DUDJOM-THROMA-034

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-034

༁ྃ༔ དག་སྣང་ལས༔ ཚོགས་བསགས་དངོས་གྲུབ་ཆར་འབེབས་བཞུགས༔ ཕཊ༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་རང་ངོར་སངས༔ རྒྱུ་ཉིད་དབང་བསྡུས་རྐྱེན་སྣང་ཟིལ་གྱིས་གནོན༔ ཕཊ༔ སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་རྣམ་མཁྱེན་ཕྱིར་དུ་གོ་འཕང་བསྒྲུབ༔ ཕཊ༔ རང་རིག་ཀ་དག་རྡོ་རྗེ་རྣལ་འབྱོར་མ༔ སྤྱི་བོར་ཡར་ཐོན་འཁོར་འདས་ཁྱབ་བདག་མོ༔ ཕཊ༔ ཕྱག་གཡས་གྲི་གུག་རང་ལུས་ཐོད་པ་བྲེག༔ སྟོང་གསུམ་ཙམ་གྱི་མི་མགོའི་སྒྱེད་པུར་བཞག༔ དེ་ནང་བམ་ཆེན་བདུད་རྩིའི་རྒྱ་མཚོར་གྱུར༔ སྣང་སྲིད་འཁོར་བཅས་མ་ལུས་ཐམས་ཅད་དུ༔ མཆོད་སྤྲིན་རྒྱ་མཚོ་རྒྱུན་མི་འཆད་པར་སྤྲོས༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ༔ ཕཊ་ཕཊ་ཕཊ༔ སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔ སྐུ་གསུམ་བརྒྱུད་གསུམ་རིག་འཛིན་ཚོགས་རྣམས་མཆོད༔ ཡེ་ཤེས་དབྱིངས་ཀྱི་དམ་ཅན་རྒྱ་མཚོ་མཆོད༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་ལྷུན་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ རིགས་དྲུག་ཕ་མ་ལན་ཆགས་བགེགས་རིགས་སོགས༔ མཆོད་སྦྱིན་ཡུལ་གྱུར་ཀུན་ལ་མཉེས་མཆོད་འབུལ༔ བུ་ལོན་ལན་ཆགས་མ་ལུས་བྱང་ནས་ཀྱང་༔ ཐམས་ཅད་མངོན་རྫོགས་སངས་རྒྱས་ཐོབ་པར་ཤོག༔ ཕཊ་ཕཊ་ཕཊ༔ དགེ་བའི་རྩ་བ་འགྲོ་དྲུག་ཡོངས་ལ་བསྔོ༔ མ་ལུས་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ རང་སེམས་མཆོད་སྦྱིན་དངོས་ཡུལ་དབྱེར་མེད་དུ༔ ཡུམ་ཆེན་ཆོས་སྐུའི་ཀློང་དུ་རོ་གཅིག་ངང་༔ ཨ་ཨ་ཨ༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ༠༠༠༠༠བརྡ་ཡིག་༣༠༢༔ འདི་ལས་བྱིན་རླབས་མྱུར་བ་མེད༔ ཕྱི་ནང་གསང་བའི་བར་ཆད་སེལ༔ ཡུམ་ཆེན་དགོངས་ཀློང་ཡངས་པ་རུ༔ མཐར་ཐུག་གྲོལ་འགྱུར་ཐེ་ཚོམ་མེད༔ འདི་ཉིད་ཉམས་སུ་ལོངས་ཤིག་བུ༔ པདྨའི་སྙིང་ཐིག་གཏད་དོ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཤིང་མོ་གླང་གི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུའི་ནུབ་མོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྤྲང་མ་ནུས་བདུད་འཇོམས་རྡོ་རྗེ་ལ་ཁྱོད་ཀྱི་སློབ་བུ་གཉིས་ཀྱི་ཆོས་སྐལ་ཡིན་ཅེས་གནང་ནས་གཏད་རྒྱའོ། །དགེའོ།། །།