་ཨ་དརྴ་བཞུགས་སོ༔ ༁ྃ༔ ཨཻ༔ སྟེང་ནམ་མཁའ་ལྡིང་གི་བསིལ་ཁྱིམ་དུ༔ ཁྱི་དོམ་བུས་ལྕེ་མགོ་རྐྱོང་བའི་ནུབ༔ གཉིད་འོད་གསལ་འདྲེས་པའི་སྣང་ཆ་ལ༔ ཡུལ་ངོས་བཟུང་བྲལ་བའི་སྐྱེད་ཐང་དུ༔ ཁྱིམ་ཆེན་པོ་རེ་བའི་གནས་ཁང་དུ༔ དཔལ་འབྱོར་པ་ཕུན་སུམ་ཚོགས་པ་ཡི༔ ན་རྒྱན་གཞོན་མ་དང་བུ་མོའི་ཚུལ༔ ཡུལ་དེ་རུ་ས་འཛིན་ཨེ་ཀ་མ༔ ཕྱུགས་སྒོ་ནོར་དཔག་མེད་སྒྲོག་ཏུ་བཅིངས༔ དྲོད་འཇམ་བསིལ་མཉམ་པའི་ཉི་གཞོན་ཤར༔ ཉམས་བདེ་སྐྱིད་དྲི་བསུང་ཆུ་སྐྱེས་བཞད༔ ཡིད་རབ་འཕྲོག་བུང་བས་གླུ་སྙན་ལེན༔ མི་བདག་གི་སྣང་བ་གཏད་མེད་ངང་༔ དེར་ཡུན་ཅིག་ཉམས་ཀྱིས་མྱོས་པའི་མཐར༔ ཡིད་དགའ་གདུང་ཆེན་པོས་གླུ་འདི་བླངས༔ ཡཻ༔ ཡུལ་མཐའ་དབུས་བྲལ་བ་ཆོས་དབྱིངས་ཐང་༔ ཐང་འདི་རུ་ཉམས་བྱུང་གེ་སར་བཞད༔ ཀློང་ཕྱོགས་མཐའ་ཡས་པ་ཀ་དག་མཁན༔ དབྱིངས་འདི་རུ་འོད་གསལ་ཉི་གཞོན་ཤར༔ རྩལ་རང་གྲོལ་བུང་བས་གླུ་དབྱངས་ལེན༔ ཉམས་རྟོགས་པའི་རང་གཟུགས་མ་བུའི་ཚུལ༔ གདངས་འགགས་མེད་རྒྱན་དང་ལོངས་སྤྱོད་ཆེ༔ ང་རྣལ་འབྱོར་སྣང་སྟོང་ཡུལ་མེད་ཡུལ༔ ངའི་དགོངས་སྤྱོད་རང་ལས་སུ་ཡིས་མཐོང་༔ ང་ཆོས་ཉིད་རང་མལ་འཁོད་པས་བདེ༔ གཞན་ལས་ཅན་འགའ་ལས་སུ་ལ་སྟོན༔ ཁྱོད་ཡུལ་འཛིན་ཤེས་རབ་གཞོན་ནུ་མ༔ མ་མཁའ་འགྲོ་ཡིན་ན་མངོན་ཤེས་ཀྱིས༔ གླུ་སྙན་པའི་ངག་གིས་ལོངས་དང་སྨྲས༔ རྒྱན་མཛེས་པའི་ལང་ཚོས་རབ་འཁྱུད་པའི༔ གྲོགས་གཞོན་ནུ་མ་དེའི་ཞལ་ན་རེ༔ ཀྱཻ་སྐྱེས་མཆོག་ནུ་མ་དེའི་ཞལ་ན་རེ༔ ངེད་མ་བུའི་ཡིན་ལུགས་མ་ཤེས་ན༔ ངའི་མ་ནི་ཀུན་ཏུ་བཟང་མོ་ཡིན༔ ང་ནི་བདེ་ཆེན་རྒྱལ་མོ་ཡིན༔ ངེད་མ་བུའི་གནས་ཁང་ལོངས་སྤྱོད་ནི༔ གཏན་དུ་མི་ཟད་གཏེར་ཆེན་ཡིན༔ ཕྱུགས་འདི་དག་ལམ་དུ་བཅིངས་པ་ཡིན༔ མི་ཁྱོད་ལ་མཁོ་ན་གཏད་ཀྱིས་ལོངས༔ ཞེས་ཟེར་ལན་དུ་ངས་སྨྲས་པ༔ ཀྱཻ་ཉོན་དང་ཨ་ལྕམ་བཞིན་ལེགས་མ༔ ང་གནས་འདིར་སྡོད་པའི་ལོངས་མེད་ཀྱི༔ ལས་གསུམ་སྒྲུབ་མཐའ་མ་ཟད་ཡོད༔ དེ་ཟད་མཐར་གནས་འདིར་འོངས་ཏེ་སྡོད༔ མ་མཁའ་འགྲོས་ལུང་ཡང་སྟོན་ལ་རེ༔ ཞེས་སྨྲས་པའི་ལན་དུ་འདི་སྐད་ཟེར༔ ངའི་སྤྲུལ་པ་མཚན་ཉིད་དང་ལྡན་པའི༔ ཚེ་འཛིན་པ་ཆུ་སྐྱེས་མདངས་ལྡན་སྦྱིན༔ ཁྱོད་རྟེན་འབྲེལ་ལོག་པའི་ལས་དབང་གིས༔ ཁྱིའི་མཇུག་མར་ང་དང་བསྡེབ་དགོས་ཡོད༔ དེའི་རྟེན་འབྲེལ་ད་ལྟ་ཡོལ་ནས་ཐལ༔ ངའི་སྤྲུལ་པ་ང་དང་མི་གཞན་པའི༔ ཡུལ་བདེ་འདེབས་གྲོགས་སུ་མི་བསྟེན་ན༔ རྟ་ཅང་ཤེས་ཆུ་ལ་རོལ་པའི་ཚེ༔ གནས་འདི་རུ་ཐོགས་མེད་གཏན་སྲིད་འཛིན༔ ཁྱོད་ཕ་ཡི་གཅེས་ནོར་མ་སྟོར་བར༔ མ་འགྲོ་ལ་དགེ་ལེགས་འཇིགས་སྐྱོབས་སྤེལ༔ བྱང་ཤར་མཚམས་ནས་འབྲུག་སྒྲ་གྲགས༔ ལྕགས་ཕུར་ཐོགས་མེད་རི་བོ་འབྱུང་༔ ལྕགས་ཕུར་འབར་བའི་ཆར་པ་འབེབས༔ ཤར་ཕྱོགས་ཐམས་ཅད་འོད་ཀྱིས་འགེངས༔ བྱང་ནས་བྱ་རྒྱལ་ཚངས་པ་འབྱུང༔ གངས་རི་ཆེན་པོའི་མདངས་ཡང་ཕྱུང་༔ ནུབ་བྱང་མཚམས་ནས་ཉི་མ་འཆར༔ རྫ་རི་སྨུག་པོའི་ཁ་དོག་སྤར༔ ལྷོ་ནས་གླག་མོས་གཤོག་རྩལ་འདྲེན༔ གླག་སྐད་ཀྱིས་ས་གསུམ་འགེང་ཡང་སྲིད༔ ནུབ་ནས་ངང་ཁྱུ་མཚོ་རུ་འོང་༔ སྤང་མེ་ཏོག་གི་ཁྲོད་དུ་གཤོག་རྩེད་བྱེད༔ རྗེ་པཎ་གྲུབ་ཤ་སྟག་མ་ལགས་སམ༔ སྔོན་པཎ་གྲུབ་རྗེ་འབངས་ཞལ་འཛོམ་དུས༔ སྨོན་ལམ་གྱི་འབྲས་བུ་དེ་མཐུས་བྱུང་༔ གཏེར་ཆོས་ཀྱི་བསྟན་པས་ཕྱོགས་ཀུན་ཁྱབ༔ གདུལ་བྱ་ཤར་གྱི་ཕྱོགས་ན་ཡོད༔ བསྟན་པ་ལྷོ་ཡི་ཕྱོགས་སུ་གནས༔ འདྲེན་སྟོབས་ནུབ་ཀྱི་ཕྱོགས་སུ་ཆེ༔ བུ་སློབ་བྱང་དུ་དགེ་ལེགས་འབྱུང་༔ སྔོན་དཔལ་གྱི་སེང་གེའི་སྨོན་ལམ་མཐུས༔ རྒྱ་མཚོའི་མིང་ཅན་ཞབས་ཏོག་སྒྲུབ༔ རྩེ་མང་སྨོན་ལམ་མཐུ་བཙན་པས༔ མངྒའི་མིང་འཛིན་ཆོས་ཀྱི་མིག༔ ཅོག་རོའི་སྨོན་ལམ་མཐུ་བཙན་པས༔ མེ་ཏོག་མིང་གིས་བསྟན་མདངས་ཕྱུང་༔ ཛྙཱ་ན་ཀུ་མཱའི་སྨོན་ལམ་མཐུས༔ བཛྲ་བྷ་དྲས་དོན་གཉིས་འགྲུབ༔ སོག་པོ་ལྷ་དཔལ་སྨོན་ལམ་མཐུས༔ རྒྱན་གྱི་མིང་མཐས་གདུལ་བྱ་སྐྱོང་༔ བི་མ་མི་དྲའི་སྨོན་ལམ་མཐུས༔ འདི་ནས་མི་ལོ་བཞི་ཚུན་ལ༔ རྣལ་འབྱོར་ཆས་ལྡན་འབྱུང་འགྱུར་ངེས༔ དཔལ་དབྱངས་སྤྲུལ་པ་ཤར་ནས་འབྱུང་༔ ནམ་མཁའི་སྙིང་དང་བདུད་འཇོམས་དང་༔ ལང་གྲོ་བཻ་རོ་དཔལ་རྡོ་རྗེ༔ དེ་དག་ཁྱོད་ལ་འཁོར་དུ་གདའ༔ སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི༔ དངོས་སྤྲུལ་དྷརྨ་བཛྲ་སྟེ༔ སེམས་དཔའ་ས་ཡི་སྙིང་པོ་ཡི༔ སྤྲུལ་པ་རྒྱལ་མཚན་མིང་མཐའ་ཅན༔ སེམས་དཔའ་ནམ་མཁའི་སྙིང་པོ་ཡི༔ སྤྲུལ་པ་རང་གྲོལ་མིང་གི་མཐའ༔ རིག་འཛིན་གུ་རུ་མངྒ་ཡི༔ སྤྲུལ་པ་པུཎྱེའི་མིང་ཅན་ཉིད༔ གཞན་ཡང་ཁྱོད་ཀྱི་འཁོར་སློབ་ལ༔ པདྨའི་སྤྱན་སྔར་མ་འཁོད་པའི༔ ཕལ་གྱི་སེམས་ཅན་ཡོད་མ་ཡིན༔ གླང་བུ་ས་བོའི་མི་རིགས་འབྱུང་༔ གདོང་ལ་རྨེ་ནག་ཤར་བ་དེ༔ ཨ་བྷ་དམ་སྲིས་ཁྲག་ཏུ་རོལ༔ སྲུང་མ་དམར་ནག་དྲག་ཏུ་ཁྲོ༔ ལྟས་ངན་ན་ཚ་ལྟད་མོར་འགྱེད༔ རིང་ན་སྲོག་ལ་ཧུར་ཐུམ་འབྱུང་༔ གདུང་བརྒྱུད་རྒྱལ་པོ་མུ་རུམ་བཙན༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་༔ མ་འོངས་རྒྱལ་བ་མཆོག་དབྱངས་དང་༔ རྒྱལ་བའི་བློ་གྲོས་རྣམ་གཉིས་འབྱུང་༔ ཁ་བ་ཅན་ལ་མངའ་དབང་བསྒྱུར༔ བསྟན་པ་མི་ནུབ་སྲོག་ཤིང་འཛུགས༔ ལོ་ནི་བཅུ་ལས་མ་འགྱང་བར༔ ཆོས་འདི་གཏན་ལ་མྱུར་དུ་ཕོབ༔ མཐུན་རྐྱེན་ཚོགས་པའི་དུས་ཚིགས་ཀྱིས༔ པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ ཆོས་ཀྱི་བདག་པོའི་རང་སྐལ་དུ༔ རྒྱ་མཚོའི་མིང་གིས་གྲོ་ལོད་དང་༔ གནོད་སྦྱིན་དམར་ནག་གཟའ་བདུད་བསྟེན༔ མངྒའི་མིང་ཅན་ཕུར་པ་དང་༔ ཁྲོས་མ་གནོད་སྦྱིན་དམར་ནག་བསྒྲུབ༔ པདྨའི་མིང་གིས་ཡང་ཁྲོས་དང་༔ གྲོ་ལོད་གཟའ་བདུད་ཆེན་པོ་བསྟེན༔ སྒྲུབ་གནས་བྲག་དཀར་སྤྲེའུ་རྫོང་༔ བཛྲ་བྷ་དྲས་ཁྲོས་མ་དང་༔ བླ་མ་རིག་འཛིན་ཕྱག་རྡོར་བསྒྲུབ༔ གནོད་སྦྱིན་གཟའ་བདུད་མ་མོ་བསྟེན༔ སྒྲུབ་གནས་ངེས་མེད་ཀུན་ཏུ་བདེ༔ རྒྱན་གྱི་མིང་ཅན་ཁྲོས་མ་དང་༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་བསྒྲུབ༔ གཟའ་དང་རྡོ་རྗེ་ལེགས་པ་བཀོལ༔ སྒྲུབ་གནས་རྨ་རྒྱལ་སྤོམ་རར་ལེགས༔ མི་ལོ་བཅུ་ཡིས་གྲུབ་པ་ཐོབ༔ ཆོས་ཀྱི་རྡོ་རྗེས་ཁྲོས་མ་དང་༔ དྲག་པོ་བདུད་འཇོམས་རྡོ་རྗེ་བསྒྲུབ༔ གནོད་སྦྱིན་གཟའ་བཙན་བྲན་དུ་བཀོལ༔ སྒྲུབ་གནས་རྫ་རི་སྨུག་པོ་སྟེ༔ མི་ལོ་བདུན་ནས་གྲུབ་རྟགས་འབྱུང་༔ པུཎྱེའི་མིང་ཅན་ཁྲོས་མ་དང་༔ འཇམ་དཔལ་གསང་བ་འདུས་པ་བསྒྲུབ༔ ཞིང་སྐྱོང་ཀུན་དགའ་གཟའ་བདུད་བསྟེན༔ ཨེ་ཡི་མིང་གིས་ཁྲོས་མ་དང་༔ ཕུར་པ་གཟའ་བཙན་ཤན་དམར་བསྒྲུབ༔ སྒྲུབ་གནས་ཤར་གྱི་ཕྱོགས་སུ་གདའ༔ འདུལ་གྱི་མིང་འཛིན་ཁྲོས་མ་དང་༔ རྡོ་རྗེ་ཕུར་བསྒྲུབ་གནོད་སྦྱིན་བསྟེན༔ གཟའ་བདུད་ནག་པོ་བྲན་དུ་བཀོལ༔ ༠༠༠༠༠༠༠༠༠༠༠བརྡ་ཡིག ༡༦ དེ་ལྟར་ཆོས་བདག་སྐྱེས་མཆོག་རྣམས༔ པདྨ་འབྱུང་གནས་ཕོ་ཉ་ཡིན༔ སྨོན་ལམ་དག་པའི་སྟོབས་བསྐྱེད་ནས༔ སྙིང་པོ་ལྷུར་ལེན་གནད་དུ་བསྣུན༔ ཆོས་ཀྱི་བསྟན་པ་མི་ནུབ་ཕྱིར༔ བསྟན་དང་འགྲོ་བའི་དོན་ལ་བརྩོན༔ ཟབ་ཆོས་བསྒྲུབ་པས་འགྲོ་དོན་འབྱུང་༔ མ་དང་མཁའ་འགྲོའི་ཞལ་ཆེམས་ཡིན༔ དེ་ལྟར་ཆོས་བདག་སྐྱེས་བུ་ཡིས༔ སྒྲུབ་པ་ལྷུར་ལེན་མི་བྱེད་ན༔ ཚེ་ལ་བར་ཆད་འབྱུང་རྐྱེན་འགྱུར༔ ཧེ་ཧེ༔ ཤར་མ་བདུད་རྒྱལ་མོ་དམ་སྲིས་ཞོན༔ གནས་འདོད་ཁམས་མི་བདེའི་ལ་ཡོག་འབྱུང་༔ ལྷ་བདུད་འཇོམས་དྲག་པོས་མ་ཐུལ་ན༔ མཚོ་སྔོན་པོའི་རླངས་པ་གནམ་ལ་ཕྱུར༔ སོག་སེར་གྱི་སེར་བ་དྲག་ཏུ་བབས༔ ཡུལ་ནག་པོའི་འབྲུ་ལ་རྒོལ་ངན་བྱེད༔ ཡུལ་སྡེ་བཞིའི་སྲོག་ཤིང་ཡང་ཁྲོས་ཡིན༔ དབུས་མཁའ་ལྡིང་གི་གཤོག་པ་རང་ལ་བསྡུ༔ ཤར་རོང་ཆེན་གྱི་སྲོག་ཤིང་ཁྲོས་མ་ཡིན༔ བདུད་མུ་སྟེགས་ནག་པོའི་མགོ་བོ་འགེམ༔ རྦ་ནག་པོའི་སྲོག་ཤིང་གཤིན་རྗེ་ཡིན༔ བདུད་མི་སྲུན་ནག་པོའི་སྲོག་ལ་ཧུར༔ སོག་ཆེན་པོའི་སྲོག་ཤིང་གྲོ་ལོད་ཡིན༔ དགྲ་འབྱུང་པོ་སྤུན་དགུའི་སྲོག་རྩ་གཅོད༔ རྡོ་ཆེན་པོའི་སྲོག་ཤིང་ཕྱག་རྡོར་ཡིན༔ དགྲ་དམ་སྲི་འགོང་པོའི་སྲོག་སྙིང་འདྲེན༔ གསེར་ཡུལ་གྱི་སྲོག་ཤིང་ཕུར་པ་ཡིན༔ བདུད་འགོང་པོ་སྡེ་དགུའི་སྲོག་རྩ་གཅོད༔ སྒ་ཡུལ་གྱི་སྲོག་ཤིང་དབང་ཕྱུག་ཡིན༔ དགྲ་ཟ་བྱེད་ནག་པོའི་མགོ་ཡང་ཆོམ༔ ཡུལ་རྒྱ་རོང་གི་སྲོག་ཤིང་བཀའ་བརྒྱད་ཡིན༔ དགྲ་དུག་མཚོའི་རླངས་པ་ཐབས་ཀྱིས་གཅོད༔ ཧོར་ཆེན་པོའི་སྲོག་ཤིང་འཇིགས་བྱེད་ཡིན༔ དགྲ་བདུད་སྡེ་མ་ལུས་གྲུབ་ཆིངས་བྱེད༔ བོད་དབུས་གཙང་གི་སྲོག་ཤིང་རྣམ་རྒྱལ་ཡིན༔ བདུད་འཐབ་བྱེད་ནག་པོའི་མགོ་བོ་འགེམ༔ ཡུལ་སྤུ་རུང་གི་སྲོག་ཤིང་སེང་གདོང་ཡིན༔ རྒྱ་ནག་པོའི་སྲོག་ཤིང་གསང་འདུས་ཡིན༔ རང་སྲོག་ཤིང་རང་ཡུལ་དར་བ་ན༔ ཡུལ་དེ་རུ་བདེ་སྐྱིད་ཉི་མ་འཆར༔ སྲོག་ཤིང་གཞན་དུ་དར་བ་ན༔ སྲོག་གཞན་གྱིས་འཕྲོག་པས་གཞན་ཡུལ་བདེ༔ ཡུལ་ཀུན་གྱི་སྲོག་བཅུད་ཐུགས་སྒྲུབ་གསུམ༔ འདི་སྐྱེ་འགྲོའི་བདེ་སྐྱིད་ཉི་ཞལ་ཡིན༔ དགོངས་གཏེར་གསུམ་དང་ས་ཡི་གཏེར༔ འདི་ཚང་བར་སུ་ཡིས་འཛིན་པ་ཡི༔ གནས་དེ་རུ་བཀྲ་ཤིས་དགེ་ལེགས་འཕེལ༔ དེར་དགྲ་དང་བགེགས་ཀྱི་གནོད་མི་འབྱུང་༔ ཁྱོད་དེ་ལྟར་གང་ལ་གང་འདུལ་གྱི༔ ཆོས་ཟབ་མོས་སྐྱེ་འགྲོ་བདེ་ལ་སྦྱོར༔ སྐྱེས་མཆོག་ཁྱོད་ཀྱི་བུ་སློབ་ཀུན༔ ཚེ་འདི་ནས་ཡང་དག་ལམ་སྣ་ཟིན༔ སྤྱིར་འགྲོ་བ་ཡོངས་ཀྱི་མགོན་དུ་འགྱུར༔ སྒོས་བསྟན་པ་འདི་ཡི་སྲོག་ཤིང་འཛུགས༔ རྐྱེན་བར་ཆད་ཀུན་ལས་ངེས་གྲོལ་ལོ༔ ཆོས་ཟབ་མོ་མཁའ་འགྲོའི་སྙིང་ཐིག་འདི༔ དུས་ལྔ་བརྒྱའི་སྙིགས་མ་འདིར་དགོངས་ནས༔ ཕ་མཚོ་སྐྱེས་རྡོ་རྗེའི་གཅེས་ནོར་ཡིན༔ དེ་ཆུད་མི་ཟ་བར་གཏན་ལ་ཕོབ༔ འདིའི་གདུལ་བྱ་དུས་ལ་བབས་པའི་ཚུལ༔ སྔོན་མཐའ་འདུལ་ཡང་འདུལ་རྟེན་འོག་ཏུ༔ བདུད་མི་སྲུན་དམ་སྲི་ཐམས་ཅད་མནན༔ ཕྱིས་བདུད་བློན་མི་སྲུན་སྨོན་ལོག་པས༔ བདུད་དམ་སྲིའི་གཟུགས་མནན་ཕྱུང་བ་ཡིན༔ དེ་ས་སྟེང་ཐོན་པས་གནོད་འཚེ་སྤེལ༔ ལམ་སྟོབས་དང་ལྡན་པའི་རྫུ་ལ་ཞུགས༔ མཚོན་ཆེན་པོའི་འཁྲུལ་འཁོར་ལས་ཀ་འགྱེད༔ མ་ནག་མོའི་ཐུགས་རྒྱུད་འཁྲུགས་པ་ཡིན༔ ནད་མི་བཟོད་སྣ་ཚོགས་སྟོན་མོར་འགྱེད༔ སྤྱིར་སྐྱེ་འགྲོའི་ཤེས་རྒྱུད་བརླབས་པ་ཡིས༔ རྫུན་གཡོ་སྒྱུས་ཉེ་རིང་མེད་པར་བསླུ༔ དུས་རིམ་བཞིན་འགྱུར་དང་ལྡོག་པ་ནི༔ དབུས་དགའ་ལྡན་གསེར་གྱི་ཉི་མའི་མདངས༔ ལྕགས་རྣོ་མཉན་ཁྲག་རོལ་རླངས་པས་བསྒྲིབས༔ དེ་གནམ་ལྕགས་ཐོགས་མེད་ཕུར་པས་འགེངས༔ མ་སྤྱན་གཅིག་ཐུགས་སུ་ཆུབ་པ་འབྱུང་༔ ཁམས་པདྨ་རཱ་གའི་ཁ་དོག་དེ༔ གསེར་མདངས་ལྡན་ཉི་མའི་མདངས་སུ་བསྒྱུར༔ མཐའི་ཧ་ལ་རེག་ཕུང་ནག་པོ་ཡིས༔ དབུས་བདུད་རྩི་སྨན་མཆོག་སྟོབས་ཀྱིས་བསྒྱུར༔ ཁམས་ཚོ་རུ་ཆུད་པའི་རྒྱལ་ཁམས་ཀུན༔ བདུད་དམོད་ངན་ལྟ་ལོག་སྡེ་ལྔའི་དམངས༔ དབུས་གཙང་རི་ཐང་ལྷ་ཡར་བཞུད་ཀྱིས༔ ལྷ་པད་འབྱུང་བསྟན་ལ་མེལ་རྩེའི་དུས༔ བོད་དབུས་གཙང་ཀུན་ལ་ཉི་གཞོན་འཆར༔ སྔོན་བྱིན་རླབས་སྒྲུབ་གནས་བཅུད་ཀྱིས་བརྒྱན༔ སྔགས་རྡོ་རྗེ་ཐེག་པའི་ནམ་ཡང་ལངས༔ རྗེ་འགྲོ་འདུལ་རྒྱལ་པོའི་མྱུ་གུ་འཁྲུངས༔ ཁམས་བདེ་ཆེན་མར་ལ་འོ་མཚོའི་འདམ༔ གཡུ་ཆེན་པོའི་རྫོང་ལ་དགོན་གནས་འདེབས༔ གསེར་རྟ་ཐང་དབྱར་གྱི་གནས་གཞི་འཛུག༔ ཤར་ཨ་ཡི་རྒྱལ་ས་གདོང་སྨེ་ཅན༔ སྦྲ་ནག་པོའི་རལ་པ་གཅོད་ལ་ཆས༔ ཡུལ་གཉིས་ལ་ཁྲག་གི་ཆར་པ་འབེབས༔ སྦྲ་སོག་ཏུ་བསྟན་ནས་ཀླ་ལ་སྐྱབས༔ སྦྲ་འོག་དང་ཀླ་སྡེས་ཨ་ཡུལ་འཇོམས༔ དེ་རེ་བ་ནག་པོའི་ཐུམས་སུ་བསྡུ༔ མདོ་བང་ཆེན་འབངས་སུ་བསྒྱུར་བའི་ཚེ༔ ལྷ་ཕྱག་ན་རྡོ་རྗེ་རྔམས་ཁྲོས་ནས༔ གནས་ཆབ་མདོར་བདུད་འདུལ་དཔའ་བོ་འཁྲུངས༔ ཀླ་བདུད་བསྟན་མུན་པ་ཅུང་ཟད་བཅོམ༔ སྨད་དུག་མཚོ་སྔོན་མོ་ཕྱུར་བའི་ཚེ༔ ཡུལ་མགོ་ལོག་ལན་ཚྭ་དེ་རུ་ཞུ༔ ཡུལ་མདོ་ཁམས་སྒང་དྲུག་ཏོག་གིས་མཛེས༔ ནད་རྒྱ་རིམས་ན་བུན་འཐིབ་པའི་ཚེ༔ བདུད་ཤ་ཏོའི་བསྟན་པས་བོད་ཁམས་འགེངས༔ དུས་དེང་སང་བསྐལ་པའི་སྙིགས་མ་འདིར༔ ཆོས་ལམ་དུ་འཇུག་པའི་བསྟན་འཛིན་སྡེ༔ བསྟན་གཞི་རུ་གདའ་བའི་དགོན་གནས་ཀུན༔ དཔལ་ཨོ་རྒྱན་ཆེན་པོ་ལ་སྐྱབས་ནས༔ དུས་ཚེས་བཅུ་ཉེར་ལྔ་ཐམས་ཅད་དུ༔ ཚོགས་བསྐང་བ་གསོལ་འདེབས་དག་ལ་འབད༔ ལྷ་རྡོ་རྗེ་གཞོན་ནུ་ལ་བསྟེན་ནས༔ བདུད་དམ་སྲི་མནན་པར་མ་འབད་ན༔ མཐའི་བདུད་ནག་པཉྩའི་སྤྲུལ་པ་ནི༔ མགོ་བྱ་སྤུས་བརྒྱན་པའི་དམ་སྲི་དེས༔ ཡུལ་བུད་མེད་དག་གི་རྒྱུད་བསླད་ནས༔ བན་བཙུན་པ་ལྷ་སྡེའི་ཆོས་ཁྲིམས་འཇིག༔ མཐའ་ཨོ་རོས་རྫས་དང་དབང་སྡུད་ཀྱི༔ སྔགས་སྤེལ་བས་ཡུལ་མི་ཕལ་ཆེར་བསླུ༔ བདུད་མེ་རི་ནག་པོས་མདའ་འཕངས་ནས༔ དབུས་སྡེ་གསུམ་ཁྲག་གི་མཚོ་ལ་རོལ༔ ཤར་རྒྱལ་མོ་རོང་ནས་སྡོ་བུ་ཡར༔ དབུས་ལྷ་མིའི་གཙུག་གི་རྒྱན་དུ་འཁུར༔ སྔར་མེད་པའི་བུམ་པ་རྟེན་དུ་བཏེགས༔ ཁྲིམས་གསར་པའི་ཞགས་པ་སྣ་བཞིར་བརྐྱངས༔ མཐར་མགུལ་རྒྱན་ལྕགས་ཀྱིས་བྱེད་དུས་མཆིས༔ མགོ་བྱ་སྤུས་བརྒྱན་པའི་དམག་དཔུང་གིས༔ སྔར་བྱས་པའི་ལས་འབྲས་ཡར་ལ་སློང་༔ མི་མགོ་ཡི་མེ་ཏོག་གྲངས་སུ་གཏོང་༔ མཐར་གསེར་གྱི་ཉི་མའི་མདངས་ཡར་ཕྱུང་༔ མི་ཉམས་ཆུང་འགའ་ཡང་ཏོག་གིས་མཛེས༔ ལོ་འགའ་ལ་བདེ་སྐྱིད་ཅུང་ཟད་ཙམ༔ ལྷོ་སྤུ་བོ་རོང་གི་རྒྱལ་ཁམས་སུ༔ ལྷ་རྡོ་རྗེ་ཕུར་པའི་བསྟན་འཛུགས་ན༔ ཡུལ་དེ་རུ་དགེ་ལེགས་ཡ་མཚན་འབྱུང་༔ ནད་ཀླུ་རིགས་ནག་པོ་འཇོམས་པའི་ཕྱིར༔ དཔལ་རྟ་མགྲིན་ནག་པོའི་སྒྲུབ་པ་བརྩམ༔ རྗེ་རྒྱལ་པོའི་དཔལ་སྟོབས་བསྐྱེད་པའི་ཕྱིར༔ ལྷ་ཚོགས་བདག་ཡབ་ཡུམ་བསྟེན་པར་བྱ༔ ཡུལ་དེ་རུ་བདེ་སྐྱིད་ལྡན་པའི་ཕྱིར༔ དཔལ་རྣམ་པར་རྒྱལ་བའི་མཆོད་རྟེན་བཞེངས༔ སྟོད་རྣལ་འབྱོར་ཅན་གྱི་ཆོས་སྡེ་རུ༔ སྔགས་རྡོ་རྗེ་ཐེག་པའི་བསྟན་དར་ཕྱིར༔ ལོ་རེ་བཞིན་བསྐང་ཚོགས་ཁྲི་རེ་དང་༔ དཔལ་རྡོ་རྗེ་གཞོན་ནུའི་སྒྲུབ་རྒྱུན་འཛུགས༔ མ་ཁྲོས་མའི་རྣལ་འབྱོར་བརྒྱ་བྱུང་ན༔ གནས་དེ་རུ་ཆོས་འཁོར་གླིང་ཡང་གྲགས༔ དཔལ་ཕྱག་ན་རྡོ་རྗེ་ཨེ་མ་ཧོ༔ ཡུལ་དེ་ལས་གཞན་གྱུར་ཉེ་བའི་སར༔ ལྷ་པད་དཀར་འཆང་བ་རྡོ་རྗེར་བརྫུ༔ འཁོར་ཚོམ་བུ་རབ་གྲས་ཁྱུ་ཡང་གདའ༔ དེ་ཡང་ཁྲོས་ནག་པོ་དང་འཕྲད་ན༔ འཁོར་འབྲེལ་ཐོབ་དང་བཅས་བདེ་ལ་འགོད༔ མི་དེ་ཡི་བྲང་ལ་སྨེ་བ་ཡོད༔ ཡུལ་ཀོང་པོ་རོང་གི་ས་ཆ་ན༔ དཔལ་གཞོན་ནུ་རྣམ་རོལ་མི་ལ་བརྫུ༔ མིང་གྲོལ་གྱིས་བརྒྱན་ཅིང་ལྟེ་སྨེ་ཅན༔ སྐུའི་སྨད་ཆར་སྟག་གི་རི་མོ་བཀྲ༔ དེ་ཕྱག་རྡོར་སྒྲུབ་པ་དང་འཕྲད་ན༔ ཡུལ་འགའ་ཡི་མུན་པ་སེལ་ཡང་སྲིད༔ རྗེ་བཙུན་པ་སངས་རྒྱས་རིན་ཆེན་དེ༔ དཔལ་སངས་རྒྱས་ཡེ་ཤེས་དངོས་ཡིན་ཕྱིར༔ ལག་མཐིལ་དུ་ཕུར་བུའི་རི་མོ་ཡོད༔ དེ་ཁྲོས་མའི་སྒྲུབ་པ་དང་འཕྲད་ན༔ ཡུལ་འགའ་ཡི་སྐྱེ་འགྲོ་བདེ་ལ་འགོད༔ ཡུལ་བདུད་སྡེ་གསུམ་གྱི་ཉེ་ས་རུ༔ ཆུ་རྦ་རླབས་གནམ་དུ་འཕྱོ་བའི་འགྲམ༔ གཡས་སེང་གེ་གནམ་ལ་བལྟས་འདྲ་དང་༔ གཡོན་མདུང་རྩེ་ལྟ་བུའི་རི་བོ་ཡོད༔ མདུན་རིན་ཆེན་སྤུངས་འདྲའི་རི་བོ་ལ༔ ཤིང་གཡབ་མོ་ཅན་གྱིས་བརྒྱན་པ་ཡོད༔ གདན་གད་པ་བརྩེགས་པའི་ལའུ་སྟེང་༔ ལྷ་སྒྲིབ་པ་རྣམ་སེལ་རྣམ་རོལ་དཔྱིད༔ ཁོང་རིན་ཆེན་མིང་འཛིན་འགྲོ་བའི་མགོན༔ བརླ་གཡས་སུ་སྨྲེ་བ་ནག་པོ་དང་༔ ཕྲག་གཡོན་དུ་ཤ་མཚན་རྒྱས་པ་ཡོད༔ རྗེ་དེ་དང་བླ་མའི་སྒྲུབ་པ་འདི༔ འཕྲད་གྱུར་ན་འགྲོ་དོན་རྒྱ་ཆེན་འགྲུབ༔ གྲོང་བྲག་གསུམ་ཅན་གྱི་ཚོ་ཁམས་སུ༔ མིང་བསམ་གཏན་འཛིན་པའི་སྐྱེས་བུ་དེ༔ ལྷ་རྣམ་ཐོས་བུ་ཡི་སྤྲུལ་པ་ཡིན༔ མཆན་གཡོན་དང་ཕྲག་གཡས་ལྦ་བ་ཡོད༔ དེ་གསང་བདག་སྒྲུབ་སྐོར་དང་འཕྲད་ན༔ བདུད་སྡེ་གསུམ་དབང་དུ་སྡུད་པར་བྱེད༔ གནས་ཆུ་མདའ་རུ་འོད་ཟེར་མིང་ཅན་ཡོད༔ སྨིན་འབྲེལ་མཚམས་སུ་སྨེ་བ་དཀར་པོ་ཡོད༔ གནས་གཡང་ལུང་དུ་བློ་བཟང་མིང་ཅན་ཡོད༔ ཕྲག་གཡས་སུ་ཤ་མཚན་གྲུ་བཞི་ཡོད༔ ཡུལ་དཔའ་རོང་དུ་ཤེས་རབ་མིང་ཅན་ཡོད༔ དེའི་ལྟེ་འོག་ཤ་མཚན་དམར་པོ་ཡོད༔ ཡུལ་ཀ་ནམ་དུ་བསོད་ནམས་མིང་ཅན་ཡོད༔ དེའི་དཔུང་གཡས་སྨེ་བ་ནག་པོ་ཡོད༔ གནས་ཆོས་སྒམ་དུ་གུ་རུའི་མིང་ཅན་ཡོད༔ དེའི་ཕྲག་གོང་སྨེ་བ་ནག་པོ་ཡོད༔ གནས་པད་ལྡེམ་དུ་པདྨའི་མིང་ཅན་ཡོད༔ དེའི་རྣ་ལྟག་གཡས་སུ་ཤ་མཚན་ཡོད༔ དེ་ཐམས་ཅད་པད་འབྱུང་སྤྲུལ་པ་ཡིན༔ ཟབ་གསང་གི་སྙིང་པོ་སྒྲུབ་ལ་དབང་༔ དེ་ཀུན་དང་རྟེན་འབྲེལ་མི་ལོག་པར༔ རང་སྐལ་པར་བསྔགས་པའི་ཆོས་ཐོབ་ན༔ ཡུལ་དེ་ཀུན་བདེ་སྐྱིད་དཔལ་གྱིས་མཛེས༔ གནས་ཡང་འབྲོག་ཏུ་དཔལ་ལྡན་མིང་ཅན་ཡོད༔ དེའི་མགོ་སྐྲ་དམར་སེར་ཁ་ཏོག་བཀྲ༔ དཔལ་དེ་ལ་རྟ་མགྲིན་ཡང་ཁྲོས་དབང་༔ གནས་འོ་ཡུག་ཏུ་རང་བྱུང་མིང་ཅན་ཡོད༔ གནས་གསུམ་དུ་སྨེ་བ་ནག་པོ་ཡོད༔ དཔལ་དེ་ལ་ཡང་ཁྲོས་ནག་པོ་དབང་༔ གནས་ཨུ་པ་ལུང་དུ་བདེ་ཆེན་མིང་༔ ལ་ཐོད་དུ་ཧ་རི་ནི་ས་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ གནས་ཟབ་བུ་ལུང་དུ་ཀརྨའི་མིང་༔ སྙིང་དཀར་ནག་མཚམས་སུ་ཧཱུྃ་ཡིག་ཡོད༔ དཔལ་དེ་ལ་གསང་བདག་སྒྲུབ་སྐོར་སྤྲོད༔ གནས་གྲོ་བོ་ལུང་དུ་རྡོ་རྗེའི་མིང་༔ རྣ་གདོང་དུ་ཤ་མཚན་དཀར་པོ་ཡོད༔ དཔལ་དེ་ལ་གསང་བདག་སྒྲུབ་སྐོར་སྤྲོད༔ གནས་གཙང་རོང་དུ་མཁའ་ལྡིང་མིང་ཅན་ཡོད༔ རྣ་ལྟག་ཏུ་ལྦ་བ་ཆུང་ངུ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ འོལ་ཆོས་བཟང་དུ་ལྷུན་གྲུབ་མིང་ཅན་ཡོད༔ དེའི་ལྟེ་བར་སྨེ་བ་དཀར་པོ་ཡོད༔ དཔལ་དེ་ལ་ཚོགས་བདག་སྒྲུབ་སྐོར་སྤྲོད༔ གནས་ཆོས་བཟང་དུ་བསམ་འཕེལ་མིང་ཅན་ཡོད༔ དེའི་ལྟེ་སྨེ་སྙིང་གར་ཤ་མཚན་ཤར༔ དཔལ་དེ་ལ་བླ་མ་དྲག་པོ་སྤྲོད༔ གནས་ཆོས་འཁོར་དུ་རྩལ་གྱི་མིང་མཐའ་ཅན༔ དེའི་མགུལ་དུ་སྨེ་བའི་ཕྲེང་བ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་དང་༔ གསང་བདག་དང་རྟ་མགྲིན་ཕུར་པ་སྤྲོད༔ ཡུལ་ཀོང་པོ་རུ་བདེ་བའི་མིང་ཅན་ཡོད༔ དེའི་གཙུག་འཁྱིལ་དུ་སྨེ་བ་དམར་པོ་ཡོད༔ དཔལ་དེ་ལ་བླ་མ་དྲག་པོ་སྤྲོད༔ ལར་རྡོ་རྗེ་ཕག་མོའི་མཁའ་འདྲ་བའི༔ གནས་ཆེན་པོའི་ཉེ་འདབས་བདུད་སྡེ་གསུམ༔ ཆོས་ཟབ་གསང་སྙིང་པོས་འདུལ་ཞིང་སྟེ༔ དེར་བཀའ་བབས་ཀྱི་ཆོས་བདག་བརྒྱ་ཕྲག་ཡོད༔ དེའི་མཚན་ཉིད་ཟབ་ཆོས་ལ་མོས་ཤིང་༔ འཕྲད་ཚེ་ཡང་རྨི་ལྟས་བཟང་པོ་འབྱུང་༔ ཡང་དབུས་ཀྱི་ར་སར་བསྟན་འཕེལ་མཚན༔ སྨིན་མཚམས་སུ་ལྦ་བ་ཆུང་ངུ་ཡོད༔ གནས་རྡོ་རྗེ་བྲག་ཏུ་ཉི་མའི་མིང་༔ ལག་གཡས་སུ་རྡོ་རྗེའི་རི་མོ་ཡྀན༔ གནས་དེ་རུ་ཡང་དག་མིང་ཅན་ཡོད༔ དེའི་མཇིང་པར་མེ་ལྕེའི་རི་མོ་ཡོད༔ གནས་སྨིན་གྲོལ་གླིང་དུ་རྡོ་རྗེའི་མཚན༔ དེའི་མཆན་འོག་སྨེ་བ་གསུམ་ཚོམ་ཤར༔ གནས་རྒོད་ཚང་དུ་རིན་ཆེན་རང་ཤར་ཡོད༔ དེའི་མགུལ་དུ་སྨེ་བ་བདུན་ཚོམ་ཡོད༔ དེ་རྣམས་ལ་ཟབ་གསང་ཡོངས་རྫོགས་སྤྲོད༔ འབྲི་གོང་དུ་རྣམ་རྒྱལ་མིང་ཅན་ཡོད༔ དེའི་ལྟེ་བར་པདྨའི་རི་མོ་བཀྲ༔ ཡར་ལུང་དུ་སྟོང་པའི་མིང་ཅན་ཡོད༔ དེའི་མགོ་བོར་ལ་ཐོད་རི་མོ་ཡོད༔ དེ་གཉིས་ལ་ཡ་མཱནྟ་ཀ་དང་༔ ལྷ་བདུད་འཇོམས་དྲག་པོའི་སྒྲུབ་སྐོར་སྤྲོད༔ ཁམས་སྡེ་དགེའི་ལུང་མདའ་འདུས་པ་རུ༔ མིང་མི་འགྱུར་གྲགས་པའི་སྐྱེས་བུ་ཡོད༔ དེའི་ལྕེ་ལ་རྡོ་རྗེའི་རི་མོ་ཡོད༔ ཡུལ་དེའི་རྗེ་ཟིལ་གནོན་རྒྱལ་པོ་ནི༔ ལུས་བོང་ཐུང་གཟུགས་མཛེས་གཟི་བརྗིད་ཆེ༔ དེའི་མཁལ་ཁུང་གཡོན་དུ་ཤ་མཚན་ཡོད༔ དེ་གཉིས་པོ་ལྷ་སྲས་རྣམ་གཉིས་ལགས༔ དཔལ་བདུད་འཇོམས་རྡོ་རྗེའི་སྒྲུབ་པ་དང་༔ ལྷ་ཚོགས་ཀྱི་བདག་པོའི་སྒྲུབ་སྐོར་སྤྲོད༔ གནས་ཟླ་རྒྱལ་དཔའ་བོའི་ཉེ་འདབས་སུ༔ མགོན་པད་འབྱུང་སྤྲུལ་པ་ཀུན་བཟང་མཚན༔ དེ་མདོག་དཀར་རྒྱུད་འཇམ་དབང་པོ་རྣོ༔ ཡུལ་མུ་དྲ་ལ་སྤྱོད་རིག་པ་ཧུར༔ ཚུལ་མ་ངེས་སྤྱོད་པ་སྣ་ཚོགས་སྟོན༔ དཔལ་དེ་ལ་བདུད་འཇོམས་སྒྲུབ་སྐོར་སྤྲོད༔ གནས་བྲག་གཡབ་སུ་རུའི་ལུང་ཐང་དུ༔ མགོན་པདྨའི་སྤྲུལ་པ་སིདྡྷིའི་མཚན༔ དེའི་གསང་བར་ཐིག་ལེ་དཀར་པོ་ཤར༔ དཔལ་དེ་ལ་གནོད་སྦྱིན་དམར་ནག་སྤྲོད༔ གནས་ཙ་རིའི་ཉེ་འདབས་རམ་ཐང་དུ༔ དཔལ་ཕྱག་རྡོར་སྤྲུལ་པ་དོན་གྱི་མིང་༔ མཐེབ་གཡས་སུ་ནོར་བུའི་རི་མོ་ཡོད༔ དཔལ་དེ་ལ་བདེ་ཆེན་ཞིང་སྒྲུབ་སྤྲོད༔ ཡུལ་གོ་འཇོ་སྦོམ་རིའི་ཉེ་འདབས་སུ༔ ལྷ་འཇམ་པའི་དབྱངས་ཀྱི་རྣམ་རོལ་གར༔ དཔལ་བདེ་ལྡན་སྙིང་པོ་ཞེས་བྱ་བ༔ སྐུ་རབ་བརྗིད་མགྲིན་པར་ཆོས་དུང་འཁྱིལ༔ དཔལ་དེ་ལ་འཇམ་དཔལ་སྒྲུབ་སྐོར་སྤྲོད༔ གནས་གསེར་སྨད་དབང་ཤར་བྱ་བ་རུ༔ མགོན་པད་འབྱུང་སྤྲུལ་པ་རྒྱལ་གྱི་མིང་༔ སྙིང་སྟོད་དུ་སྨེ་བའི་ཐིག་པ་ཤར༔ དཔལ་དེ་ལ་ཡང་ཁྲོས་ནག་པོ་དང་༔ ལྷ་གསང་བདག་སྒྲུབ་སྐོར་ཡོངས་རྫོགས་སྤྲོད༔ གནས་དེ་རུ་ཀིརྟིའི་མིང་ཅན་དེ༔ ཁོང་སྤྲོ་ཐུང་དབང་པོ་རྣོ་བ་དང་༔ ལས་སྒྲུབ་ལ་མོས་ཤིང་ཟིལ་གནོན་ལྡན༔ དེ་རྟ་མགྲིན་ནག་པོའི་སྤྲུལ་པ་ཡིན༔ ལྷ་བདུད་འཇོམས་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ རོང་དགུ་འདུས་རང་གྲོལ་མིང་མཐའ་ཅན༔ བོང་ཆེ་ཞིང་ཁམས་རྒྱས་དབང་སྡུད་ལྡན༔ ལྟེ་བ་རུ་སྨེ་བའི་ཐིག་པ་ཤར༔ དཔལ་དེ་ལ་བླ་མའི་སྒྲུབ་སྐོར་དང་༔ དོན་ཟབ་ལམ་སྙིང་པོའི་གདམས་པ་སྤྲོད༔ རོང་ལ་བར་ཡེ་ཤེས་མིང་ཅན་དེ༔ དཔལ་བི་མ་མི་དྲའི་སྤྲུལ་པ་ཡིན༔ སྙིང་དཀར་ནག་མཚམས་སུ་གྲུ་གསུམ་ཤར༔ དཔལ་དེ་ལ་ཕུར་པའི་སྒྲུབ་སྐོར་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ བྲག་དམར་པོ་ཆུ་དང་འཐབ་པའི་ཁར༔ ལྷ་གཟའ་བདུད་ནག་པོའི་སྤྲུལ་པ་ནི༔ སྔགས་སྐྱེས་བུ་དྲག་གི་མིང་ཅན་ཡོད༔ དེའི་ལྕེ་ལ་ཧོམ་ཁུང་ནག་པོ་ཤར༔ དཔལ་དེ་ལ་གནོད་སྦྱིན་སྒྲུབ་སྐོར་དང་༔ བཀའ་རྫོགས་པ་ཆེན་པོའི་གདམས་པ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ཐང་མི་ལྤགས་བཀྲམ་འདྲའི་ལྟེ་བ་རུ༔ མགོན་བྱ་རོག་གདོང་གི་སྤྲུལ་པ་ལས༔ སྔགས་སྐྱེས་བུ་གསང་བདག་མིང་ཅན་ཡོད༔ དེར་མི་མགོས་མཚན་པའི་སྨེ་ཕྲེང་སྤྲས༔ དཔལ་དེ་ལ་བླ་མ་དྲག་པོ་དང་༔ བཀའ་རྫོགས་པ་ཆེན་པོའི་གདམས་པ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ཆུ་ཆེན་པོ་རྦ་ཀློང་འཁྲུགས་པ་རུ༔ དཔལ་ཡང་དག་རྒྱལ་པོའི་རྣམ་རོལ་གར༔ སྔགས་སྐྱེས་བུ་པདྨ་རང་གྲོལ་མཚན༔ སྙིང་སྨེ་བའི་ཐིག་པས་བརྒྱན་པ་ཡོད༔ དཔལ་དེ་ལ་ཡ་མཱནྟ་ཀ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ས་དགའ་འཁྱིལ་དབྱིབས་ལྡན་ཁུག་པ་རུ༔ དཔལ་གཤིན་རྗེ་ནག་པོའི་རྣམ་རོལ་ལས༔ སྔགས་སྐྱེས་བུ་དྲག་པོའི་མིང་ཅན་དེ༔ གདོང་ནག་པོ་ཟུར་གསུམ་ཐུར་བསྟན་ཡོད༔ དཔལ་དེ་ལ་ཚེ་ཡི་སྒྲུབ་སྐོར་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ རི་སྡིག་པ་ནག་པོའི་དབྱིབས་མགོ་རུ༔ དཔལ་ཧཱུྃ་ཆེན་ཀཱ་རའི་རྣམ་རོལ་ལས༔ ཁོང་སྔགས་སྐྱེས་ཚེ་ཡི་མིང་ཅན་དེའི༔ རྩིབ་གཡོན་ངོས་ཤ་མཚན་མཁལ་སྨེས་བརྒྱན༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ཤིང་ནགས་ཚལ་རྒྱས་པའི་འདབ་ཞོལ་དུ༔ དཔལ་པྲ་བྷ་ཧསྟིའི་སྤྲུལ་པའི་གར༔ ཁོང་རྣལ་འབྱོར་རྡོ་རྗེའི་མིང་ཅན་དེའི༔ དཔུང་གཡས་པར་སྨེ་བའི་ཐིག་པ་ཤར༔ དཔལ་དེ་ལ་གྲོ་ལོད་སྒྲུབ་སྐོར་སྤྲོད༔ གནས་དེ་རུ་གཡུ་སྒྲའི་རྣམ་འཕྲུལ་གར༔ ཁོང་སྐྱེས་མཆོག་ངག་གི་མིང་ཅན་གྱི༔ ཕྲག་གཡས་སུ་སྨེ་ཤ་ལག་མཐིལ་ཧོམ༔ དཔལ་དེ་ལ་ཡང་ཁྲོས་སྒྲུབ་སྐོར་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ཁོང་དགེ་བཙུན་དཀོན་མཆོག་མཚན་ཅན་གྱི༔ མཁལ་གཡས་སྟེང་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་བདེ་ཆེན་ཞིང་སྒྲུབ་སྤྱོད༔ དེ་བཻ་རོ་ཙ་ན་ཨེ་མ་ཧོ༔ རོང་དགུ་སྟེང་ལང་གྲོའི་སྤྲུལ་པའི་གར༔ སྤྱན་དཀར་ནག་མཚམས་སུ་པདྨ་ཤར༔ དཔལ་དེ་ལ་རྡོ་རྗེ་ཕུར་པ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ དཔལ་མཚོ་སྐྱེས་རྡོ་རྗེའི་རྣལ་འབྱོར་དཔྱིད༔ ཁོང་སྔགས་བཙུན་ཀློང་གི་མིང་འཛིན་པ༔ མགུལ་སྨེ་བ་ཆེན་པོའི་ཐིག་པ་ཡོད༔ དཔལ་དེ་ལ་གསང་བ་ཡེ་ཤེས་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ དཔལ་རྡོ་རྗེ་ཕུར་པའི་རྣམ་རོལ་གར༔ ཁོང་རྣལ་འབྱོར་མཆོག་གི་མིང་མཐའ་ཅན༔ དེའི་ལྟེ་བར་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཚེ་ཡི་སྒྲུབ་པ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ དཔལ་ཕྱག་ན་རྡོ་རྗེའི་རྣམ་རོལ་གར༔ ཁོང་རྣལ་འབྱོར་ལྷ་ཡི་མིང་ཅན་དེ༔ རྣ་སྟག་ཏུ་སྨེ་ཤ་ནག་པོ་ཡོད༔ དཔལ་དེ་ལ་རྣམ་སྲས་སྒྲུབ་སྐོར་སྤྲོད༔ རོང་མ་ཏིང་ནགས་ཀྱི་འདུས་མདོ་རུ༔ དཔལ་ཡེ་ཤེས་དབང་པོའི་རྣམ་རོལ་གར༔ ཁོང་སྔགས་བཙུན་ལྷུན་གྲུབ་མིང་ཅན་ཡོད༔ དཔལ་དེ་ལ་གཟའ་ཡི་སྒྲུབ་སྐོར་དང་༔ ཆོས་ཐེག་མཆོག་སྙིང་པོའི་གདམས་པ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ དཔལ་ཨ་ཙརྱ་དཔལ་དབྱངས་རྣམ་རོལ་གར༔ ཁོང་མཁས་བཙུན་ཞི་བའི་མིང་ཅན་ཡོད༔ དཔལ་དེ་ལ་ཟབ་གསང་ཡོངས་རྫོགས་སྤྲོད༔ རྟགས་བྲང་ལ་སྨེ་བའི་ཐིག་པ་ཡོད༔ རོང་དཔལ་གྱི་ཐང་ཆེན་བྱ་བ་རུ༔ བཙན་སྲོག་བདུད་དམར་པོའི་སྤྲུལ་པ་ནི༔ ཁོང་སྔགས་བཙུན་རྣམ་གྱི་མིང་ཅན་དེ༔ རྟགས་སྨ་ར་དམར་དང་སྨེ་ཤ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ རོང་གཡུ་ཐང་ཀརྨའི་མིང་ཅན་ཡོད༔ རྟགས་ལྟེ་བར་སྨེ་བའི་ཐིག་ཚོམ་ཤར༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ དེ་རྨ་ཐོག་རིན་ཆེན་བཞད་པའི་ཞལ༔ རོང་མཆོད་རྟེན་སྣ་རུ་དྷརྨ་ཏ༔ ཁོང་སྔགས་བཙུན་ཡེ་ཤེས་མིང་ཅན་ཡོད༔ སོག་ཕྲག་པར་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཕུར་པའི་སྒྲུབ་སྐོར་སྤྲོད༔ རྦ་ནག་པོའི་ཡུལ་གྱི་ས་ཆ་རུ༔ དཔལ་ཡེ་ཤེས་དབྱངས་ཀྱི་རྣམ་རོལ་གར༔ ཁོང་སྔགས་བཙུན་བདེ་བའི་མིང་ཅན་ཡོད༔ དེའི་ལྐོག་མར་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ ཡུལ་དེ་རུ་དགེ་བཙུན་གསང་བདག་བཞད༔ ཁོང་ཐེག་པ་ཆེན་པོའི་ཆོས་ལ་དད༔ དཔལ་དེ་ལ་གསང་བདག་སྒྲུབ་སྐོར་དང་༔ ཆོས་ཟབ་གསང་སྙིང་པོའི་ཡང་ཐིག་སྤྲོད༔ དེ་བདུད་འཇོམས་རྡོ་རྗེ་ཨ་ལ་ལ༔ ཡང་ཡུལ་དེར་ལྷ་རྗེ་དབང་གི་མཚན༔ དེའི་སྟག་པར་སྨེ་བའི་ཐིག་པ་ཡོད༔ ལས་མངོན་སྤྱོད་ཕྲིན་ལས་དབང་ཡང་མཛད༔ དཔལ་དེ་ལ་གསང་བདག་སྒྲུབ་སྐོར་སྤྲོད༔ དེ་རྨ་ཐོག་རིན་ཆེན་རོལ་པའི་དཔྱིད༔ ཡང་ཡུལ་དེར་རྡོ་རྗེ་ལེགས་པའི་གར༔ ཁོང་རྣལ་འབྱོར་རབ་ཀྱི་མིང་མཐའ་ཅན༔ དེའི་སྨིན་མཚམས་ཁྱུང་གི་རི་མོ་ཡོད༔ དཔལ་དེ་ལ་ཡང་ཁྲོས་ནག་པོ་སྤྲོད༔ གནས་དེ་ནས་མི་རིང་ཉེ་བའི་སར༔ ཁོང་རྣལ་འབྱོར་དྷརྨའི་མཚན་ཅན་དེ༔ བརླ་གཡས་སུ་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་གསང་བ་སྐོར་གསུམ་སྤྲོད༔ དེ་ཌོམྦུ་ཧེ་རུའི་གསང་ཆེན་སྤྱན༔ ཡུལ་དེ་ནས་མི་རིང་ཉེ་བའི་སར༔ ཁོང་སྔགས་བཙུན་བྱམས་པའི་མིང་ཅན་ཡོད༔ རྣ་གཡས་པར་པདྨའི་མཚན་པ་ཅན༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ དེ་དཔལ་གྱི་རྡོ་རྗེའི་རྣམ་རོལ་གར༔ ཡུལ་ཨ་རིག་བྱ་བའི་རྒྱལ་ཁམས་སུ༔ དཔལ་ལྡན་མ་རྩེ་མང་བཞད་པའི་ཞལ༔ ཁོང་སྐྱེས་མཆོག་ཆོས་སྡེ་ཆེན་པོའི་དཔལ༔ དཔུང་བྲང་མཚམས་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ ཡུལ་དེ་རུ་མངའ་རིས་ཉི་མ་ཤར༔ དེ་དབང་པོ་སྡེ་ཡི་སྤྲུལ་པ་སྟེ༔ དཔལ་དེ་ལ་ཟབ་ཆོས་འདི་འཕྲོད་ན༔ དེས་གདུལ་བྱ་ཐེར་འབུམ་དབྱིངས་སུ་སྒྲོལ༔ ཡུལ་གསེར་སྟོད་དཔལ་སེང་སྤྲུལ་པ་ལས༔ ཁོང་བཙུན་པ་དོན་གྱི་མིང་མཐའ་ཅན༔ རྟགས་བྲང་ངོས་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ ཡང་ཡུལ་དེར་འོ་བྲན་སྤྲུལ་པ་ལས༔ ཁོང་དགེ་བཙུན་མཆོག་གི་མིང་མཐའ་ཅན༔ མཆུའི་སྟེང་ངོས་སྨེ་བའི་ཐིང་པ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ ཡང་ཡུལ་དེ་མཚོ་རྒྱལ་སྤྲུལ་པའི་གར༔ ཁོང་རྣལ་འབྱོར་བཟང་པོའི་མིང་མཐའ་ཅན༔ མཆུའི་སྟེང་ངོས་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཁྲོས་མའི་སྒྲུབ་སྐོར་སྤྲོད༔ ཡང་ཡུལ་དེར་མཚོ་རྒྱལ་སྤྲུལ་པའི་གར༔ ཁོང་རྣལ་འབྱོར་བཟང་པོའི་མིང་མཐའ་ཅན༔ རྟགས་སྨེ་བའི་ཐིག་པ་ལྟོ་བར་ཤར༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ ཡང་ཡུལ་དེར་དྲན་ནམ་སྤྲུལ་པ་ལས༔ ཁོང་དགེ་བཙུན་དྷརྨའི་མིང་ཅན་དེ༔ མིག་གཡས་གཡོན་སྨེ་བའི་ཐིག་པ་ཡོད༔ དཔལ་དེ་ལ་ཁྱུང་གི་སྒྲུབ་སྐོར་སྤྲོད༔ ཡང་ཡུལ་དེར་དགའ་ལོ་བཞད་པའི་ཞལ༔ ཁོང་རྣལ་འབྱོར་ཐུགས་ཀྱི་མིང་ཅན་དེའི༔ རྟགས་ལྟེ་སྨེ་སྙིང་གར་ཤ་མཚན་ཡོད༔ ཡང་གནས་དེར་མི་རིང་ཉེ་བའི་སར༔ དཔལ་ཨཱརྱ་དེ་ཝའི་རྣམ་རོལ་གར༔ ཁོང་སྔགས་བཙུན་ཐོག་གི་མིང་ཅན་ཡོད༔ དེའི་ལུས་ལ་སྨེ་བའི་ཐིག་པ་བཀྲ༔ ཡུལ་དེ་རུ་ཁྱེའུ་ཆུང་རྣམ་རོལ་ལས༔ ཁོང་རྣལ་འབྱོར་ནོར་བུའི་མིང་མཐའ་ཅན༔ སྐྲ་ཐོད་དུ་གཡས་འཁྱིལ་མཚན་རྟགས་གདའ༔ ཡང་ཡུལ་དེར་རྩལ་གྱི་མིང་མཐའ་ཅན༔ ལྷ་པད་དཀར་ཅན་གྱི་སྤྲུལ་པ་ཡིན༔ ཡང་ཡུལ་དེར་སྔགས་ཀྱི་མིང་མཐའ་ཅན༔ མིག་འོག་ཏུ་སྨེ་བའི་ཐིག་པ་ཡོད༔ དེ་རྡོ་རྗེ་གཡུ་སྒྲོན་སྤྲུལ་པ་སྟེ༔ དེ་རྣམས་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ སྙིའི་ཤུགས་སྒང་དུ་སྟོབས་ཀྱི་མིང་མཐའ་ཅན༔ རྟགས་བྲང་རྒྱབ་སྨེ་བ་སྨེ་ཤ་ཤར༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ དེ་སྲོང་བཙན་སྒམ་པོ་ཨ་ལ་ལ༔ གནས་དེ་ནས་མི་རིང་ཉེ་བའི་སར༔ མི་བོང་ཐུང་སྟོབས་ལྡན་རིག་པ་ཧུར༔ མིག་གཉིས་ཀྱི་ནམ་མཁའི་མཐོང་ལ་གཟིགས༔ སྙིང་དཀར་ནག་མཚམས་སུ་སྨེ་དཀར་ཤར༔ མིང་མགོན་གྱི་མཐའ་ཅན་ཟིལ་གནོན་ལྡན༔ དེ་དཔལ་གྱི་རྡོ་རྗེ་བཞད་པའི་ཞལ༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ དེང་ཁྱོད་ཀྱི་འཁོར་སློབ་སྐྱེས་མཆོག་རྣམས༔ སྔོན་སྨོན་ལམ་ལས་ཀྱིས་འབྲེལ་བའི་མཐུས༔ ཡུལ་ཕྱོགས་མེད་རྒྱལ་ཁམས་འགྲིམ་ནས་སུ༔ ཟོལ་མེད་པའི་སྒྲུབ་པ་ལྷུར་ལེན་ན༔ ཟབ་ཆོས་ཀྱི་བདག་པོ་ཀུན་དང་འཕྲད༔ སྙིང་ཐིག་གི་བསྟན་པས་ས་སྟེང་ཁྱབ༔ ཡུལ་རྨ་ཡི་ར་རྒྱལ་ཆོས་སྡེ་རུ༔ ཁོང་དགེ་བཙུན་བློ་བཟང་མཚན་ཅན་དེ༔ སྔགས་རྡོ་རྗེ་ཐེག་པར་ཤིན་ཏུ་གདུང་༔ མཁུར་ཚོས་ལ་སྨེ་བ་སྤུ་འཛིན་བཀྲ༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ དེ་ཡར་ལུང་རྦ་མིའི་སྤྲུལ་པ་ལགས༔ གནས་དེ་རུ་ཆུ་ནག་ནིརྨ་ཀ༔ དཔལ་གསང་བའི་བདག་པོའི་རྣམ་རོལ་མཆོག༔ སྐུའི་སྟོད་དུ་སྨེ་བའི་ཐིག་པ་ཡོད༔ ཡང་པད་དཀར་འཆང་བའི་གར་དབང་པོ༔ རྗེ་རྒྱལ་བར་གྲགས་པའི་ནིརྨ་ཀ༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ ཡང་འཇམ་དཔལ་གཞོན་ནུའི་གར་དབང་པོ༔ དཔལ་རྡོ་རྗེ་འཆང་དུ་གྲགས་པ་ཡི༔ སྐྱེས་མཆོག་དེར་ནོར་བུའི་མཚན་རྟགས་ཡོད༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ ལྷ་རིགས་གསུམ་མགོན་པོའི་རྣམ་རོལ་གར༔ སྐུ་རྣམ་གསུམ་གྲགས་པའི་ཞིང་ཁམས་འདིར༔ སྔགས་ཐེག་པ་ཆེན་པོའི་བཀའ་ཡང་བབས༔ དུས་འདི་རུ་རྟེན་འབྲེལ་མ་འཛོལ་ན༔ གནས་དེ་ཡི་བསྟན་པའི་མདངས་ཡང་ཕྱུང་༔ དཔལ་ཞི་བ་བཟང་པོ་བཞད་པའི་ཞལ༔ གཟུངས་མཁན་ཆེན་བསྟན་པའི་རྒྱན་དུ་ཆེ༔ དཔལ་དེ་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ གནས་ཆོས་སྡེ་བཟང་པོའི་ཞིང་ས་རུ༔ སྔགས་ཐེག་པ་ཆེན་པོའི་ཉི་ཞལ་དེ༔ བདུད་སྨོན་ལོག་སཔྟས་མ་བསྒྲིབ་ན༔ གནས་དེ་རུ་དགེ་ལེགས་གོང་འཕེལ་འགྱུར༔ དེར་པད་འབྱུང་ཉིད་ལས་མི་གཞན་པའི༔ ཆོས་བདག་པོ་ཉེར་ལྔའི་སྐར་ཚོགས་བཀྲ༔ དུས་རྟེན་འབྲེལ་གནད་དང་མི་ལྡན་ན༔ གོས་ནམ་མཁའི་མདངས་ཀྱི་མཚོ་ཕྱུར་ཚེ༔ སྡེ་ལན་ཚྭ་དེ་རུ་ཞུ་ཡང་སྲིད༔ ཡང་སྐྱེས་མཆོག་ཁྱོད་ཀྱི་བསྟན་འཛིན་དཔལ༔ ལྷ་མཚོ་སྐྱེས་ཉིད་དང་ཞལ་མི་གཉིས༔ ཟླ་སྟོད་དུ་ཚེ་ཡི་མིང་ཅན་དང་༔ ཡང་ཨ་ཡི་མིང་དང་བསོད་ནམས་མིང་༔ དཔལ་མངྒའི་མིང་དང་སྟོབས་ཀྱི་མིང་༔ ཡང་པདྨའི་མིང་དང་ལྷ་ཡི་མིང་༔ ཡང་འཇིགས་མེད་མིང་དང་དགེ་བའི་མིང་༔ དཔལ་རིག་འཛིན་མིང་དང་རང་གྲོལ་མིང་༔ དེ་རྣམས་ལ་ཟབ་ཆོས་ཡོངས་རྫོགས་སྤྲོད༔ གནས་ཀ༔ ཐོག་ཏུ་འགྱུར་མེད་མཚན་ཅན་དང་༔ ཡང་གནས་དེར་འཇིགས་མེད་མཚན་ཅན་དང་༔ ཡང་ཉི་མའི་མཚན་དང་རྣམ་གསུམ་མཆིས༔ རུ་དམ་དུ་བདེ་བའི་མཚན་ཅན་དང་༔ ཨོ་རྒྱན་གྱི་མཚན་དང་དཔལ་གྱི་མཚན༔ རིག་འཛིན་གྱི་མཚན་དང་རྣམ་གསུམ་ཡོད༔ དཔལ་སྤུངས་སུ་པདྨའི་མིང་ཅན་དང་༔ རྡོ་རྗེ་ཡི་མིང་དང་ཀརྨའི་མིང་༔ དཔལ་ཡུལ་དུ་ཀུན་བཟང་མིང་ཅན་མཆིས༔ ལྷ་ཐོག་ཏུ་ཡང་དག་མིང་ཅན་དང་༔ རྒྱལ་རོང་དུ་ཡེ་ཤེས་མིང་ཅན་ཡོད༔ ཚ་རོང་དུ་བསམ་འཕེལ་བྱ་བ་དང་༔ ལྷུན་གྲུབ་དང་བསོད་ནམས་དགེ་ལེགས་མིང་༔ དབང་རྒྱལ་དང་དཔལ་དབྱངས་རྣམ་རྒྱལ་ཡོད༔ འདི་དག་ལ་མི་འགྱུར་རྟགས་མཚན་མཆིས༔ དཔལ་ཨོ་རྒྱན་ཆེན་པོའི་རྣམ་འཕྲུལ་ལ༔ གསང་གསུམ་མི་འགྱུར་རྟགས་ཆེན་ནི༔ ལྟེ་སྨེ་དང་སྙིང་གར་ཤ་མཚན་ཅན༔ ལུས་མི་འགྱུར་རྟགས་ཀྱིས་སྤྲུས་པ་གཅེས༔ དབྱངས་སྙན་དང་མགུར་གླུ་ལེན་མཁས་པ༔ དེ་ངག་གི་མཚན་རྟགས་མཆོག་ཏུ་གཅེས༔ ཏིང་འཛིན་གྱི་འཆར་སྒོ་ཡངས་པ་ཅན༔ པད་འབྱུང་ལ་རྩེ་གཅིག་དད་ལྡན་པ༔ དེ་ཡིད་ཀྱི་མཚན་རྟགས་མཆོག་ཏུ་ཤིས༔ ལུས་བྲང་རྒྱབ་བཞིན་དུ་སྨེ་དཀར་ཤར༔ ངག་ཐོལ་བྱུང་ཚིག་ཚོགས་ཐུར་ངུར་སྨྲ༔ བློ་རྣོ་ཞིང་རིག་པ་རབ་ཏུ་ཧུར༔ སྤྲོ་ཐུང་ལ་བརྩོན་འགྲུས་ངེས་འབྱུང་ལྡན༔ དེ་འཛོམ་པ་པདྨའི་སྤྲུལ་པ་མཆོག༔ ལུས་སྟོད་དུ་སྨེ་བའི་ཐིག་པ་ཤར༔ སྣ་ཧར་ཞིང་མིག་རྩ་ཁྲ་ཧྲིག་བཀྲ༔ དུས་རྟག་པར་ནམ་མཁའི་མཐོང་ལ་གཟིགས༔ ཚིག་འདུམ་ལ་རྦད་ཐུང་སྨྲ་བ་ཅན༔ སེམས་ངེས་འབྱུང་སྐྱོ་ཤས་དད་པ་བརྟན༔ ཆོས་སྒྲུབ་པ་ལྷུར་ལེན་བརྩོན་འགྲུས་ལྡན༔ དོན་ཐེག་པ་ཆེན་པོར་བློ་གཏོད་པའི༔ ལས་སྐལ་པར་ལྡན་པའི་པད་འབྱུང་དངོས༔ རྟགས་སྔ་མ་གསུམ་འཛོམ་རབ་ཀྱི་མཆོག༔ གཉིས་འཛོམ་འབྲིང་ལ་གཅིག་འཛོམ་ཐ༔ ལྷ་པད་འབྱུང་སྤྲུལ་པར་གདོན་མི་ཟ༔ བདུད་སྨོན་ལམ་ལོག་པའི་དུས་ཉུལ་དུ༔ ཁོང་སྟོབས་ལྡན་དབང་རྣོན་བླ་མར་བརྫུ༔ མིང་ཧརྡ་ཀུན་གྱི་གཙུག་ཏུ་བཀུར༔ ཆོས་ཡིག་དྲུག་སིདྡྷི་སྔགས་ལ་གཤེ༔ ཆོས་མ་ཡིན་ལོག་ལམ་དེད་དཔོན་བྱེད༔ དེའི་ལུས་ལ་ཡི་གེའི་རི་མོ་བཀྲ༔ ཡང་འབྲི་དང་ཟླ་རྒྱུད་ལྟ་ལོག་སྡེ༔ མིང་ལིརྟ་ལྟ་ལོག་སྟོན་མོར་འགྱེད༔ དེའི་ཀྭ་བ་བཞི་ཞེས་རང་སྤྲུལ་ནི༔ ཏྀསྐ་ཡི་མིང་གིས་སྟོང་ལྟ་འདོམས༔ པྤརྠ་ཡི་མིང་གིས་སེམས་རྩལ་སྟོན༔ ཏ་བྷ་ཡི་མིང་གིས་རང་བཟོ་སློབ༔ སརྣ་ཡི་མིང་གིས་སྟོང་དམིགས་སློབ༔ ཡང་རྒྱལ་བསྟན་ཉི་མ་ལ་བྲི་བའི༔ བདུད་བློན་པོ་སྤྲེལ་གདོང་སྤྲུལ་པ་ལས༔ མིང་ཚརླ་རྣ་བ་ཨ་ལུང་ཅན༔ ཆོས་རྫོགས་ཆེན་ལ་བཟླ་ཉིང་འཁྲུལ་འདོམས༔ བདུད་བློན་པོ་ཁྲ་ཡི་མགོ་ཅན་གྱི༔ དངོས་སྤྲུལ་པ་རྻྻ༔ མིང་ཅན་དེ༔ དགེ་བཙུན་གྱི་ཆས་འཛིན་མུ་དྲ་སྦ༔ ཆོས་དབུ་མར་ལ་བཟླ་འཁྲུལ་འཁོར་འདོམས༔ མི་དེ་དག་བདུད་གྱི་སྤྲུལ་པ་ལགས༔ འབྲེལ་ཐོབ་པ་ལོག་པའི་ལམ་དུ་གཟུད༔ དེ་མཁས་པ་དག་གིས་ཤེས་པར་འགྱུར༔ ཆོས་བསྟན་ཚད་རྒྱུད་ལུང་ཀུན་ལས་གཞན༔ མི་དམུས་ལོང་དག་གིས་མཆོད་གནས་བྱེད༔ དེང་ལྔ་བརྒྱ་སྙིགས་མའི་མར་གཤམ་འདིར༔ མི་ཀུན་གྱི་ཤེས་རྒྱུད་བདུད་ཀྱིས་བརླག༔ ཡུལ་ཟོག་པོ་གྲུབ་ཐོབ་མཆོག་ཏུ་བཀུར༔ མི་ཞིག་པོ་རྣལ་འབྱོར་པ་རུ་བསྟོད༔ གཞན་བསླུ་བ་མཁན་ལ་བླ་མ་ཟེར༔ མི་དྲེད་པོ་དག་ལ་མཁས་པར་བསྔགས༔ ཆོས་གསང་སྒོ་འཆོལ་ལ་རྟོགས་ལྡན་ཟེར༔ མི་གཡོ་བསླུ་མཁན་ལ་ཕོ་རབ་ཟེར༔ ཆོས་ཉམས་ལེན་མཁན་ལ་སྤྲང་པོ་ཟེར༔ ལས་རྒྱུ་འབྲས་མཁན་ལ་བླུན་པོར་གྲགས༔ ཟོལ་མེད་པ་རྣམས་ལ་མི་ངན་ཟེར༔ ཆོས་གསང་དོན་ལྡན་ལ་ཆོས་མེད་ཟེར༔ ལས་དེ་ལྟར་བསྒྲུབ་པའི་དུས་ངན་འདིར༔ དཔལ་སངས་རྒྱས་འབྱོན་ཡང་ཕན་པར་དཀའ༔ སྣོད་མཆོག་གྱུར་གདུལ་བྱ་སྐལ་ལྡན་ལ༔ ཆོས་ཟབ་མོའི་གདམས་པ་རན་པར་སྟོན༔ ད་ཟབ་ཆོས་གདམས་པ་བདུད་རྩིའི་བཅུད༔ ལས་སྨོན་ལམ་དབང་གིས་བཏུང་བའི་བུ༔ དཔལ་ཨོ་རྒྱན་ཆེན་པོས་བྱིན་བརླབས་སྲས༔ ཤར་དེ་ནས་མིག་འབྲས་ལྟ་བུ་བདུན༔ ལྷོ་ཕྱོགས་ནས་སྙིང་འདྲ་བཅུ་བདུན་འབྱུང་༔ ནུབ་ཕྱོགས་ནས་སྲོག་དང་འདྲ་བ་ལྔ༔ བྱང་དེ་ནས་ཟླ་བ་ལྟ་བུ་གསུམ༔ མཚམས་ཤར་ལྷོའི་སྐར་ཆེན་ལྟ་བུ་བརྒྱད༔ མཚམས་ལྷོ་ནུབ་ཕྱོགས་ནས་དགེ་བཙུན་བཅུ༔ མཚམས་ནུབ་བྱང་ཕྱོགས་ནས་གཡུ་འབྲུག་དགུ༔ མཚམས་བྱང་ཤར་ཕྱོགས་ནས་མུན་སེལ་བའི༔ དཔལ་སྐྱེས་མཆོག་ཆེན་པོ་ཉེར་ལྔ་འབྱུང་༔ རྗེ་དེ་དག་མོས་གུས་བསྟན་ལ་གདུང་༔ ཡང་དག་པའི་ལྟ་བ་ཉམས་ལེན་སྤྲོ༔ གནས་དབེན་པའི་སྐྱེད་ཚལ་མཆོག་ལ་མོས༔ འདི་རྣམས་དང་རྟེན་འབྲེལ་འགྲིགས་གྱུར་ན༔ རྒྱ་བོད་ཀྱི་ཡུལ་དུ་བདེ་ལེགས་འབྱུང་༔ ཆོས་ཟབ་མོའི་ཉི་གཞོན་རྒྱས་པའི་ཞལ༔ བདུད་སྨོན་ལོག་སྤྲིན་གྱིས་མ་བསྒྲིབས་ན༔ ཕྱོགས་ཀུན་གྱི་མུན་པ་སེལ་འགྱུར་རོ༔ དུང་དཀར་པོའི་མདའ་མོ་ཀོང་པོར་འབབ༔ ཡུལ་རྒྱལ་ཁམས་གཉིས་དེ་དཀར་པོར་མཛེས༔ ཡང་ཉི་ཟླ་སྐར་གསུམ་བྱང་ཤར་འགྲོ༔ ཡུལ་འགའ་ཡི་མུན་པ་སེལ་ཡང་སྲིད༔ རྨ་སྤོམ་རའི་མདངས་ཆེན་གསལ་བར་འགྱུར༔ ཡང་རིན་ཆེན་རི་བོ་ལྷོ་རུ་འབབ༔ ས་རྡོ་འགའ་གསེར་དངུལ་འགྱུར་ཏེ་མཛེས༔ རབ་དཀར་བའི་ཟླ་བ་ནུབ་ཏུ་འགྲོ༔ གནས་བྱང་སེམས་ཕུག་ཏུ་འོད་དཀར་བཀྱེ༔ ཡང་ལྕགས་ཕུར་འབར་བ་ཤར་ལྷོར་འགྲོ༔ ཡུལ་རོང་བདུན་འོད་ཀྱིས་ཉིན་མོར་བྱེད༔ ཕ་དམ་པ་རྒྱ་གར་གསང་བའི་སྲས༔ དཔལ་བཟང་པོ་སྐྱོང་བའི་རྣམ་འཕྲུལ་པ༔ མི་རྐང་གཉིས་འཕྱེ་བོ་དད་དམ་ལྡན༔ ཆོས་ཟབ་གསང་འདི་ལ་རྣོ་ནུས་བསྐྱེད༔ ཡང་ཞི་བ་བཟང་པོའི་རྣམ་རོལ་གར༔ མི་རྒན་པོ་བརྩོན་འགྲུས་སྙིང་སྟོབས་ལྡན༔ ཆོས་ཐེག་པ་ཆེན་པོར་མོས་གུས་ལྡན༔ མི་དེས་ཀྱང་ཟབ་གསང་རྣོ་ངར་བསྐྱེད༔ རྗེ་དཔལ་གྱི་ཡེ་ཤེས་སྤྲུལ་པའི་གར༔ ཁོང་མཁས་བཙུན་ཆེན་པོ་གསལ་བའི་མཚན༔ དེས་བསྟན་པའི་མདངས་ཕྱུང་ཟབ་ཆོས་སྤེལ༔ རྗེ་དགའ་རབ་རྡོ་རྗེ་བཞད་པའི་ཞལ༔ ཀློང་ཆེན་པོའི་མཛོད་འཛིན་བརྟུལ་ཞུགས་འཆང་༔ འགྲོ་ཁམས་ཀྱི་མུན་སེལ་ཉིད་གཅིག་ཏུ༔ མདོ་དབུས་གཙང་ཁ་ལོ་བསྒྱུར་བར་བྱེད༔ དཔལ་བི་མ་མི་དྲ་བཞད་པའི་ཞལ༔ ཆས་རྣལ་འབྱོར་ཚུལ་ལྡན་ངེས་མེད་རྒྱུ༔ དཔལ་དེ་ལ་ཟབ་ཆོས་འདི་འཕྲོད་ན༔ ཡུལ་ཆེན་པོ་རྒྱ་བོད་ཁྱབ་ཀྱང་སྲིད༔ དཔལ་ཨ་ཏི་ཤ་ཡི་སྤྲུལ་པ་མཆོག༔ ཁོང་རྣལ་འབྱོར་ཐོགས་མེད་བྱ་བ་ལ༔ ཆོས་ཟབ་མོ་གསང་ཆེན་བཀའ་ཡང་བབས༔ དཔལ་སྟག་ཤམ་རྡོ་རྗེའི་རྣམ་རོལ་གར༔ ཁོང་སྔགས་བཙུན་རབ་ཀྱི་མིང་ཅན་ལ༔ ཆོས་ཟབ་གསང་སྙིང་པོའི་བཀའ་ཡང་བབས༔ བདུད་བགེགས་མདའ་གྲངས་མ་གཏོགས་པའི༔ ལར་ཁྱོད་དང་འཕྲད་པའི་བུ་སློབ་ལ༔ སྔོན་པཎ་གྲུབ་རྗེ་འབངས་དང་མཇལ་ཏེ༔ སྨོན་ལམ་དང་ལས་འཕྲོ་བཟང་པོ་ཡི༔ སྟོབས་དུས་ལ་བབས་པའི་སྐལ་ལྡན་ལས༔ གཞན་ཕལ་གྱི་སེམས་ཅན་འགའ་ཡང་མེད༔ དོན་དེ་ཕྱིར་དགའ་སྤྲོ་དང་ལྡན་ངང་༔ གང་འདུལ་གྱིས་འགྲོ་བའི་དོན་གྱིས་དང་༔ ང་མི་རིང་ཁྱོད་ཀྱི་ཚལ་དུ་འོང་༔ རྟེན་འབྲེལ་གྱི་སྣ་ཁ་མ་ལོག་ན༔ གདུལ་བྱ་ཡི་འགྲོ་དོན་ལྟ་ཅི་སྨོས༔ འཁོར་སློབ་མ་དམ་ལྡན་འཇའ་ལུས་འཐོབ༔ བརྒྱུད་འཛིན་ཡང་རིག་འཛིན་ཤ་སྟག་འབྱུང་༔ གདུང་བརྒྱུད་ཀྱང་འགྲོ་མགོན་དཔལ་འབར་ལ༔ ཉི་ཟླ་བཞིན་བསྟན་འགྲོའི་མུན་པ་སེལ༔ མའི་ཁ་ཆེམ་མ་བརྗེད་དེ་ཀའོ༔ ཨེ༔ ཁྱབ་བརྡལ་ནམ་མཁའ་ཡངས་པ༔ ཆོས་ཀུན་གཞི་རུ་ཨེ་ནམ༔ ཀློང་ཆེན་ཀུན་ཏུ་བཟང་མོ༔ འཁོར་འདས་གཞི་རུ་ཨེ་ནམ༔ ངང་གནས་ཡེ་ཤེས་ཆེན་པོ༔ ལམ་ཀུན་མདོ་རུ་ཨེ་ནམ༔ ལམ་གྱི་རིག་མཆོག་ཆེན་པོ༔ དམ་ཆོས་ཀུན་འདུས་ཨེ་ནམ༔ མ་བཅོས་གཞི་དབྱིངས་ཆོས་སྐུ༔ འབྲས་བུའི་རྒྱལ་པོ་ཨེ་ནམ༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ༔ རིག་པའི་རང་ངོར་ཨེ་ནམ༔ ངའི་ཡུལ་ཡངས་པ་ཆེན་པོ༔ སྣང་བའི་ཉམས་སུ་ཨེ་ནམ༔ གླུ་དབྱངས་སྙན་པའི་བརྡ་ཚིག༔ ཡུལ་མེད་ཆེན་པོར་ཨེ་ནམ༔ ང་ཡི་ཆོ་འཕྲུལ་བུ་ཁྱོད༔ མཁའ་དབྱིངས་འདི་རུ་ཨེ་ནམ༔ སྒྱུ་མའི་རྣལ་འབྱོར་ཆེན་པོ༔ ངོ་བོའི་དབྱིངས་སུ་ཨེ་ནམ༔ འགྲོ་འགྲོ་ང་དང་ཁྱོད་གཉིས༔ འགྲོ་ས་མེད་པའི་གཤིས་སུ༔ འགྲོ་མཁན་བདག་མེད་ཡུལ་མེད༔ ཟང་ཐལ་ཆེན་པོ་ཆམ་ཞོག༔ ཅེས་ཟེར་ཞིང་སྒྱུ་མའི་འཁྲུལ་འཁོར་ལྟ་བུར་ཞིག་གོ། །ཞེས་པ་འདི་ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་སྐྱེས་མཆོག་རྡོ་རྗེ་བཟང་པོས་ནན་ཏུ་བསྐུལ་བའི་ངོར་ཀ་དག་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའི་ཡི་གེ་པ་ནི་ཅོག་རོའི་སྤྲུལ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།