DUDJOM-THROMA-010
DUDJOM-THROMA-010
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མའི་ཐུགས་རྒྱུད་བསྐུལ་བ་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཟོལ་མེད་དོན་གྱི་རྣལ་འབྱོར་ཆེན་པོ་ཡི༔ སྨིན་གྲོལ་དབང་གི་ཀློང་མཛོད་བླ་མ་དེ༔ རང་གི་རིག་པའི་ངོ་བོར་ཤེས་པའི་ངང་༔ དབྱེར་མེད་རོ་གཅིག་མཉམ་པ་ཉིད་དུ་གནས༔ དེ་ནི་དོན་ཀྱི་བླ་མ་སྒྲུབ་པ་མཆོག༔ དེ་མིན་བླ་མ་ཡུལ་དུ་འཛིན་པ་ཡི༔ གང་ཟག་དད་དང་ལྡན་པ་མཐའ་དག་གིས༔ བླ་མ་སྤྱི་མགྲིན་སྙིང་ཁར་བསྒོམས་བྱས་ནས༔ གསོལ་འདེབས་དབང་ལེན་ཐུགས་ཡིད་རོ་གཅིག་བསྲེ༔ དེས་ནི་བླ་མའི་དགོངས་རྒྱུད་སློབ་མར་འཕོ༔ ཡང་དག་ལམ་ལས་ཕྱིར་མི་ལྡོག་པར་འགྱུར༔ དེ་ཕྱིར་འདི་ལ་བརྩོན་པ་གནད་དུ་ཟུངས༔ འཁྲུལ་འཁོར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཡེ་གཞི་གདོད་མའི་མཁའ་རུ་ཕཊ་ཀྱིས་བཤིག༔ ཕཊ་ཕཊ་ཕཊ༔ རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས༔ ཡེ་གཞི་དོན་གྱི་སངས་རྒྱས་བླ་མར་ཤར༔ ཧེ་རུ་ཀ་དཔལ་རྡོ་རྗེ་ལྕགས་ཕུར་གདེངས༔ རཱ་གའི་མདངས་ལྡན་འདོར་སྟབས་སྟག་ཤམ་གསོལ༔ གཉིས་སྣང་རཱུ་དྲ་ཕོ་མོ་གདན་དུ་བཏིང་༔ སྣ་ཚོགས་རཏྣ་རུས་པའི་རྒྱན་གྱིས་སྤྲས༔ ཡེ་ཤེས་འཇའ་འོད་ཐིག་ལེ་འཁྲིགས་པའི་ཀློང་༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོར་བསྐྱེད༔ ཕཊ་ཕཊ་ཕཊ༔ ཡེ་གཞི་གདོད་མའི་ངང་ལས་མ་གཡོས་ཀྱང་༔ ཉིད་ལས་མི་གཞན་རང་སྣང་སྟོན་འཁོར་ཤར༔ སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ དཔལ་ལྡན་བླ་མའི་སྐུ་ལ་གསོལ་བ་འདེབས༔ རང་བྱུང་ཡེ་ཤེས་རོལ་པའི་རང་རྩལ་ལས༔ སྨིན་གྲོལ་གདམས་པའི་དགའ་སྟོན་འགྱེད་པའི་སྒོ༔ ཕྱོགས་དང་རིས་མེད་གདུལ་བྱའི་དཔལ་དུ་ཕྱེས༔ དྲིན་ཆེན་བླ་མའི་གསུང་ལ་གསོལ་བ་འདེབས༔ ཐུགས་གསང་ཉག་གཅིག་བདེ་བ་ཆེན་པོའི་ཀློང་༔ འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་ཆུབ༔ ཆོས་རྣམས་མ་ལུས་ཆོས་ཉིད་ཆེན་པོར་རོལ༔ དྲིན་ཆེན་བླ་མའི་ཐུགས་ལ་གསོལ་བ་འདེབས༔ བདག་འཛིན་བག་ཆགས་འཐས་པའི་སྒྱུ་ལུས་འདི༔ བདག་མེད་མཉམ་ཉིད་དགོངས་པས་བྱིན་གྱིས་རློབས༔ ཡུལ་འཛིན་བག་ཆགས་འཐས་པ་སྣང་བའི་ཡུལ༔ ཡུལ་མེད་ཟང་ཐལ་དགོངས་པས་བྱིན་གྱིས་རློབས༔ སེམས་དང་སེམས་བྱུང་འཁྲུལ་པའི་འཁོར་ལོ་འདི༔ ཀ་དག་ཆོས་སྐུའི་དགོངས་པས་བྱིན་གྱིས་རློབས༔ རེ་དོགས་བདེ་སྡུག་ཉེ་བར་ལེན་པའི་སེམས༔ ཆོས་དབྱིངས་སྤྲོས་བྲལ་དགོངས་པས་བྱིན་གྱིས་རློབས༔ མ་དག་འཁོར་བར་འཕྱན་པའི་སྒོ་གསུམ་འདི༔ རྡོ་རྗེ་གསུམ་གྱི་རོལ་པར་བྱིན་གྱིས་རློབས༔ འདི་ལྟར་འཁྲུལ་པའི་སྣང་དང་སྣང་ཆར་བཅས༔ སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན༔ ཀ་དག་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པར་བསྲེས་ཏེ་ཕཊ་ཀྱི་སྒྲ་དང་བཅས་ཏེ་མཉམ་པར་ཡང་ཡང་བཞག༔ མ་འོངས་པདྨ་འབྱུང་་གནས་བརྒྱུད་འཛིན་རྣམས༔ བསྙེན་སྒྲུབ་སྒོམ་བཟླས་ཀུན་གྱི་ཐོག་མ་རུ༔ བླ་མ་སྒོམ་དང་གསོལ་འདེབས་འདི་ལ་འབད༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་མ་ནུས་སྤྲང་པོ་ཧར་སངས་ཡན་པས་བྲིས། དགེའོ། །དགེའོ། །དགེའོ།། །།