DUDJOM-THROMA-067

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-067

དབུ་ཁྲིད་བརྡ་ཡིག༔ ༢༠༡གཉན་སའི་དམིགས་པ་དང་ལག་ལེན་མདོར་བསྡུས་གསལ་བའི་མེ་ལོང་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༔ ༢༠༢རྣལ་འབྱོར་གཉན་ཁྲོད་འགྲིམ་པའི་ཚུལ༔ དང་པོ་རང་གི་ཁང་ཁྱིམ་དང་ཀ་ཆ་བཅོལ་དགོས་པ་བྱུང་ན༔ ཁང་ཁྱིམ་གྱི་ཕྱི་སྒོར་ཐོན་ནས་མི་རྐང་ལན་གསུམ་འབུད་དེ༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་འདིར་འདུས་ཤིག༔ ཅེས་ལན་གསུམ་བརྗོད་པས་ཐིབས་ཀྱིས་འདུས་པར་བསམ་ལ༔ ཤ་ཁྲག་འདོད་ཡོན་སྣ་ཚོགས་བསྒྱུར་ནས་ཕོག་གཏད༔ ཀྭིའི༔ ཀྭིའི༔ བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་མི་མ་ཡིན་ཁྱེད་རྣམས་ལ་ངའི་གནས་ཁང་དང་ཀ་ཆ་ནོར་རྫས་འདི་རྣམས་བཅོལ་ལོ༔ གཉེར་རོ༔ བདག་ཕྱིར་མ་སླེབས་ཀྱི་བར་དུ་དགྲ་འདྲེ་ཐམས་ཅད་ཀྱི་ལག་ཏུ་མ་བཏང་༔ དབང་དུ་མ་བཏང་བར་སྲུངས་ཤིག༔ བཀའ་ཡིས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ གལ་ཏེ་དགྲ་ཇག་ཆོམ་རྐུན་ལ་ཤོར་ན༔ ངས་མཛེ་ཤའི་རི་བོ་སྤུངས༔ མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ༔ མཛེ་ཚིལ་དང་ཡུག་སྐྲས་གཞོབ་བདུག་བྱས་ནས་ཁྱེད་རྣམས་རྩད་ནས་གཅོད་ཅིང་ཤུལ་མེད་དུ་བརླག་པར་མི་བྱེད་རེ༔ ན་ར་ཀན༔ ཅེས་ལན་གསུམ་བརྗོད་དེ་བཅོལ་ལོ༔ དེ་ནས་སྔ་ནོན་བཏང་བ་ལ༔ རང་ཁྲོས་མ་ནག་མོའི་ཐུགས་ཀར་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ཡིག་གསལ་བ་དེ་ལས་མེ་ལས་མེ་སྟག་གམ་སྐར་མ་ལས་སྐར་མདའ་ཆད་པ་ལྟར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་སྲ་བ་བརྟན་པ་ལྕི་བ་འཐས་པ་ཞིག་འཕྲོས་ཏེ་གཉན་ས་དེར་ཐོག་ལྟར་དུ་བབས་པས་རི་བྲག་དང་གྲོང་ཁྱིམ་ཡིན་ན་བཤིགས་ཤིང་གཏོར༔ ཤིང་གཉན་ཡིན་ན་རྩད་ནས་བསྲེགས༔ ཆུ་མཚོ་ཡིན་ན་བསྐམས་ཏེ༔ ལྷ་འདྲེ་ཅི་གནས་གང་ཡོད་ཐམས་ཅད་ཀྱི་རང་སྣང་ལས་གྲུབ་པའི་རྟེན་གནས་ཁང་ཁྱིམ་ཐམས་ཅད་རྗེས་མེད་དུ་བཤིགས་ཤིང་བསྲེགས་ནས་གཅེར་བུ་མགོན་མེད་དུ་གྱུར་པ་ར་བ་དྲུག་གམ་གསུམ་གྱི་ནང་དུ་ཚུད་ནས་བྲོས་ས་དང་ཐར་ཡུལ་མེད་པར་གྱུར༔ སྟོབས་དང་ནུས་པ་ཡང་ཡང་འཆིང་བར་བསྒོམ་པ་སྤྱི་ཆིངས་ཡིན༔ དེ་ནས་འགྲོ་ལུགས་རྣམ་བཞིའི་གནད་དང་ལྡན་པས་འགྲོའོ༔ འགྲོ་ཚུལ་ནི༔ དང་པོ་དཔའ་བོའི་སྟབས་འགྲོས་ལ༔ མིག་གིས་གང་མཐོང་ཚུན་ཆད་ཀྱི་ལྷ་འདྲེ་དེད་ནས་འགྲོ་བར་བསམ་ལ་འགྲོ༔ མཁའ་འགྲོའི་གར་གྱིས་འགྲོ་བ་ལ༔ བར་སྐབས་གར་སྟབས་བྱ་ཞིང་ལྷ་འདྲེ་ཐམས་ཅད་རང་གི་ལུས་ལ་ཡང་ཡང་བསྟིམ་ནས་འགྲོ༔ སྦྲུལ་ནག་འཁྱིལ་འགྲོས་ནི་ལམ་གྱི་ས་བདག་ཀླུ་གཉན་ཐམས་ཅད་ཀྱི་གནས་ཁང་དང་བཅས་པ་གཉན་ས་དེར་ཁྱེར་ནས་འགྲོ་བར་བསམ་པ་དང་ཕར་འཁྱོག་ཚུར་འཁྱོག་གིས་འགྲོ༔ ལྟ་བའི་གདིང་འགྲོས་ནི༔ ལྟ་བའི་གདིང་བསྐྱེད་ནས་ལམ་གྱི་སྟེང་འོག་ཐམས་ཅད་ལྟ་སྟངས་ཀྱིས་གཟིར་ཞིང་འགྲོ༔ གཉན་སའི་འགོ་མཐོང་སར་སླེབ་ཚེ་རང་ཁྲོས་མའི་ཐུགས་ནས་ལས་བྱེད་སྤྲུལ་པའི་མཁའ་འགྲོ་མ་མཐིང་ནག་དང་དཀར་མོ་སེར་མོ་དམར་མོ་ལྗང་ནག་གྲངས་མེད་པས་གཡོན་པས་མི་རྐང་གི་གླིང་བུའི་སྒྲས་ཁམས་གསུམ་དབང་དུ་སྡུད་ཅིང་༔ གཡས་པས་མི་ལྤགས་ཀྱི་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་གདུག་རྩུབ་དཔའ་ཟིལ་བཅོམ་ནས༔ ན་བུན་འཐོར་རླུང་གིས་དེད་པའམ་བྱིའུ་ཆུང་ཁྲ་ཡིས་དེད་པ་ལྟར་གཉན་མིག་གི་ར་བ་དྲུག་གི་ནང་དུ་བཙུད་པས་ཐར་འཆོར་མེད་པར་བསམ་སྟེ་དབང་སྡུད་ཟིལ་གནོན་བྱ་བ་དེ་དག་ནི་སྔ་ནོན་ནོ༔ དེ་ནས་གཉན་སར་སླེབས་མ་ཐག་ཏུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་གཡང་གཞི་བརྡབ་པས་ལྷ་འདྲེའི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རེག་ཐམས་ཅད་བཅོམ་ནས་མི་ནག་ཆེན་པོ་ཞིག་ཏུ་གྱུར་པའི་རྐང་པ་གཡས་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་གྱི་ལྷ་འདྲེ་བསྟིམ༔ ས་ལ་ལན་གསུམ་བརྡབ་པས་དུག་གསུམ་གྱི་ནུས་པ་བཅོམ་པར་བསམ༔ ཡང་ན་རང་འདྲ་བའི་མཁའ་འགྲོ་མ་གྲངས་མེད་པས་ལྷ་འདྲེ་དུ་ཡོད་རྣམས་ཀྱི་རྐང་པ་གཡས་ནས་བཟུང་སྟེ་ས་ལ་བརྡབ་པས་ཉོན་མོངས་རྩུབ་རེག་དང་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བརྡབ༔ ཐང་ལ་འཕང་ནས་མི་ནག་གཅིག་ཏུ་གྱུར་ཏེ་གན་རྐྱལ་དུ་ཡོད་པའི་སྟེང་དུ་བྲོ་བརྡུང་བས་ཉོན་མོངས་པའི་རྩུབ་རེག་གདུག་སེམས་ནུས་མཐུ་ཐམས་ཅད་བཅོམ་པར་བསམ་ལ་བྲོ་ར་དང་༔ མགོ་དང་ཡན་ལག་རྣམས་སུ་ཡེ་ཤེས་ལྔའི་ཕུར་པ་བཏབ་པར་བསམ་སྟེ་ཕུར་ཁྱེར་འདོན༔ ཅོག་པུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འདོད་རྒུ་འབྱུང་བའི་རང་བཞིན་ཅན་ལ་ནང་མཁའ་འགྲོ་འདུ་བའི་གནས་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་དུ་བསྒོམ༔ གཉན་ས་དེའི་ཕྱི་རོལ་ཏུ་ཕྱོགས་བཞིར་ཐོ་བཞི་བརྩིག་ལ་ལྷ་བསྐྱེད་པ་ནི།ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨ༔ ཞེས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པད་ཉིའི་གདན་ལ་ཤར་གྱི་ཐོ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ༔ ལྷོའི་ཐོ་རི་ལས་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ༔ ནུབ་ཀྱི་ཐོ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ༔ བྱང་གི་ཐོ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ༔ ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་བརྟེན་པ༔ སྤྱན་གསུམ་དང་ལྡན་ཞིང་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ དབུ་སྐྲ་ཐོར་ཚུགས་དང་ལྷག་མས་སྐུ་རྒྱབ་ཁེབས་པ༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་གཉིས་གར་སྟབས་ལིང་ལིང་བསྒྱུར་བ་སྤྲུལ་པ་འབུམ་ཕྲག་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་སྐྱེ་འགྲོ་ཐུགས་རྗེས་སྒྲོལ་ནུས་པའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ མ་འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་གཤེགས་རྟེན་འདིར་རྟེན་ཆོས་ལ༔ ངའི་བསམ་པ་ཡོངས་སུ་མ་རྫོགས་པར༔ ཁྱེད་འདིར་བཞུགས་གང་འདུལ་ཐབས་མང་གིས༔ བདུད་རྣམ་བཞི་དབྱིངས་སུ་གཅོད་པ་དང་༔ ཡུལ་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ དཔལ་ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཧ་བཛྲ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿདེ་ནས་ལྷོའི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ༴མ་འབུམ་ཕྲག་མཁའ་འགྲོའི༴གནས་འདིར་གཤེགས་རྟེན་འདིར༴ངའི་བསམ་པ་ཡོངས་སུ༴ཁྱེད་འདིར་བཞུགས་གང་འདུལ༴བདུད་རྣམ་བཞི་དབྱིངས་སུ༴ཡུལ་ལྷ་འདྲེའི་འགྲོ་དོན༴དཔལ་ཧེ་རུ་ཀ་ལྟར༴རི་རཏྣ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿདེ་ནས་ནུབ་ཀྱི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མཁའ་འགྲོའི༴གནས་འདིར་གཤེགས་རྟེན་འདིར༴ངའི་བསམ་པ་ཡོངས་སུ༴ཁྱེད་འདིར་བཞུགས་གང་འདུལ༴བདུད་རྣམ་བཞི་དབྱིངས་སུ༴ཡུལ་ལྷ་འདྲེའི་འགྲོ་དོན༴དཔལ་ཧེ་རུ་ཀ་ལྟར༴ནི་པདྨ་ཌཱ་ཀི་ནཱི༴དེ་ནས་བྱང་གི་ཐོ་ལ༔ ཀྱཻ༔ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ༴མ་འབུམ་ཕྲག་མཁའ་འགྲོའི༴གནས་འདིར་གཤེགས་རྟེན་འདིར༴ངའི་བསམ་པ་ཡོངས་སུ༴ཁྱེད་འདིར་བཞུགས་གང་འདུལ༴བདུད་རྣམ་བཞི་དབྱིངས་སུ༴ཡུལ་ལྷ་འདྲེའི་འགྲོ་དོན༴དཔལ་ཧེ་རུ་ཀ་ལྟར༴ས་ཀརྨ་ཌཱ་ཀི་ནཱི་རཀྵ་རཀྵ་སིདྡྷི་ཕ་ལ་ཧོཿཡང་རྒྱས་པར་སྤྲོ་ན༔ ཤར་གྱི་ཐོ་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ་ཨཿསྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཧ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་ནམ་མཁར་ཕྱར་བ་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱྃ་རྩེ་གསུམ་མཆན་ཁུང་གཡོན་དུ་བསྟེན་པ༔ སྤྱན་གསུམ་དང་ལྡན་ཞིང་སོགས་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས་ཕ་ལ་ཧོཿདེ་ནས་ལྷོའི་ཐོ་ལ༔ ཨོཾ་སརྦ་དྷརྨ་སོགས༔ སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ལྷོའི་ཐོ་རི་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་སོགས་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས་ཕ་ལ་ཧོཿདེ་ནས་ནུབ་ཀྱི་ཐོ་ལ༔ ཨོཾ་སརྦ་དྷརྨ་སོགས༔ ནུབ་ཀྱི་ཐོ་ནི་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་སོགས་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས་ཕ་ལ་ཧོཿདེ་ནས་བྱང་གི་ཐོ་ལ༔ ཨོཾ་སརྦ་དྷརྨ་སོགས༔ བྱང་གི་ཐོ་ས་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ་སོགས་བསྟིམ་མོ༔ ཀྱཻ༔ མ་མི་མིན་ཡེ་ཤེས་སོགས་ཕ་ལ་ཧོཿཞེས་གོང་ལྟར་བྱ༔ སླར་གདན་ལ་འཁོད་དེ་རང་ལུས་སྲ་བརྟན་ལྕི་ཞིང་འཐས་པའི་མགོ་བོས་ལུང་པའི་ཕུ་དང་༔ རྩིབ་ལོག་གཡས་པས་ཉིན༔ གཡོན་པས་སྲིབ༔ རྐང་པས་མདའ༔ རྒལ་པས་ལུང་པའི་གཞུང་ཐམས་ཅད་གནོན་ཅིང་༔ ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་སྒོ་ང་བཅར་བ་ལྟར་མནན་ནས་ལྷ་འདྲེ་ཐམས་ཅད་ཀྱིས་སྐད་ངན་ཙིར་ཙིར་འདོན་པར་བསྒོམ་ལ༔ འཻ༔ བསྐལ་པ་མ་ཞིག་གི་བར་དུ་གནས་འདི་རུ་འདུག་གོ༔ འདི་ལས་མི་འཕོའོ༔ འདི་ཉིད་དུ་ཉལ་ལོ༔ ཞེས་བརྗོད་ནས་སེམས་ལ་དམ་བཅའ་བཟུང་༔ དེ་ནས་རིག་པ་གཏད་མེད་ཀྱི་ངང་དུ་མ་བཅོས་པར་བཞག༔ སྐབས་སུ་དམིགས་པ་གསལ་འདེབས་བྱ༔ བར་སྐབས་སུ་དབང་སྡུད་ཟིལ་གནོན་འདོན་ཞིང་ཆོས་བཤད༔ སློང་ཚད་མ་བྱུང་ན་རང་ལུས་ཀེང་རུས་སྐམ་པོ་མེ་འབར་བ་ལས་མེ་མཆེད་པས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལྷ་འདྲེའི་གནས་རྟེན་དང་བཅས་པ་མེས་བསྲེགས་ནས་ཐལ་བ་ཙམ་ཡང་མེད་པར་བསམ་པའི་དམིགས་པ་ཡང་ཡང་བྱ༔ དེས་སློང་ཚད་མ་བྱུང་ན་རང་གི་རིག་པ་དབྱིངས་སུ་སྤར་ཏེ་ཁྲོས་མར་གྱུར་པ་ལས༔ ལྤགས་པ་ས་གཞིར་བཀྲམ་པའི་སྟེང་དུ་ཤ་ཁྲག་ཞིག་ནས་དེ་ལྷ་འདྲེ་རྣམས་ཀྱིས་ཟ་རུ་ཡོད་པར་གཡང་གཞིའི་མཐའ་ནས་ཐུམ་བུར་བྱས་པ་སྦྲུལ་དང་རྒྱུ་ཞགས་ཀྱིས་ཁ་བསྡམས་ནས་ཀླད་ལ་བསྐོར་ཏེ་ས་གཞིར་བརྡབ་པས་ཤ་མྱོག་རུས་མྱོག་ཏུ་སོང་བར་ཡང་ཡང་བསམ་པས་སློང་ཚད་ངེས་པར་འབྱུང་༔ ནམ་ལངས་དཀར་འགྱེད༔ ཉིན་གུང་ཁྲ་འགྱེད༔ དགོང་མོར་དམར་འགྱེད༔ ཐོ་རངས་ནག་འགྱེད་རྣམས་གཏོང་༔ གཉན་སར་རྐང་རྗེན་གྱིས་མི་བརྫི༔ མཚན་མོ་མེ་མི་འབུད༔ ཀྭིའི་མི་འདེབས༔ དྲི་ཆུ་དང་གཤང་ལྕི་ཕྱོགས་གཅིག་ལས་མི་འདོར༔ རྩྭ་དང་ཤིང་རློན་མི་བཅོམ༔ འདུ་འཛི་དང་རྣམ་གཡེང་སྤངས་ནས་བསྒོམ་དམིགས་ལ་གཟབ་པར་བྱའོ༔ རབ་ན་གཉན་དམིགས་རེ་རེ་བཞིན་ཚོགས་བསྐང་གཏོང་བ་དང་༔ ཐ་ནའང་བཅུ་ཞག་རེའི་འཚམས་སུ་ཚོགས་བསྐང་གཏོང་བ་གནད་དོ༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་ལྟ་བའི་སྟངས་མ་ཤོར་བ༔ བསྒོམ་པའི་གདིང་མ་ཤོར་བ༔ སྤྱོད་པ་བག་མེད་དུ་མི་ཤོར་བ་གནད་དམ་པ་ཡིན༔ དེ་ནས་སློང་ཚད་ལའང་ཐོགས་བཅས་ནི་མངོན་གྱུར་པའི་སྣང་བ་ལ་བྱའོ༔ ཐོགས་མེད་ནི་མི་མངོན་ལྐོག་གྱུར་གྱི་སྣང་བ་ལ་བྱའོ༔ དགའ་བྲོད་ནི་ང་རྒྱལ་ཞེན་ཡུལ་དྲག་ལ་ཤུགས་ཆེ་བ་ལ་བྱ༔ སྙེམས་བྱེད་ནི་རྣམ་པར་རྟོག་པ་ལུ་གུ་རྒྱུད་དུ་བར་མ་ཆད་པར་སྐྱེས་ཏེ་ཤེས་རྒྱུད་བསླུ་བ་ལ་བྱའོ༔ ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་༔ ནང་སློང་ལུས་ཀྱི་ན་ཚ་དང་༔ གསང་སློང་སེམས་ཀྱི་བདེ་སྡུག་མྱོང་ཞེན་ཅན་ཡིན་ཏེ་ཤེས་པར་བྱ༔ དང་པོ་རྒྱུད་སློང་བ་ལ་སློང་༔ རྗེས་སུ་འབྲང་བ་ལ་ཞེན༔ དེ་ཡང་བདེན་པར་འཐས་ན་དབང་དུ་སོང་བ་ཡིན་པས་དེ་ལྡོག་པར་བྱ་བ་ནི་གནད་དོ༔ དེ་དག་བར་ནོན་ནོ༔ གནས་འཕོ་བའི་ཚེ་ར་བ་དྲུག་པོ་བསྡུ་བ་ནི༔ ཕཊ་ཕཊ་ཕཊ༔ རང་ཉིད་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་སྤྲུལ་པའི་ར་བ་དྲུག་པོ་ལན་ཚྭ་ཆུ་རུ་ཞུ་བ་ལྟར་འོད་དུ་ཞུ་ནས་རང་ལ་ཐིམ༔ སླར་ཡང་གནས་ཞིང་ཁམས་རྣམ་པར་དག་པ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གནས་ཁང་མཛེས་ཤིང་ཡིད་དུ་འོང་བ་འདོད་རྒུའི་དཔལ་ཡོན་ཐམས་ཅད་རྒྱུན་མི་འཆད་པའི་རང་བཞིན་དུ་གྱུར༔ ཕཊ་ཕཊ་ཕཊ༔ ཞེས་བསྡུའོ༔ དེ་ནས་ཐོ་བཀྲོལ་བ་ནི༔ ཕཊ་ཕཊ་ཕཊ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ གསལ་སྟོང་ཟུང་འཇུག་དབྱིངས་སུ་གཤེགས༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས༔ མི་འཇིགས་གདིང་ཐོབ་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ དག་མཉམ་ཆེན་པོའི་དབྱིངས༴མཉམ་ཉིད་ཡེ་ཤེས་ངང་༴གཉིས་སྣང་བྲལ་བའི་ས༴ཕཊ་ཕཊ་ཕཊ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ རང་བྱུང་ཡེ་ཤེས་དབྱིངས༴སོར་རྟོག་ཡེ་ཤེས་ངང་༴ཟག་མེད་བདེ་ཆེན་ས༴ཕཊ་ཕཊ་ཕཊ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་ཡོངས་གྲུབ་དབྱིངས༴བྱ་གྲུབ་ཡེ་ཤེས་ངང་༴དག་གྲོལ་གཉིས་ལྡན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ དེ་ནས་བཙོན་བཀྲོལ་ནི༔ ཕཊ་ཕཊ་ཕཊ༔ རང་གི་གདན་དུ་བཏིང་བའི་མི་ནག་དེ་ཉིད་ཀྱི་གནས་ལྔར་གཟེར་གྱིས་བཏབ་པའི་ཕུར་པ་རྣམས༔ ལས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཤག་གིས་ཕྱུང་བ་ཙམ་གྱིས་ཁྲོལ་གྱིས་ཞིག་སྟེ་ལྷ་འདྲེ་དེ་དག་འཁྲུལ་པ་བག་ཆགས་ལས་སད་ཅིང་བདེ་ལྡན་ལྷའི་ལུས་ལྟ་བུ་ཤ་སྟག་ཏུ་གྱུར་ཏེ་རང་རང་གི་གནས་ཁང་དུ་འཁོད་ནས་དགའ་བདེ་ཟད་མི་ཤེས་པའི་གནས་ལ་བཀོད་པར་གྱུར༔ ཕཊ་ཕཊ་ཕཊ༔ དེ་ནས་རྟེན་བཞེངས་པ་ནི༔ ཤུལ་དུ་ཐོ་བརྩིག་སྟེ་སྐུ་གསུང་ཐུགས་རྟེན་གང་རུང་ལ་རྩ་བརྒྱུད་ཀྱི་བླ་མ་དང་རྒྱལ་བ་སྲས་དང་བཅས་པ་རྣམས་བསྟིམ་ནས་ལྷ་འདྲེ་ལ་ཕྱག་མཆོད་བཀུར་སྟིའི་རྟེན་དུ་བསྒོམ་དགོས་ཏེ༔ དེ་ཡང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿགིས༔ རྟེན་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞི་འཛུམ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ༔ སྣང་ལ་རང་བཞིན་མ་གྲུབ་པ་འཇའ་ལུས་སྒྱུ་མའི་སྐུར་གསལ་བའི་གནས་གསུམ་རྡོ་རྗེའི་སྙིང་པོ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ་པར་གྱུར༔ སརྦ་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནཱིརྨ་ཀཱ་ཡ་བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཨ་ཨ༔ ཞེས་དབྱངས་གསལ་རྟེན་སྙིང་བཅས་ལན་གསུམ་བརྗོད་མཐར༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ འདིར་གནས་ཀྱི་ལྷ་འདྲེ་ཐམས་ཅད་ཐར་པ་དང་རྣམ་མཁྱེན་གྱི་ས་ལ་མ་འགོད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ༔ བརྟན་པར་བཞུགས་ནས་ཀྱང་གང་ལ་གང་འདུལ་གྱི་ཐབས་དུ་མའི་སྒོ་ནས་ཆོས་སྟོན་ཅིང་འགྲོ་བ་འདྲེན་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་ཁུར་བུ་ཁུར་ནས་ལུས་ཤ་ཁྲག་གི་ཕུང་པོ་ཁྲོལ་གྱིས་ཞིག་པ་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲུལ་ནས་ཕོག་གཏད༔ རིག་པ་གཏད་མེད་དང་གད་རྒྱངས་བཅུ་གཉིས་བསྒྲགས་བཞིན་གོམ་པ་ཉེར་གཅིག་ཏུ་ཕྱིན་ནས་གནས་བཅོལ་བ་ལ༔ ཀྭིའི་ཀྭིའི༔ བཀའི་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ཀྱི་ལྷ་འདྲེ་དྲེགས་པ་ཅན་ཁྱེད་རྣམས་ཀྱིས་ངའི་གནས་པོ་འདི་ལ་སྲུང་སྐྱོབས་མེལ་རྩེ་མཛོད་ལ་འདིར་གནས་ཀྱི་ལྷ་འདྲེ་ཕྱི་ལ་མ་བཏང་༔ སྔར་མེད་ཀྱི་ལྷ་འདྲེ་ནང་དུ་མ་བཏང་ཅིག༔ ཁྱེད་རྣམས་ལ་བཀས་གཏད་དོ༔ དམ་ཚིག་གིས་བཅོལ་ལོ༔ ནུས་མཐུ་ཅི་འདུག་བལྟའོ༔ ས་མ་ཡ༔ ཞེས་ལན་གསུམ་བརྗོད༔ དེ་ནས་མིག་མཐོང་གང་ཙམ་ཕྱིན་ནས་ཐོ་བརྩིག་ལ༔ ཨོཾ་སརྦ་དྷརྨ་ག་ག་ན་ཨ༔ དམིགས་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡི་གེ་ཁྲོཾ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་རྭ་གཉིས་གནམ་དུ་གཟེང་ཞིང་རྭ་བར་ནས་ཡིད་བཞིན་གྱི་ནོར་བུས་སྒྲུབ་པ་པོ་ལ་དགོས་འདོད་ཀྱི་ཆར་འབེབས་པ༔ རལ་པ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ༔ མིག་གཉིས་ཉི་ཟླའི་འོད་ཟེར་འཕྲོ་བ་ཁྲོ་ཆུ་ཞུན་མའི་ལུས་པོ་ལ་གནམ་ལྕགས་ཀྱི་མཆུ་སྡེར་བསྒྲད་པས་ས་བདག་ཀླུ་གཉན་རྣམས་ཀྱི་དོན་སྙིང་འདྲེན་པ༔ གཤོག་པས་བར་སྣང་ཁྱབ་ཅིང་མཇུག་མས་ས་གཞི་ཁེབས་པ༔ ཀྲིཾ་ཀྲིཾ་གི་སྒྲ་སྒྲོགས་པས་སྟོང་གསུམ་གཡོ་བར་བྱེད་པ༔ ཡེ་ཤེས་ཀྱི་མེ་དཔུང་དམར་ནག་རབ་ཏུ་འབར་བའི་ཀློང་དུ་བཞུགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ༔ ཁྲོཾ་བཛྲ་ག་རུ་ཌ་ཨ་ཝེ་ཤ་ཡ་ཨ་ཨ༔ དབྱངས་གསལ་རྟེན་སྙིང་དང་བཅས་པས་རབ་ཏུ་གནས་ཤིང་བརྟན་པར་བྱས་ལ༔ བདག་དང་ལྷ་འདྲེའི་མཚམས་བཅད་པར་བསམ་ལ༔ བཀའ་དམ་གཏའ་རུ་བཞག་ནས་ཕྲིན་ལས་བཅོལ་བ་ནི༔ འེ་འེ༔ ཡེ་ཤེས་ཀྱི་བྱ་ཁྱུང་རྒྱལ་པོ་མཐུ་དང་ནུས་སྟོབས་ཀྱི་བདག་པོ་དགོངས་སུ་གསོལ༔ ངའི་རྗེས་སུ་ལྷ་འདྲེ་གདོན་བགེགས་ཐམས་ཅད་མ་བཏང་ཅིག༔ མཚམས་ཆོད་ཅིག༔ ཁྲོཾ་ཁྲོཾ་བཛྲ་ག་རུ་ཌ་ས་མ་ཡ༔ ཞེས་ལན་གསུམ་བརྗོད༔ གཉན་ཁྲོད་ལ་འགྲོ་ན་སྔ་ནོན་སྔོན་དུ་བཏང་ལ་འགྲོ་ཚུལ་གོང་བཞིན་བྱ༔ རང་ཁྱིམ་དུ་འགྲོ་ན་རང་གི་ཤ་ཁྲག་ས་གཞི་གང་བར་ཞིག༔ རིག་པ་སྟེང་ཕྱོགས་འོག་མིན་གྱི་དབྱིངས་སུ་ཐིམ༔ དབྱིངས་ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་དཀར་པོ་དར་སྐུད་ལྟ་བུར་རང་གི་གནས་ཁང་གི་སྟེང་དུ་ཟུག་པའི་ནང་ཁོངས་ན་རིག་པ་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་པར་གྱུར་ནས་ཧྲི་ལི་ལི་འདྲིལ་ནས་འགྲོ་བར་བསམ་ལ་རང་ཁྱིམ་དུ་འགྲོ༔ གཞན་ཡུལ་དུ་འགྲོ་ན་ཁྱུང་མཚམས་བཅད་པ་ཡན་བྱས་ནས་འགྲོའོ༔ ཞེས་རང་གི་སློབ་མའི་ཚོགས་ལ་ཉེ་བར་མཁོ་བའི་ཆེད་དུ་བདུད་འཇོམས་པས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།།དགེའོ།།དགེའོ།།དགེའོ།།།།