DUDJOM-THROMA-032

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-032

༁ྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམར་འགྱེད་བར་ཆད་ཀུན་སེལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག་༢༩༣༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཕཊ༔ རང་ལུས་ཆེ་བརྗིད་ཚོ་སྣུམ་ཡིད་འཕྲོག་པའི༔ དབུས་སུ་དྭངས་མའི་རྩ་མཆོག་དབུ་མའི་སྦུབས༔ རིག་པ་དྭངས་མའི་ཐིག་ལེ་ནམ་མཁར་འཕང་༔ དབྱིངས་ནས་ཁྲོས་མ་མཐིང་ནག་གྲི་ཐོད་ཅན༔ གར་སྟབས་རུས་རྒྱན་ཡེ་ཤེས་མེ་དཔུང་འབར༔ ཁམས་གསུམ་དབང་སྡུད་འཁོར་འདས་དབང་མོར་བསྐྱེད༔ ཕཊ་ཕཊ་ཕཊ༔ དེ་ནས་མགྲོན་འབོད་བྱ་བ་ལ༔ ཀྱཻ༔ ཕོ་གདོན་ལས་ཀྱི་རྒྱལ་འགོང་འདུས༔ མོ་གདོན་བསེན་མོ་འདྲེ་མོ་འདུས༔ ཀླུ་གདོན་གཉན་དང་ས་བདག་འདུས༔ སྲིད་པའི་ཡུལ་གྱི་འདྲེ་དགུ༴ གཙུག་ལག་ཁང་གི་གདོན་བཅུ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ འཕྲོག་མ་མ་བུ་ལྔ་བརྒྱ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ ཟ་འདྲེ་ཤི་གཤེད་ཐམས་ཅད༴ སྲོག་གཅོད་དབུགས་ལེན་བླ་རྐུན༴ ཕུང་སྲི་གྲི་བོ་བཅོ་བརྒྱད༴ དཀར་པོ་ལྷ་ཡི་སྡེ་ཚོགས༴ དམར་པོ་བཙན་གྱི་སྡེ་ཚོགས༴ འཆི་བདག་གཤིན་རྗེའི་སྡེ་ཚོགས༴ སྲོག་བདག་རྒྱལ་པོའི་སྡེ་ཚོགས༴ སྲིད་པ་མ་མོའི་སྡེ་ཚོགས༴ མི་སྲུན་གནོད་སྦྱིན་སྡེ་ཚོགས༴ ཕྱུག་པོ་ཀླུ་ཡི་སྡེ་ཚོགས༴ ནག་པོ་བདུད་ཀྱི་སྡེ་ཚོགས༴ འཕན་པོ་གཉན་གྱི་སྡེ་ཚོགས༴ ཁྲ་བོ་གཟའ་ཡི་སྡེ་ཚོགས༴ གནས་ན་གནས་པའི་གནས་གདོན་འདུས༔ ལུས་ན་གནས་པའི་ལུས་གདོན༴ གྲོང་རྒྱུག་འདྲེ་གདོན་ཕོ་མོ༴ གཉུག་མར་གནས་པའི་འདྲེ་རྒན༴ གློ་བུར་ལྷག་པའི་འདྲེ་ཕྲན་འདུས༔ བཤས་བཤའ་རོག་ལ་སླེབ་པར་གྱིས༔ ཤ་བགོས་རོག་ལ་སླེབ་པར་གྱིས༔ ཁྱེད་ལྷ་འདྲེ་བདག་གི་ཕ་མ་ཡིན༔ བུ་ཡི་ཤ་ཁྲག་རོལ་དུ་ཤོག༔ ངའི་ཚེ་རབས་འཁོར་བ་ཐོག་མེད་ནས༔ ལན་ཆགས་བུ་ལོན་ཤ་མཁོན་བདག༔ མ་ལུས་འདིར་ཤོག་འདིར་འདུས་ཤིག༔ ནམ་མཁར་སྐར་ལྟར་འཁྲིགས་ལ་ཤོག༔ བར་སྣང་སྤྲིན་ལྟར་འཐིབ་ལ་ཤོག༔ ས་གཞིར་རླུང་ལྟར་འཚུབས་ལ་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་འགྱེད་ལས་བྱ་བ་ལ༔ ཀྱཻ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ ངས་ཚེ་རབས་ཐོག་མ་མེད་དུས་ནས༔ སྒྱུ་མའི་ལུས་འདི་གཅེས་པར་བཟུང་༔ དེ་རིང་གཅེས་འཛིན་བློས་བཏང་སྟེ༔ ཁྱེད་དྲིན་ཆེན་ཕ་མར་དྲིན་ལན་འཇལ༔ ཕྱི་ཤ་ནང་ཁྲོལ་ཤ་ཚིལ་རུས༔ མགོ་བོ་ཡན་ལག་དོན་སྙིང་ཁྱེར༔ ཤ་ལ་དགའ་བས་ཤ་ལ་རོལ༔ ཁྲག་ལ་དགའ་བས་ཁྲག་ལ་རོལ༔ ཚིལ་ཞག་འདོད་པས་ཚིལ་ཞག་ཁྱེར༔ རྐང་རུས་འདོད་པས་རྐང་རུས་ཁྱེར༔ ལྤགས་པ་འདོད་པས་ལྤགས་པ་ཁྱེར༔ ཆུ་སེར་ཁུ་བ་དྲི་ཆུ་དང་༔ གཤང་གཅི་སྣབས་དང་མཆིལ་མར་བཅས༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ ཐག་རིང་བ་རྣམས་ཀྱིས་རྗེན་པར་རོལ༔ ཉེ་བ་རྣམས་ཀྱིས་ཚོས་ལ་ཟོ༔ ཕཊ་ཕཊ་ཕཊ༔ དེ་ནས་གཏོར་ལས་བྱ་བ་ལ༔ ཨེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ རང་རང་གནས་སུ་ཆས་པར་གྱིས༔ ཁལ་ཁོལ་ཁུར་ལོང་པང་བས་ཐོབ༔ སྟེང་ཕྱོགས་ལྷ་འདྲེ་སྟེང་དུ་གཤེགས༔ ཤར་ཕྱོགས་ལྷ་འདྲེ་ཤར་དུ་གཤེགས༔ ལྷོ་ཕྱོགས་ལྷ་འདྲེ་ལྷོ༴ ནུབ་ཕྱོགས་ལྷ་འདྲེ་ནུབ༴ བྱང་ཕྱོགས་ལྷ་འདྲེ་བྱང་༴ མཚམས་བཞིའི་ལྷ་འདྲེ་མཚམས་བཞིར༴ འོག་ཕྱོགས་ལྷ་འདྲེ་འོག་ཏུ་གཤེགས༔ དགའ་ལྡན་འཕྲུལ་དགའི་དཔལ་ཡོན་ལྟར༔ ལོངས་སྤྱོད་བདེ་སྐྱིད་ཡོངས་རྫོགས་ཤོག༔ ཕཊ་ཕཊ་ཕཊ༔ སྣང་སྲིད་སྣོད་བཅུད་འདོད་ཡོན་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ གདོད་མའི་གཞི་དབྱིངས་ཆེན་པོར་ཞིག༔ འཁོར་འདས་དག་མཉམ་ཆེན་པོར་ཨ༔ ཕཊ་ཕཊ་ཕཊ༔ དེ་ལྟར་དམར་འགྱེད་བཏང་བ་ཡིས༔ གནས་སྐབས་བར་ཆད་རྐྱེན་ངན་སེལ༔ མཐར་ཐུག་ཚོགས་གཉིས་རྫོགས་པའི་འབྲས༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་སྐལ་བཟང་སློབ་མའི་ཚོགས་ཀྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །ཛ་ཡནྟུ།། །།