DUDJOM-THROMA-070

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-070

དག་སྣང་ལས༔ གནད་ཐིག་ཟུར་འདེབས་ནི༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༠༧༔ དུས་གསུམ་སངས་རྒྱས་བླ་མ་ལ༔ བསྟེན་ན་དབང་བྱིན་དངོས་གྲུབ་ཐོབ༔ སྒྲིབ་བྱང་རྫོགས་པའི་སངས་རྒྱས་འགྱུར༔ མོས་གུས་ཐལ་མོ་སྦྱར་བྱས་ཏེ༔ སྐྱེ་མེད་ཨ་སྒྲས་གཟུང་འཛིན་གཞིག༔ རང་གི་སྤྱི་བོར་སོགས་རིག་འཛིན་བླ་མ་རྫོགས༔ དེ་ནས་གསོལ་བ་འདེབས་པ་ནི༔ ཧཱུྃ་ཧྲཱིཿསྐྱབས་གནས་ཀུན་འདུས་སོགས་ནས་ཨ་ཨ༔ གསུམ་མམ་བདུན༔ སྐབས་སུ་དབང་བཞི་ལེན་པ་ནི༔ བླ་མ་རྡོ་རྗེ་འཆང་ཆེན་པོའི༔ གནས་གསུམ་ཡིག་འབྲུས་མཚན་པ་ལས༔ དེ་དག་རྣམས་ཀྱི་དབང་བྱིན་རླབས༔ འཇའ་ཡི་སྤྲིན་དཔུང་འཐིབ་བཞིན་བྱུང་༔ རང་ཐིམ་སྒྲིབ་དག་དབང་གིས་སྨིན༔ དགའ་དང་སྟོང་པའི་འོད་གསལ་འབར༔ གནས་ལུགས་རིག་པ་རྗེན་ལ་བུད༔ འོད་གསལ་མ་བུ་ལྷུམས་སུ་ཞུགས༔ སླར་ནི་བླ་མ་འོད་དུ་ཞུ༔ རང་སེམས་དྲི་བྲལ་དབྱེར་མེད་འདྲེས༔ རང་ལུས་ཕུང་ཁམས་སོགས་རྫོགས་སངས་རྒྱས༔ སྤྲོས་བྲལ་ཀློང་དུ་མཉམ་པར་བཞག་གོ༔ ཟླ་ཞག་ལྡེ་ཁ་བསྒྱུར་བ་ལ༔ སྣང་བ་ཐམས་ཅད་མངོན་དགའི་ཞིང་༔ སོགས༔ རང་ཉིད་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་ཕྱག་གཉིས་གྲི་ཐོད་ཅན༔ སོགས༔ སྣང་བ་དཔལ་དང་ལྡན་པའི་ཞིང་༔ སོགས༔ རང་ཉིད་རིན་ཆེན་མཁའ་འགྲོ་མ༔ སེར་མོ་ཕྱག་གཉིས་གྲི་ཐོད་ཅན༔ སོགས༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ སོགས༔ རང་ཉིད་པདྨ་མཁའ་འགྲོ་མ༔ དམར་མོ་ཕྱག་གཉིས་གྲི་ཐོད་ཅན༔ སོགས༔ སྣང་བ་ལས་རབ་རྫོགས་པའི་ཞིང་༔ སོགས༔ རང་ཉིད་ཀརྨ་མཁའ་འགྲོ་མ༔ ལྗང་མོ་ཕྱག་གཉིས་གྲི་ཐོད་ཅན༔ སོགས༔ སྣང་བ་སྟུག་པོ་བཀོད་པའི་ཞིང་༔ སོགས༔ རང་ཉིད་སངས་རྒྱས་མཁའ་འགྲོ་མ༔ མཐིང་གསལ་ཕྱག་གཉིས་གྲི་ཐོད་ཅན༔ སོགས་སྦྱར་བར་བྱའོ༔ ས་མ་ཡ༔ ཞེས་པ་འདི་ཡང་དབོན་པོ་བཛྲ་མིང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ལག་ལེན་དུ་བྲིས་པ་དགེ།སརྦ་མངྒ་ལཾ།།།།