DUDJOM-THROMA-026
DUDJOM-THROMA-026
དབུ་ཁྲིད་བརྡ་ཡིག༢༦༣༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་པའི་རྒྱལ་པོ་ཡེ་ཤེས་འོད་ཟེར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག་༢༦༤༔ གསང་སྔགས་རྡོ་རྗེ་ཐེག་པ་ཡི༔ སྒོ་རུ་ཞུགས་པའི་སྐྱེས་བུ་ཀུན༔ རྡོ་རྗེའི་དམ་ཚིག་གཉན་པོ་ལ༔ དབང་མེད་མ་ཚོར་མ་རིག་དང་༔ མི་ཤེས་དབང་གིས་ཉམས་ཆག་དང་༔ འགལ་ཞིང་ཉེས་ལྟུང་འབྱུང་འགྱུར་བས༔ ཁ་ཙམ་ཚིག་ཙམ་མ་ཡིན་པར༔ རྡོ་རྗེའི་བླ་མ་ཡིད་བྱེད་ཅིང་༔ གཉེན་པོ་སྟོབས་བཞིའི་སྟོབས་ཤུགས་ཀྱིས༔ བཤགས་དང་སྦྱངས་པའི་གནད་འདིར་འབད༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་འཛིན་པ་དང་བྲལ་བས༔ ཉམས་ཆག་བསྐང་བའི་ཐབས་འདིར་བརྩོན༔ ཨེ་མ་ཧོཿ རང་གི་མདུན་གྱི་ནམ་མཁའ་རུ༔ འཇའ་དང་འོད་ཕུང་འཁྲིགས་པའི་ཀློང་༔ པདྨ་དང་ནི་ཉི་ཟླའི་སྟེང་༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ ཀུན་ཏུ་བཟང་པོའི་རྣམ་པར་གསལ༔ སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལས༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་ལྷ༔ མཚོ་ལ་གཟའ་སྐར་བཀྲ་བཞིན་གསལ༔ ཧོཿ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ དྲིན་ཆེན་བླ་མ་ལ་ཕྱག་འཚལ༔ འཁྲུལ་པ་གཞི་རུ་བཤིག་པའི་ཕྱིར༔ ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ༔ ཉོན་མོངས་ཞེ་སྡང་གནས་དག་ཕྱིར༔ རྡོར་སེམས་ཡབ་ཡུམ་ལ་ཕྱག་འཚལ༔ ཉོན་མོངས་ང་རྒྱལ་གནས་དག་ཕྱིར༔ རིན་འབྱུང་ཡབ་ཡུམ་ལ༴ ཉོན་མོངས་འདོད་ཆགས་གནས་དག་ཕྱིར༔ སྣང་མཐའ་ཡབ་ཡུམ་ལ༴ ཉོན་མོངས་ཕྲག་དོག་གནས་དག་ཕྱིར༔ དོན་གྲུབ་ཡབ་ཡུམ་ལ༴ ཉོན་མོངས་གཏི་མུག་གནས་དག་ཕྱིར༔ རྣམ་སྣང་ཡབ་ཡུམ་ལ༴ ཚོགས་བརྒྱད་རྟོག་པ་གནས་དག་ཕྱིར༔ སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ༔ ཡུལ་བརྒྱད་རྟོག་པ་གནས་དག་ཕྱིར༔ སེམས་མ་བརྒྱད་ལ༴ ཉོན་དྲུག་རྟོག་པ་གནས་དག་ཕྱིར༔ ཐུབ་པ་དྲུག་ལ༴ རྟག་ཆད་མུ་བཞི་གནས་དག་ཕྱིར༔ སྒོ་བ་ཡབ་ཡུམ་ལ་ཕྱག་འཚལ༔ ཧོཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བདེ་གཤེགས་ཡབ་ཡུམ་སྲས་བཅས་དགོངས༔ བདག་གི་སྒོ་གསུམ་བག་མེད་པས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ ཚུལ་བཞིན་བསྲུང་བར་མ་ནུས་ཏེ༔ ཉམས་ཆག་འགལ་འདས་ནོར་འཁྲུལ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ ཕྱིན་ཆད་མི་བགྱིད་སྡོམ་ལགས་སོ༔ ན་རཀ་དོང་སྤྲུགས་ཡང་སྙིང་བཟླ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ཧཱུྃ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ ཟླ་བ་དང་ནི་ཆུ་ཟླ་བཞིན༔ གདུལ་དཀའ་འདུལ་ལ་ཕྱག་འཚལ་ལོ༔ བདག་ལྟའི་རཱུ་དྲ་ཡོངས་སྒྲོལ་ཕྱིར༔ ཆེ་མཆོག་ཡབ་ཡུམ་ལ་ཕྱག་འཚལ༔ གཏི་མུག་རྟོག་པ་རང་གྲོལ་ཕྱིར༔ སངས་རྒྱས་ཁྲག་འཐུང་ལ༴ ཞེ་སྡང་རྟོག་པ་རང་གྲོལ་ཕྱིར༔ རྡོ་རྗེ་ཁྲག་འཐུང་ལ༴ ང་རྒྱལ་རྟོག་པ་རང་གྲོལ་ཕྱིར༔ རིན་ཆེན་ཁྲག་འཐུང་ལ༴ འདོད་ཆགས་རྟོག་པ་རང་གྲོལ་ཕྱིར༔ པདྨ་ཁྲག་འཐུང་ལ༴ ཕྲག་དོག་རྟོག་པ་རང་གྲོལ་ཕྱིར༔ ལས་ཀྱི་ཁྲག་འཐུང་ལ༴ འབྱུང་ཁམས་གནས་སུ་དག་པའི་ཕྱིར༔ ཁྲོ་མོ་ལྔ་ལ་ཕྱག་འཚལ་ལོ༔ ཚོགས་བརྒྱད་རྟོག་པ་རང་གྲོལ་ཕྱིར༔ ཀོའུ་རི་བརྒྱད་ལ༴ ཡུལ་བརྒྱད་རྟོག་པ་རང་གྲོལ་ཕྱིར༔ སིངྷ་མ་བརྒྱད་ལ་ཕྱག་འཚལ༔ ཁམས་གསུམ་སྐུ་གསུམ་དབྱིངས་སྒྲོལ་ཕྱིར༔ སྤོར་བྱེད་དྲུག་ལ་ཕྱག་འཚལ་ལོ༔ སྐྱེ་བ་རྣམ་བཞིའི་སྒོ་གཅོད་ཕྱིར༔ སྒོ་མ་བཞི་ལ་ཕྱག་འཚལ་ལོ༔ ཉོན་མོངས་རྟོག་ཚོགས་རང་གྲོལ་ཕྱིར༔ དབང་ཕྱུག་ཉེར་བརྒྱད་ལ་ཕྱག་འཚལ༔ ཧོཿ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་འཛིན་ཞེན་པ་བྲལ་བ་ཡིས༔ དམ་ཚིག་ཉམས་ཆག་བསྐང་ཕྱིར་འབུལ༔ བདག་གི་སྒོ་གསུམ་བག་མེད་པས༔ བཀའ་ལུང་བཞིན་དུ་མ་སྤྱད་དེ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཇི་མཆིས་པ༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ༔ ལྟ་ལོག་ངན་སེམས་ངག་ཏུ་སྨྲས༔ བརྡེག་བཙོག་གནོད་པ་དངོས་སུ་བསྐྱལ༔ གཡོ་སྒྱུས་རྒྱུད་བསླུས་ལྐོག་གྱུར་སྤྱད༔ སྒོ་གསུམ་བག་མེད་དམ་ཉམས་བཤགས༔ ལྷ་དང་དཀྱིལ་འཁོར་ཉམས་མ་གསལ༔ ཛཔ྄་བཟླས་མ་དག་ཟུར་ཆག་ཉམས༔ གསང་བར་འོས་དང་གཉེར་གཏད་སྨྲས༔ གསང་བཅུ་བསྒྲགས་ཤིང་བླ་མ་བསླུས༔ རྩ་བའི་དམ་ཉམས་མཐོལ་ཞིང་བཤགས༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ ཤེས་བྱ་ལྔ་དང་སྒྲུབ་བྱ་ལྔ༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཡན་ལག་དམ་ཉམས་མཐོལ་ཞིང་བཤགས༔ བསྙེན་སྒྲུབ་ཏིང་འཛིན་དམ་གཡེལ་འགྱང་༔ ཉ་སྟོང་དུས་དྲུག་དུས་མཆོད་ཆག༔ ལེ་ལོ་གསོག་འཇོག་ཚོགས་སྤྱང་བྱས༔ ཕུད་ལྷག་ཉམས་ཤིང་ཁ་ཚར་ཤོར༔ ཚོར་དང་མ་ཚོར་སྐྱོན་དབང་གིས༔ བག་མེད་དབང་གྱུར་དམ་ཉམས་བཤགས༔ འཁོར་འདས་སྟོང་ཉིད་རང་བཞིན་ལ༔ དངོས་འཛིན་བདེན་ཞེན་འཐས་པ་བཤགས༔ ཆོས་ཀུན་ཆོས་ཉིད་ཆེན་པོར་གཅིག༔ ཚུལ་བཞིན་མ་རྟོགས་འཁྲུལ་པ་བཤགས༔ ཆོས་ཉིད་སྐྱོན་དང་བྲལ་བ་ལ༔ བཟང་ངན་རེ་དོགས་བལྟས་པ་བཤགས༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ མངོན་དུ་མ་གྱུར་འཁྲུལ་པ་བཤགས༔ གཞན་ཡང་འཁོར་བ་ཐོག་མེད་ནས༔ མི་ཤེས་མ་རིག་དབང་གྱུར་ཏེ༔ མཐའ་མེད་འཁོར་བའི་ལས་བསགས་པས༔ སྡིག་སྒྲིབ་ཉེས་ལྟུང་བག་ཆགས་ཀུན༔ གནོང་ཞིང་འགྱོད་སེམས་དྲག་པོ་ཡིས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཕྱིན་ཆད་མི་བགྱིད་སྡོམ་པར་བགྱི༔ ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱིས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ ༁ྃ༔ དེ་ནས་ཐུགས་དམ་བསྐང་བ་ལ༔ དང་པོ་བདུད་རྩིས་བསྐང་བ་ནི༔ ཧཱུྃ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ རྩི་བཅུད་འབྲུ་སྨན་ནུས་པའི་བཅུད༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་ཏེ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་གཞི་ཡངས་པའི་ཀ་པཱ་ལར༔ ཀུན་སྣང་བདུད་རྩིའི་རོལ་པར་བསྒྱུར༔ ཀུན་འབྱུང་བདེ་ཆེན་བདུད་རྩི་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཆོས་དབྱིངས་རྣམ་དག་བྷནྡྷ་རུ༔ ཡེ་ཤེས་རིགས་ལྔའི་བདུད་རྩི་འཁྱིལ༔ མྱོང་ཚད་ཟག་མེད་བདེ་ཆེན་བསྐྱེད༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཉམས་ཆག་ཉེས་ལྟུང་ཐམས་ཅད་ཀུན༔ བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ གཉིས་པ་རཀྟས་བསྐང་བ་ནི༔ ཧཱུྃ༔ ནམ་མཁའ་ཡངས་པའི་མཁའ་ཀློང་དུ༔ འབྱུང་བཞི་འཁོར་བའི་རཀྟར་བསྒྱུར༔ རྩི་བཅུད་དམར་པོ་འབྱུང་བའི་ཁྲག༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བདག་རྟོག་རཱུ་དྲ་མ་རཱུ་དྲ༔ སྣ་ཚོགས་སྣང་བའི་ཆོས་སོ་ཅོག༔ བདག་མེད་ཆེན་པོར་ཡོངས་བསྒྲལ་བའི༔ རཀྟ་དམར་གྱི་རྒྱ་མཚོ་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བར་འཁྱམས་པ་ཡི༔ ལས་ཉོན་བཤགས་སོ་དག་པར་མཛོད༔ གསུམ་པ་གཏོར་མས་བསྐང་བ་ནི༔ ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞོང་པ་རུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ ཉི་ཟླ་གཟའ་སྐར་གཏོར་རྒྱན་སྤྲས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་ཁྱབ་སྟོང་པའི་གཏོར་གཞོང་དུ༔ སྣ་ཚོགས་སྣང་བའི་གཏོར་མ་བཤམས༔ འདོད་ཡོན་རང་བྱུང་གཏོར་རྒྱན་སྤྲས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཀ་དག་སྤྲོས་བྲལ་གཞོང་པ་རུ༔ ལྷུན་གྲུབ་རྫོགས་པའི་གཏོར་མ་བཤམས༔ ཡེ་ཤེས་ལྔ་ཡི་གཏོར་རྒྱན་སྤྲས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ རྣམ་གྲོལ་འབྲས་བུ་ཐོབ་པར་ཤོག༔ བཞི་པ་མར་མེས་བསྐང་བ་ནི༔ ཧཱུྃ༔ རིན་ཆེན་སྣ་ལྔའི་ཀོང་བུ་རུ༔ རྩི་མར་འབྲུ་མར་མར་ཁུས་གཏམས༔ འབྱུང་བ་མེ་ཡི་སྒྲོན་མེ་སྦར༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ གཟུང་འཛིན་སེམས་ཀྱི་ཀོང་བུ་རུ༔ རིག་པ་རང་བྱུང་མར་ཁུས་གཏམས༔ ཤེས་རབ་ཡེ་ཤེས་སྒྲོན་མེ་སྦར༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་ཁྱབ་ཐིག་ལེའི་ཀོང་བུ་རུ༔ སྐུ་དང་ཡོན་ཏན་བཅུད་དུ་འཁྱིལ༔ མངོན་གྱུར་ཡེ་ཤེས་སྒྲོན་མེ་སྦར༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ མར་མེ་འདི་ཡི་བསོད་ནམས་ཀྱིས༔ མ་རིག་མུན་པ་དྲུང་འབྱིན་ཏེ༔ ཆོས་ཉིད་རང་ཞལ་མངོན་གྱུར་ནས༔ ཡེ་ཤེས་སྤྱན་དང་ལྡན་གྱུར་ཅིག༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ ལས་ཉོན་བག་ཆགས་ཀུན་དག་ནས༔ ས་བཅུ་ལམ་ལྔ་མཐར་ཕྱིན་ཏེ༔ རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཧོཿ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ ཐེག་ཆེན་སྤྱོད་པའི་རྣལ་འབྱོར་གྱིས༔ བསོད་ནམས་བསགས་སོགས་རྣམ་དཀར་གྱི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ བདེ་གཤེགས་ཡབ་ཡུམ་སྲས་བཅས་ཀྱིས༔ གང་ལ་གང་འདུལ་ཐབས་དུ་མས༔ འགྲོ་ཁམས་རྒྱ་མཚོ་མ་སྟོང་བར༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཇི་སྲིད་འཁོར་བ་གནས་ཀྱི་བར༔ དེ་སྲིད་མྱ་ངན་མི་འདའ་བར༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ འདིས་མཚོན་བདག་གི་དུས་གསུམ་དགེ༔ བསྡུས་ཏེ་མ་གྱུར་སེམས་ཅན་ཀུན༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་འཐོབ་ཕྱིར་བསྔོ་བར་བགྱི༔ མཁའ་མཉམ་སེམས་ཅན་མ་ལུས་པའི༔ མ་དག་འཁྲུལ་པའི་སེམས་སྣང་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ བདག་དང་བདག་ལ་འབྲེལ་ཐོགས་ཀུན༔ རང་རིག་ཡེ་ཤེས་མངོན་གྱུར་ཏེ༔ ཀ་དག་ཆོས་སྐུའི་དགོངས་ཀློང་དུ༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ འདི་ལྟར་རྟག་ཏུ་བཤགས་སྦྱང་གི༔ གནད་དང་ལྡན་པ་གང་སུ་དག༔ ལམ་གྱི་ལམ་མཆོག་དམ་པར་འཛུད༔ ཉམས་རྟོགས་ཡོན་ཏན་གོང་འཕེལ་ཞིང་༔ སྲིད་པའི་མཚོ་ལས་ངེས་གྲོལ་ཏེ༔ དོན་གཉིས་མཐར་ཕྱིན་གདིང་ཐོབ་ཅིང་༔ ཡང་དག་རྫོགས་སངས་རྒྱས་འགྱུར་རོ༔ ས་མ་ཡ༔ ཟབ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །མངྒ་ལཾ།། །།