DUDJOM-THROMA-022

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-022

སྱྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་ཅིག་ཁྲོས་མ་ནག་མོའི་བཀའ་སྲུང་སྡེ་ལྔའི་བསྐང་གསོལ་བསྡུས་པ་བཞུགས་སོ༔ སྱྃ༔ ༠༠༠༠༠བརྡ་ཡིག་༢༤༧༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་ཅི་རིགས་བཤམས་བྱས་ཏེ༔ ཡིད་སྤྲུལ་ནམ་མཁའ་མཛོད་དུ་སྤེལ༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ༔ ར༔ སྟེང་ཕྱོགས་ནམ་མཁའི་དཀྱིལ་འཁོར་ནས༔ གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔ ཤར་ཕྱོགས་འོ་མཚོ་རོལ་པ་ནས༔ ཀླུ་རྒྱལ་མི་མགོན་དཀར་པོ་འབོད༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ གཤིན་རྗེ་ཡ་མ་རཱ་ཛ་འབོད༔ ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་ནས༔ བཙན་དམར་ཤན་པ་ཀུས་འདེབས་འབོད༔ བྱང་ཕྱོགས་ཁྲག་མཚོ་འཁྱིལ་ཀློང་ནས༔ མ་མོ་སྲིད་པའི་རྒྱལ་མོ་འབོད༔ དམ་ཚིག་གཉན་གྱིས་འབོད་ལགས་ན༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ རཿ ནཿ ཡཿ ཙཿ མཿ ས་མ་ཡ་ཛ་ཛཿ ཨོཾ་ཨཱཿ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ འདོད་རྒུའི་ལོངས་སྤྱོད་དཔག་མེད་ཀྱིས༔ དྲང་སྲོང་གཟའ་མཆོག་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ ཀླུ་རྒྱལ་མི་མགོན་དཀར་པོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ གཤིན་རྗེ་ཡ་མ་རཱ་ཛ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དགྲ་བགེགས་གནོད་བྱེད་ཆམ་ལ་ཕོབ༔ བཙན་དམར་ཤན་པ་ཀུས་འདེབས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་དོན་སྒྲུབས་ལ་དགྲ་བགེགས་སྒྲོལ༔ མ་མོ་སྲིད་པའི་རྒྱལ་མོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ མ་ལྟར་བརྩེ་ཞིང་གདུང་བས་སྐྱོངས༔ བཀའ་སྲུང་དྲེགས་པ་སྡེ་ལྔ་ཡི༔ འཁོར་དང་ཡང་འཁོར་བཅས་པ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ཀྱི༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་ཡོན་རྒྱས་པ་དང་༔ མོས་པ་རྣམ་བཞིས་དབང་དུ་སྡུས༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ དང་པོ་ཕྱག་ན་རྡོ་རྗེའི་བཀའ༔ བར་དུ་རིག་འཛིན་བརྒྱུད་པའི་དམ༔ ཐ་མ་རྣལ་འབྱོར་བདག་གི་ཚིག༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ བཀའ་སྲུང་གཉན་པོས་བུ་ལྟར་སྐྱོངས༔ ལེགས་པའི་ཡོན་ཏན་རིམ་གྱིས་འཕེལ༔ ཕྱི་ནང་བར་ཆད་གེགས་སེལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་སློབ་བུ་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།