DUDJOM-THROMA-061
DUDJOM-THROMA-061
དབུ་ཁྲིད་བརྡ་ཡིག༔ ༤༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གསུར་མཆོད་འདོད་ཡོན་ཀུན་ཁྱབ་བཞུགས་སོ༔ སྐྱབས་སེམས་སྔོན་དུ་བཏང་ལ༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་འདོད་རྒུའི་དཔལ་ཡོན་སྤེལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿཨོཾ་ཨཱཿཧཱུྃ༔ གསུར་མཆོད་ཡེ་ཤེས་ཀྱི་བདུད་རྩི་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་འདི་ཉིད་དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་གྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མཆོད་པའི་སྤྲིན་རྒྱ་མཚོ་རྒྱུན་མི་ཆད་པར་སྤྲོ་བའི་བདག་ཉིད་ཅན་དུ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ རིགས་དྲུག་སྙིང་རྗེའི་མགྲོན་དང་བགེགས་རིགས་ལན་ཆགས་ཀྱི་མགྲོན་དུ་གྱུར་པ་ཐམས་ཅད་ལ་འབུལ་ལོ༔ ཁྱད་པར་དུ་སྲིད་པ་བར་དོ་ལ་གནས་པའི་སེམས་ཅན་ཐམས་ཅད་ལ་འབུལ་ལོ༔ དེ་དག་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་མིག་གི་ཡུལ་དུ་གཟུགས་མཛེས་པ་ཕུན་སུམ་ཚོགས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ་ཕུན་སུམ་ཚོགས་པ༔ སྣའི་ཡུལ་དུ་དྲི་ཞིམ་པ་ཕུན་སུམ་ཚོགས་པ༔ ལྕེའི་ཡུལ་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་བཟའ་བཏུང་ཕུན་སུམ་ཚོགས་པ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ཕུན་སུམ་ཚོགས་པ༔ ཡིད་ཀྱི་ཡུལ་དུ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་རྒྱུན་མི་འཆད་པ་འབྱུང་ཞིང་རྒྱས་པར་གྱུར་ཅིག༔ འཕགས་པ་དམ་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ནམ་མཁའ་མཛོད་སྔགས་དང་མཚན་བཞིའི་སྔགས་མང་དུ་བཟླ༔ དཀོན་མཆོག་མཆོད་པས་དགྱེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ ཚོགས་གཉིས་ཡོངས་སུ་རྫོགས་གྱུར་ཅིག༔ སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག༔ དམ་པ་སྐུ་གཉིས་ཐོབ་གྱུར་ཅིག༔ དེ་ནས་བསྡུ་རིམ་ནི༔ མཆོད་སྦྱིན་དངོས་ཡུལ་ཐམས་ཅད་ཀུན༔ ཆོས་ཉིད་སྤྲོས་མཐའ་བྲལ་བར་ཨ༔ ཞེས་དང་བསྔོ་སྨོན་བྱའོ༔ དམིགས་པའི་གནད་དང་ལྡན་པས་ན༔ ཚོགས་གཉིས་རྫོགས་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་བསོད་ནམས་དཔལ་ལྡན་གྱིས་འདི་ལྟར་ཉུང་བསྡུས་ཞིག་དགོས་ཞེས་བསྐུལ་ངོར་བདུད་འཇོམས་པས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མི་བསྐྱོད་རྡོ་རྗེའོ།།དགེའོ།།།།