DUDJOM-THROMA-004
DUDJOM-THROMA-004
དབུ་ཁྲིད་༠༠༠༠༠༠༠༠བརྡ་ཡིག ༩༩ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་དབང་སྡུད་ཟིལ་གནོན་པདྨ་རྒྱས་པའི་ཆུན་འཕྱང་བཞུགས་སོ༔ དབུ་ཁྲིད་༠༠༠༠༠༠བརྡ་ཡིག ༡༠༠ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠༠༠༠༠བརྡ་ཡིག ༡༠༠ མཁའ་འགྲོའི་དབང་སྡུད་ཟིལ་གནོན་ལ༔ མི་རྐང་གླིང་བུའི་སྒྲ་དང་བཅས༔ སྣང་སྲིད་ཐམས་ཅད་རང་སྣང་ཀློང་༔ ཡེ་ནས་རྫོགས་ལྡན་རིག་པའི་ངང་༔ གཉིས་སུ་འཛིན་པའི་ཡུལ་སྣང་ཀུན༔ མ་ལུས་རང་སྣང་བདག་མེད་དུ༔ རོ་གཅིག་སྙོམས་པའི་བརྟུལ་ཞུགས་བསྐྱེད༔ རང་ཉིད་ཁྲོས་མའི་སྤྲུལ་པའི་འཁོར༔ ལས་མཛད་དཀར་སེར་དམར་ལྗང་མཐིང་༔ གྲངས་མེད་དཔག་ཡས་མཁའ་ཁྱབ་ཀྱིས༔ གཉིས་འཛིན་ལྷ་འདྲེ་མ་ལུས་པ༔ ཐལ་རྡུལ་རླུང་གིས་བསྐྱོད་པ་ལྟར༔ རང་དབང་མེད་པར་བཀུག་ནས་ནི༔ རང་གི་མངའ་འོག་བསྡུས་པ་ལས༔ ཀུན་གྱི་ཁྲོ་གཏུམ་དཔའ་ངར་ཟིལ༔ མཐུ་ནུས་སྐྱབས་བྲལ་ཉམ་ཐག་པ༔ ཉ་མོ་སྐམ་སར་བཏོན་བཞིན་བསྒོམ༔ མི་ལྤགས་གཡང་གཞིས་ཉོན་མོངས་བཅོམ༔ ཀུན་གྱི་བློ་ཡིད་གནས་འགྱུར་ནས༔ བྱང་ཆུབ་སེམས་ལྡན་གུས་འདུད་བསམ༔ ཕཊ་ཕཊ་ཕཊ༔ རང་ཉིད་སྐད་ཅིག་གིས་ཆོས་ཉིད་དོན་གྱི་རིག་སྐུ་མ་ཅིག་ཁྲོས་མ་ནག་མོ་ཆོས་སྐུ་སྐྱེ་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག༔ ཉག་གཅིག་བདེ་བ་ཆེན་པོ་མཚོན་པའི་ཞལ་གཅིག་པ༔ ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཆེན་པོ་མཚོན་པའི་ཕྱག་གཉིས༔ སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི་ཞབས་གཉིས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་ནམ་མཁའྀ་དབྱིངས་སུ་ཧྲིག་གེར་གཟིགས་པ༔ དོན་གཉིས་ལྷུན་གྱིས་གྲུབ་པ་མཚོན་པའི་ཤངས་བུག་གཉིས་ནས་ཧཱུྃ་གི་རང་སྒྲ་ལྡིར་བ༔ མཉམ་ཉིད་བདེ་བ་ཆེན་པོའི་ཞལ་གདངས་ཤིང་༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་བའི་བརྡར་མཆེ་བ་བཞི་གཙིགས་པ༔ འཁོར་འདས་མཉམ་པར་སྒྲོལ་བའི་ལྗགས་གློག་དམར་ལྟར་དུ་འདྲིལ་བ༔ བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས༔ ཀུན་རྟོག་ལྔ་བཅུ་རྩ་བརྒྱད་གནས་སུ་དག་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྫོགས་པའི་ཚེམས་ཕྲེང་ཟླ་ལྟར་བཀྲ་བ༔ གདོད་ནས་འཁྲུལ་མི་ཤེས་ཤིང་གཞན་རྒྱུད་ལ་ཡེ་ཤེས་ཆེན་པོས་རྒྱས་འདེབས་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཟར་བུ་ཐུར་དུ་འཕྱང་བ༔ རེ་དོགས་དབྱིངས་སུ་སྒྲོལ་ཞིང་མ་རིག་པའི་གཉིད་དཀྲོག་པའི་ཕག་ཞལ་ནག་པོ་གྱེན་དུ་ངུར་བའི་སྒྲས་སྟོང་གསུམ་གཡོ་བར་བྱེད་པ༔ སྐྱེ་འགགས་འགྱུར་བ་མེད་པའི་ཁྲོ་གཉེར་དང་སྨིན་མ་འབྲེལ་བ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཕྱག་སོར་བཅུ་རབ་ཏུ་ལྕུགས་པ༔ དུག་ལྔ་དང་ཕུང་ལྔ་གནས་སུ་དག་ཅིང་འཁོར་བའི་སྒོ་སྡོམ་པའི་ཞབས་སོར་བཅུ་མཛེས་ཤིང་བརྗིད་པ༔ དུས་སྦྱོར་དང་རྟེན་འབྲེལ་བཅུ་གཉིས་དག་པའི་ལྷུ་ཚིག་བཅུ་གཉིས་མཛེས་ཤིང་མཉེན་པ༔ བདེ་ཆེན་འཕོ་འགྱུར་མེད་པའི་ས་ལ་སྦྱོར་བའི་བྷ་ག་རྒྱས་ཤིང་༔ བརྒྱུད་འཛིན་རྗེས་སུ་འཛིན་པའི་ནུ་མ་འབུར་བ༔ འཁོར་འདས་ཡོངས་རྫོགས་འུབ་ཆུབ་ཏུ་རོལ་པའི་སྐུ་ཆེ་བརྗྀད་རབ་ཏུ་འཇིགས་པ༔ ཚོགས་བརྒྱད་གནས་སུ་དག་པའི་གར་གྱི་ཉམས་དང་ལྡན་ཅིང་༔ ཡུལ་བརྒྱད་གནས་སུ་དག་པའི་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པ༔ ཐབས་ཤེས་གཉིས་སུ་མེད་པ་བདེ་ཆེན་ཡབ་ཀྱི་མཚོན་པའི་ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་དུ་བརྟེན་པ༔ དུག་གསུམ་དབྱིངས་སུ་བསྒྲལ་ནས་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྩེ་གསུམ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཐོད་པ་ར་རི་སུམ་བརྩེགས་བསྐྱོན་པ༔ བྱང་ཆུབ་ཀྱི་སེམས་མཚོན་པའི་ཆུ་ཤིང་ནག་པོའི་ཡུ་བ་ལ༔ སྐུ་དང་ཞིང་ཁམས་ཐམས་ཅད་ཡོངས་སུ་རྫོགས་པའི་དར་སྣ་ལྔའི་དཔྱང་པ་ཕྱོགས་སུ་འཕུར་བའོ༔ དེ་འཁོར་བར་མ་ཆགས་པས་པདྨ༔ སྐྱོན་གྱིས་མ་གོས་པས་ཟླ་བ༔ ཡོན་ཏན་ཐམས་ཅད་རྫོགས་པའི་ཉི་མའི་གདན་གྱི་སྟེང་དུ་འཁོར་བའི་སྒོ་ཐམས་ཅད་གནོན་པའི་རོ་ཡི་གདན་ལ་སྐལ་ལྡན་བདེ་བ་ལ་འགོད་ཅིང་གདུལ་བྱའི་རེ་བ་སྐོང་ཕྱིར་གར་སྟབས་མཛད་པ༔ ཕྱག་གཡས་འཁོར་བ་གཞི་རུ་བཤིག་པའི་ཞིང་ཆེན་གྱི་གཡང་གཞི་ས་གསུམ་གྱི་གཞི་ལ་བརྡབས་པས་ཁམས་གསུམ་འཁོར་བ་སྐུ་གསུམ་གྱི་ཀློང་དུ་བཤིག་པ༔ དམ་པའི་ཆོས་ཀྱི་སྒྲས་སེམས་ཅན་ཐམས་ཅད་མ་རིག་པའི་མལ་ནས་སློང་སྟེ་སད་པར་བྱེད་པ་མཚོན་པའི་ཕྱག་གཡོན་མི་རྐང་གི་གླིང་བུ་ལྷང་ལྷང་འབུད་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་མཚོན་པའི་འོད་དང་མེ་དཔུང་འབར་བའི་ཀློང་དུ་བཞུགས་ཤིང་༔ ཆོས་སྐུ་སྐྱེ་འགགས་འགྱུར་བ་མེད་པ་མཚོན་པའི་སྣང་ལ་རང་བཞིན་མེད་པ༔ འཁོར་བའི་རང་གཟུགས་ངོམས་ནས་སྡུག་བསྔལ་གྱི་རྒྱུ་རྐྱེན་འཇོམས་ཕྱིར་གཟུགས་ཀྱི་སྐུར་ངོམས་པ༔ ཕྱོགས་དང་དུས་བྲལ་བ་རང་སྣང་འོག་མིན་གྱི་དབྱིངས་སུ་སྐུ་དང་ཡེ་ཤེས་ཞིང་དང་ཡེ་ཤེས་ཞིང་དང་བཀོད་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་སྣང་སྲིད་སྣོད་བཅུད་ཁམས་གསུམ་ཐམས་ཅད་ལ་དབང་བསྒྱུར་ཞིང་རོ་གཅིག་ཏུ་རོལ་པའི་བདག་ཉིད་ཅན་དུ་གྱུར༔ ཕཊ་ཕཊ་ཕཊ༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོ་སྟེ༔ ངོ་བོ་སྐྱེ་མེད་མཁའ་འགྲོ་འབུམ༔ སྟེང་གི་ལྷ་གདོན་དབང་དུ་བསྡུས༔ གཡོ་མེད་ཀྱི་ཀློང་དུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ རང་བཞིན་འགགས་མེད་མཁའ་འགྲོ་འབུམ༔ བར་སྣང་སྡེ་བརྒྱད་དབང་དུ་བསྡུས༔ སྤྲོས་མེད་ཀྱི་ཀློང་དུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ཤར་དུ་སྤྲུལ་པའི་མཁའ་འགྲོ་འབུམ༔ ཞེ་སྡང་རྒྱལ་པོ་དབང་དུ་བསྡུས༔ རང་གྲོལ་གྱི་ངང་དུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ལྷོ་རུ་སྤྲུལ་པའི་མཁའ་འགྲོ་འབུམ༔ ང་རྒྱལ་སྲི་གདོན་དབང་དུ་བསྡུས༔ མཉམ་གྲོལ་གྱི་དབྱིངས་སུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ ནུབ་ཏུ་སྤྲུལ་པའི་མཁའ་འགྲོ་འབུམ༔ འདོད་ཆགས་མོ་གདོན་དབང་དུ་བསྡུས༔ བདེ་ཆེན་གྱི་ཀློང་དུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ བྱང་དུ་སྤྲུལ་པའི་མཁའ་འགྲོ་འབུམ༔ ཕྲག་དོག་དམ་སྲི་དབང་དུ་བསྡུས༔ རྩོལ་མེད་ཀྱི་ངང་དུ་ཟིལ་གྱིས་གནོན༔ ཕཊ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ དབུས་ཕྱོགས་སྤྲུལ་པའི་མཁའ་འགྲོ་འབུམ༔ གཏི་མུག་ཀླུ་གདོན་དབང་དུ་བསྡུས༔ ཤེས་རབ་ཡེ་ཤེས་ཀྱི་ཟིལ་གནོན་ཐོབ༔ ཕཊ༔ མ་ཡེ་ཤེས་མཁའ་འགྲོའི་སྙིང་རྗེའི་རྩལ༔ ཤར་ལྷོར་ཞི་བའི་མཁའ་འགྲོ་འབུམ༔ དཀར་པོ་ལྷ་གདོན་དབང་དུ་བསྡུས༔ སྙིང་རྗེ་ཆེན་པོའི་ཟིལ་གནོན་ཐོབ༔ ཕཊ༔ མ་ཡེ་ཤེས་མཁའ་འགྲོའི་བྱམས་པའི་རྩལ༔ ལྷོ་ནུབ་རྒྱས་པའི་མཁའ་འགྲོ་འབུམ༔ སེར་མོ་གཉན་གདོན་དབང་དུ་བསྡུས༔ བྱམས་པ་ཆེན་པོའི་ཟྀལ་གནོན་ཐོབ༔ ཕཊ༔ མ་ཡེ་ཤེས་མཁའ་འགྲོའི་དགའ་བའི་རྩལ༔ ནུབ་བྱང་དབང་གི་མཁའ་འགྲོ་འབུམ༔ དམར་པོ་བཙན་གདོན་དབང་དུ་བསྡུས༔ དགའ་བ་ཆེན་པོའི་ཟིལ་གནོན་ཐོབ༔ ཕཊ༔ མ་ཡེ་ཤེས་མཁའ་འགྲོའི་བཏང་སྙོམས་རྩལ༔ བྱང་ཤར་མངོན་སྤྱོད་མཁའ་འགྲོ་འབུམ༔ ནག་པོ་བདུད་སྡེ་དབང་དུ་བསྡུས༔ བཏང་སྙོམས་ཆེན་པོའི་ཟིལ་གནོན་ཐོབ༔ ཕཊ་ཕཊ་ཕཊ༔ མ་ཡེ་ཤེས་མཁའ་འགྲོའི་ཐུགས་རྗེ་དང་༔ དམ་ཚིག་མཁའ་འགྲོའི་སྟོབས་རྩལ་དང་༔ འཇིག་རྟེན་མཁའ་འགྲོའི་ནུས་མཐུ་ཡིས༔ ཕོ་གདོན་རྒྱལ་འགོང་དབང་དུ་བསྡུས༔ མོ་གདོན་འདྲེ་མོ༴ ཀླུ་གདོན་ས་བདག༴ གནས་གདོན་ལུས་གདོན༴ ལྷ་སྲིན་སྡེ་བརྒྱད༴ སྣང་སྲིད་ལྷ་སྲིན༴ ཡུལ་འདྲེ་ཡུལ་གཤེད༴ ནག་ཕྱོགས་གདུག་ཅན༴ ཁམས་གསུམ་མ་ལུས་དབང་དུ་བསྡུས༔ ཐམས་ཅད་ཟིལ་གྱིས་གནོན་པར་གྱུར༔ གཡོ་མེད་ཀྱི་ངང་དུ་ཟིལ་གནོན་ཐོབ༔ ལྡང་མེད་དུ་ནུས་རྩལ་ཆོམ་གྱུར་ཅིག༔ འགུལ་མེད་དུ་བྲོ་རྒྱས་རབ་ཏུ་ཐོབ༔ ལྡོག་མེད་དུ་བྱང་ཆུབ་སེམས་རྒྱས་ཐོབ༔ འདའ་མེད་དུ་བཀའ་ལ་ཉན་པར་གྱུར༔ འཁྲུལ་མེད་ཀྱི་རང་གྲོལ་ཀློང་བརྡོལ་ནས༔ འགྱུར་མེད་ཀྱི་ཞིང་ཁམས་མཐོང་གྲོལ་ཤོག༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གདུག་ཅིང་སྡང་སེམས་ལྷ་འདྲེ་རྣམས༔ གང་དུ་འཆུག་པའི་ས་མེད་པར༔ རང་གི་མངའ་འོག་འུབ་ཀྱིས་འདུས༔ གདུག་སེམས་མཐུ་རྩལ་ཀུན་ཆོམ་ནས༔ མཁའ་ལྡིང་འདབ་གཤོག་དང་བྲལ་ཞིང་༔ དཔའ་ཞུམ་འདར་ཆུམ་ཉམ་ཐག་ནས༔ བདག་གི་ཟིལ་གྱིས་གནོན་པར་བསམ༔ དམིགས་གནད་དང་ལྡན་སྐལ་ལྡན་གྱིས༔ ཁམས་གསུམ་མ་ལུས་དབང་སྡུད་འགྱུར༔ བཀའ་འདི་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ས་ར་ཧ་པའི་ལག་མཐིལ་རིས། །རིག་འཛིན་ཆོས་ཉིད་ཀློང་རྡོལ་གྱིས། །གཞོམ་བྲལ་ཆོས་སྐུའི་ཀློང་ནས་བཏོན། །དག་པར་ཕབ་པའི་ཡི་གེ་པ། །རྣལ་འབྱོར་པདྨ་བཀྲ་ཤིས་སོ། །དགེ་བས་འགྲོ་ཁམས་དོང་སྤྲུགས་ཤོག །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།