DUDJOM-THROMA-007
DUDJOM-THROMA-007
སྱྃ༔ མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཨོ་རྒྱན་པདྨ་བདུད་འདུལ་གྱི་གསོལ་འདེབས་དགོངས་པའི་གནད་བསྐུལ་བཞུགས་སོ༔ ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱི༔ ངེས་འབྱུང་དད་པས་དགོངས་པའི་གནད་བསྐུལ་ལ༔ ཨེ་མ་ཧོ༔ རྒྱལ་ཀུན་དགོངས་པ་ལྷུན་རྫོགས་གར་གྱི་དབང་༔ དཔའ་བོ་མཁའ་འགྲོ་ཡོངས་འདུས་ཚོགས་ཀྱི་མཆོག༔ འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཀུན་ལས་ཐུགས་རྗེ་མྱུར་བའི་མཆོག༔ དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ༔ ཁྱབ་བདག་སྐུ་བཞིའི་སྤྱི་དཔལ་ཁྱོད་དྲན་ནས༔ མོས་གུས་གདུང་བའི་ང་རོས་གསོལ་བ་འདེབས༔ དུས་ཀྱི་མར་གཤམ་སྙིགས་མའི་སེམས་ཅན་ལ༔ ཐུགས་རྗེ་རྒྱུན་ཆད་མེད་པར་སྤྱན་གྱིས་གཟིགས༔ སྔོན་གྱི་ཞལ་བཞེས་དམ་བཅའ་འདི་མིན་ནམ༔ གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལ༔ བྱིན་གྱིས་བརླབས་ཤིང་རྗེས་སུ་འཛིན་པ་དང་༔ དད་ལྡན་མི་ལ་སྐད་ཅིག་འབྲལ་བ་མེད༔ ཅེས་གསུངས་རྡོ་རྗེའི་ཚིག་ལ་མི་དགོངས་སམ༔ དུས་ངན་ལྔ་བརྒྱའི་སྐྱེ་བོ་བདག་འདྲ་ལ༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ལོ་ཉེས་སད་སེར་མུ་གེ་འཁྲུགས་རྩོད་དང་༔ མ་མོའི་དལ་ཡམས་དུས་ཀྱི་ཕུང་སྲིའི་རིགས༔ མི་ཕྱུགས་ཀུན་ལ་མི་འདོད་ཉེས་པའི་ཚོགས༔ རྒྱ་འདྲེ་འགོང་པོ་སྨོན་ལོག་བསྟན་བཤིག་དང་༔ བོད་ཁམས་ཕུང་བྱེད་དམ་སྲི་སྤུན་དགུའི་སྡེ༔ ཤི་འདྲེ་གྲོང་འདྲེས་གསོན་ལ་འཚེ་བ་དང་༔ བསླུ་བྲིད་བར་ཆད་བདུད་ཀྱི་གཡུལ་འགྱེད་སོགས༔ ཐམས་ཅད་བཟློག་ཅིང་བཏུལ་བའི་དུས་ལ་བབ༔ བསྐུལ་ལོ་བསྐུལ་ལོ་ཨོ་རྒྱན་རིན་པོ་ཆེ༔ དབྱིངས་ནས་བཞེངས་ཤིག་རྡོ་རྗེ་ཐོད་ཕྲེང་རྩལ༔ དགྲ་བགེགས་ཀུན་སྒྲོལ་ཡང་ཁྲོས་གྲོ་བོ་ལོད༔ མི་བཟོད་སྡུག་བསྔལ་ཉེས་ཚོགས་གཡོ་འཁྲུགས་ཀུན༔ མཐུ་རྩལ་ནུས་སྟོབས་དྲག་པོས་བཟློག་བསྒྱུར་མཛོད༔ བསྟན་འགྲོའི་དགེ་ལེགས་ཡར་ངོའི་ཟླ་ལྟར་སྤེལ༔ གཏན་གྱི་མགོན་པོ་ཁྱེད་ལ་གསོལ་བ་འདེབས༔ བསམ་པའི་དོན་ཀུན་འབད་མེད་ལྷུན་གྲུབ་མཛོད༔ བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ༔ ལས་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ ཨོ་རྒྱན་ཆེན་པོའི་དགོངས་ཀློང་ཆེན་གྲོལ་ནས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་མཐུ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་རྩལ་སྣང་ཡི་གེའི་རིས་སུ་བྲིས་པ་བྱིན་རླབས་རྣོ་ནུས་ཤིན་ཏུ་ཆེ་བའི་རྟེན་འབྲེལ་ཡོད། དགེའོ།། །།