DUDJOM-THROMA-012
DUDJOM-THROMA-012
༄༅། །ཚོགས་བསགས་ཡན་ལག་བདུན་པ་ནི༔ ཕཊ༔ མ་ཁྱབ་བདག་ཡེ་ཤེས་མཁའ་འགྲོ་མ༔ ཆོས་སྐུའི་ཀློང་ནས་མ་གཡོས་ཀྱང་༔ གདུལ་དཀའ་འདུལ་ཕྱིར་གཟུགས་སྐུར་བཞེངས༔ བདག་གི་མོས་ངོར་མཁྱེན་བརྩེས་རོལ༔ ཞིང་རྡུལ་གྲངས་མཉམ་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་མེད་པར་མཆོད་པ་འབུལ༔ ཚེ་རབས་བསགས་པའི་ལས་ཉོན་སྡིག༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ འགྲོ་རྣམས་གཏན་བདེའི་རྒྱུར་གྱུར་པའི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་ཕྱིར༔ གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོང་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བདག་གི་དུས་གསུམ་བསགས་པའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྡུག་བསྔལ་གྱིས་བཅིངས་སེམས་ཅན་ཀུན༔ བདེ་བར་གཤེགས་པའི་ས་ཐོབ་ཤོག༔ ཅེས་རང་སློབ་ཨོ་རྒྱན་མིང་གིས་བསྐུལ་ངོར་སྤྲང་མ་ནུས་སེམས་ཉིད་ཧད་པོས་སྨྲས་པ་དགེ །སརྦ་མངྒ་ལཾ།། །།