DUDJOM-THROMA-075
DUDJOM-THROMA-075
༄༅།།གཅོད་ཁྲིད་ལས་སྐབས་བཅུ་གཅིག་པའི་གོ་དོན་ཟིན་བྲིས་བཞུགས་སོ།། གཅོད་ཁྲིད་ལས་སྐབས་བཅུ་གཅིག་པའི་གོ་དོན་ཟིན་བྲིས་ལ།འདིར་ཟབ་གསང་རྫོགས་པ་ཆེན་པོ་དང་འབྲེལ་བའི་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་གདམས་པ་གྲུབ་ཆེན་ས་ར་ཧའི་སྙིང་ཐིག་ཟབ་མོ་ལས་སྐབས་བཅུ་གཅིག་པའི་དོན་ཅུང་ཟད་གཏན་ལ་དབབ་པ་ལ་གཉིས།མདོར་བསྟན།རྒྱས་བཤད་དོ།།དང་པོ་ནི།དེ་ནས་ཐུན་མོང་མ་ཡིན་པ་སོགས་ཏེ་གོ་སླའོ།།གཉིས་པ་ལ་གསུམ།ལམ་ངོས་འཛིན་པ།གཞིའི་མཚན་ཉིད་གཏན་ལ་དབབ་པ།ལམ་ཉམས་སུ་ལེན་ཚུལ་ལོ།།དང་པོ་ལ།རང་བཞིན་ལམ་བྱེད་དང་།རིག་པ་ངོས་འཛིན་པ་གཉིས།དང་པོ་ལའང་།སེམས་ཀྱི་རང་བཞིན་བཤད་པ་དང་།ལམ་དངོས་བསྟན་པ་གཉིས།དེའི་དང་པོ་ལའང་གཉིས་ལས།དང་པོ་ཤེས་བྱའི་གཙོ་ལ་བརྟག་པ་ནི།དང་པོ་ལུས་ངག་སོགས་ཏེ།འདི་ལྟར་རེ་དོགས་གཉིས་འཛིན་གྱི་བྱེད་པོ་ནི་སེམས་སུ་ངེས་པའི་ཕྱིར།ལུས་ངག་ཡིད་གསུམ་ལས་སེམས་གཙོ་ཆེ་བར་ངོས་བཟུང་ངོ་།།གཉིས་པ་མཐའ་བྲལ་དུ་གཏན་ལ་དབབ་པ་ནི།དེ་ནས་སེམས་ཀྱི་སོགས་ཏེ།དེ་ལྟར་སེམས་སུ་བཏགས་པ་དེ་ཉིད་ལ་གཟུགས་དབྱིབས་ཁ་དོག་སོགས་དངོས་པོའི་མཚན་མ་མ་གྲུབ་ཅིང་ཡོད་མེད་རྟག་ཆད་གང་གི་ཕྱོགས་སུའང་མ་ལྷུང་བའི་དབུ་མ་ཆེན་པོར་རྟོགས་པར་བྱའོ།།གཉིས་པ་ལམ་དངོས་བསྟན་པ་ལ་གཉིས་ལས།དང་པོ་མདོར་བསྟན་ནི།སླར་ཡང་དྲན་པ་སོགས་ཏེ།སེམས་རང་གར་ཀློད་པའི་ངང་ནས་མི་བརྗེད་པར་སྐྱོང་བ་ལ་དྲན་པ་དང་།དེའི་ངང་དུ་མི་སྡོད་པར་འགྱུ་བ་ཤར་བ་ལ་རྣམ་རྟོག་ཏུ་ངོ་སྤྲོད་པའི་སྒོ་ནས་ལམ་དུ་འཇུག་གོ།གཉིས་པ་རྒྱས་བཤད་ནི།དེ་ནས་གཅིག་འདྲེས་སོགས་ཏེ།དྲན་པ་དང་རྣམ་རྟོག་གཅིག་ཏུ་འདྲེས་ནས་གང་ཤར་ཐམས་ཅད་སྦྲུལ་མདུད་ཞིག་པ་ལྟ་བུར་ཕྱིའི་ཡུལ་ལ་དུམ་བུར་འཕྲོ་ཡང་རང་གྲོལ་བ་རྩེ་གཅིགཤར་རིག་དུས་མཉམ་དུ་སོང་ནས་རིག་ཙམ་ནས་གྲོལ་བར་སྣང་བ་ཤར་གྲོལ།མཁའ་ལས་གློག་གཡོ་བ་ལྟར་ཤར་ཙམ་ཉིད་ནས་རང་ཀློང་དུ་གྲོལ་བ་ངོ་བོ་སྟོང་ཉིད་ངང་ལས་ཤར་རིག་རང་གསལ་མངོན་དུ་གྱུར་པས་བདག་གཞན་ཡུལ་གསུམ་ལ་ཕྱོགས་ཞེན་མེད་པར་རང་གི་ངང་ཙམ་མི་རྟོག་པའི་དྲན་པ་རང་ཚུག་བརྟན་པའོ།།གཉིས་པ་ལམ་རིག་ངོས་འཛིན་པ་ནི།དྲན་པ་སྤྲོས་མེད་སོགས་ཏེ།དྲན་བྱ་དྲན་བྱེད་གཉིས་ཀ་སྤྲོས་མེད་དུ་ཞིག་ནས་ངོ་བོའི་ངང་དུ་གནས་པའི་རང་ཤེས་དེ་ཉིད་ལམ་གྱི་རིག་པའོ།།གཉིས་པ་གཞིའི་མཚན་ཉིད་གཏན་ལ་དབབ་པ་ལ་གཉིས་ལས།དང་པོ་མདོར་བསྟན་ནི།དེ་ནས་གནས་ལུགས་སོགས་ཏེ།གཞིའི་གནས་ལུགས་གཏན་ལ་ཕབ་ནས་ཡང་དག་པའི་ལྟ་སྒོམ་ཟབ་མོའི་སྐྱོན་བསལ་བའོ།།གཉིས་པ་རྒྱས་བཤད་ལ་གཉིས་ལས།དང་པོ་འཛིན་པ་གང་ཟག་གི་བདག་འཛིན་བདག་མེད་དུ་གཞིག་པ་ནི།སྐྲ་དང་ཁ་སྤུ་སོགས་ཏེ།ང་ཞེས་བདག་ཏུ་འཛིན་པ་དེ་ཉིད་སྐྲ་དང་ཁ་སྤུ་ཤ་རུས་ཁྲག་ཆུ་སེར་སོ་སེན་ནང་རོལ་དྲི་གཤང་སོགས་མདོར་ན་ཕྱིའི་ལྤགས་པ་ནས་ནང་རུས་པ་རྐང་གི་བར་དུ་བརྟག་ཀྱང་མི་རྙེད་ལ།དེས་ན་དང་པོ་བྱུང་བའི་ཁུང་།བར་དུ་གནས་པའི་ས།ཐ་མ་འགྲོ་བའི་ཡུལ་ལས་འདས་པའི་ཕྱིར་ངར་འཛིན་ཡུལ་མེད་དུ་ཤེས་པར་བྱའོ།།གཉིས་པ་གཟུང་བ་ཆོས་ཀྱི་བདག་འཛིན་བདག་མེད་དུ་གཞིག་པ་ལ་བཞི་ལས།དང་པོ་མིང་གི་གདགས་གཞི་བཙལ་བ་ནི།དེ་བཞིན་མགོ་བོ་སོགས་ཏེ།དེ་བཞིན་གཟུང་བའི་ཡུལ་ལའང་རང་རྒྱུད་ཀྱིས་བསྡུས་པ་མགོ་དང་རྐང་ལག་སོགས་ལུས་ཀྱི་ཆ་ཤས་རེ་རེ་ནས་དང་།རང་རྒྱུད་ཀྱིས་མ་བསྡུས་པ་ཕྱིའི་ཡུལ་དང་ཁང་ཁྱིམ་སོགས་སྣོད་བཅུད་འདོད་ཡོན་གྱི་དངོས་པོ་རྣམས་ལ་རང་རང་གི་ངོས་ནས་བཙལ་ན་མིང་གི་གདགས་གཞི་རྟག་བརྟན་དངོས་མཚན་དུ་གྲུབ་པ་མི་དམིགས་པའི་ཕྱིར་མིང་གི་གདགས་གཞིས་སྟོང་པའོ།།གཉིས་པ་དངོས་པོའི་རྟག་འཛིན་བཤིག་པ་ནི།ཁྱེད་ཀྱིས་རང་ཡུལ་སོགས་ཏེ།ཡུལ་དུ་བདེན་པར་ཞེན་པའི་འབྱུང་བ་ལྔ་དང་།ས་ལས་གསེར་དང་ཆུ་ལས་ལན་ཚྭ་སོགས་འབྱུང་འགྱུར་དུ་སྣང་བ་འདི་དག་ལ་རྡོ་རྗེའི་མཚན་ཉིད་ཚང་ན་རུང་མོད་ཀྱང་།བཤིག་བཏུལ་གྱི་སྦྱོར་བས་རྡུལ་དང་རྡུལ་ཕྲན་ནས་ཆ་མེད་ཀྱི་བར་དུ་ཡལ་བའི་ཕྱིར།དེས་ན་སྣོད་བཅུད་སྣང་བ་ཐམས་ཅད་སྣང་ངོས་ནས་སྣང་ཙམ་ལས་སྟོང་ངོས་ནས་ཅི་ཡང་མ་གྲུབ་པ་སྒྱུ་མའི་དཔེ་བཅུས་སྟོན་པས་མེད་པ་ལ་ཡོད་པར་མི་འདོད་དོ།།གཞན་ཡང་ཉིན་སྣང་གི་སྣོད་བཅུད་ཡུལ་སྣང་ཐམས་ཅད་རྨི་ལམ་གྱི་དུས་སུ་གང་དུ་སོང་།རྨི་ལམ་གྱི་དུས་སུ་ཉིན་སྣང་གི་སྣོད་བཅུད་སྐྱེ་འགྲོ་ཐམས་ཅད་ཤི་ནས་རོ་སྟོར་བའམ་གང་དུ་ཐལ།འདི་སྣང་རྒྱུ་རྐྱེན་ལས་བྱུང་བར་འདོད་པའི་ལུས་འདི་བོར་ནས་ཕ་རོལ་ཏུ་འགྲོ་བའི་ལུས་དེའི་རྒྱུ་རྐྱེན་གང་ལས་བྱུང་།ད་ལྟའི་ལུས་འདི་ནད་དང་སྡུག་བསྔལ་སོགས་ཀྱིས་འཇིགས་ན་ཕྱི་མའི་ལུས་དེ་ཅིའི་ཕྱིར་མི་འཇིགས།དེ་བཞིན་དུས་གསུམ་དུ་སྣང་བའང་རང་གཞི་ཀ་དག་མཉམ་པ་ཉིད་ཀྱི་དུས་ལས་མ་དམིགས་ཀྱང་།མ་མྱོང་མྱོང་བར་སྣང་།མི་འབྱུང་འབྱུང་བར་སྣང་།མ་གྲུབ་གྲུབ་པར་སྣང་སྟེ་བདེན་པར་ཞེན་པས་འདས་མ་འོངས་ད་ལྟའི་དུས་ཞེས་མེད་བཞིན་ཡོད་པར་འཁྲུལ་པ་སྟེ།མདོར་ན་དེ་དག་གང་ལའང་རྟག་པར་འཛིན་པའི་ཡུལ་མ་གྲུབ་བོ།།གསུམ་པ་རེ་དོགས་ཀྱི་རྫུན་ཕུག་བརྡིབ་པ་ནི།དེ་ཕྱིར་ཡུལ་སྣང་སོགས་ཏེ།རེ་ཡུལ་སངས་རྒྱས་སུ་བཟང་པོར་ཞེན་པ་ནི་ཤིན་ཏུ་འཁྲུལ་པ་སྟེ།སངས་རྒྱས་ཞེས་གཟུགས་མཛེས་པ་རྫུ་འཕྲུལ་ཆེ་བ་འཁོར་གྲོགས་མང་བ་གནས་མལ་བཟང་བ་བདེ་སྐྱིད་ཆེ་བ་ཞིག་གི་རྣམ་པར་བཟུང་ན།དེ་ནི་གཟུགས་ཁམས་ཀྱི་ལྷ་ཙམ་ལས་མི་འཕགས་པའི་ཕྱིར།དོན་དམ་པར་ན་མ་རིག་པའི་སྒོ་ང་སྦུབས་ལས་གྲོལ་ཞིང་ཡེ་ཤེས་ཀྱི་རང་མདངས་རྒྱས་པ།སྤྲོས་པའི་མཐའ་དང་བྲལ་བ་གཟུང་འཛིན་གྱི་ཡུལ་ལས་འདས་པའི་ངོ་བོ་ཉིད་ཀྱི་གནས་ལུགས་ལ་སངས་རྒྱས་ཞེས་མིང་གི་ཐ་སྙད་ཙམ་དུ་བརྗོད་པ་ལས།ཞིང་ཁམས་ཞེས་ཡུལ་ནས་ཡུལ་དུ་བགྲོད་སླེབས་ཀྱི་རྣམ་པར་འཛིན་པ་ནི་བྱིས་པ་འབྲོག་དགོན་པར་འཁྱམས་པ་ཡིན་ལ།དེས་ན་བདེན་གཉིས་ཤན་འབྱེད་པའི་ཤེས་རབ་ཀྱི་མིག་ཕྱེས་ལ་སངས་རྒྱས་རང་རྒྱུད་པར་མ་གོལ་བར་བྱའོ།།དེ་བཞིན་དུ་དོགས་ཡུལ་འཁོར་བའི་གནས་ཀྱང་གཞིའི་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་མ་རིག་པའི་བག་ཆགས་འཐས་པ་ལས་ནང་ང་རུ་འཛིན་པས་ཕྱིའི་ཡུལ་གྲུབ་སྟེ་སྣང་བ་གནས་འགྱུར་ལ་བདེན་འཛིན་ཨ་འཐས་པས་འཁྲུལ་པ་སྟེ།གཞན་དུ་བདེན་དངོས་སུ་གྲུབ་པར་སེམས་ན།དམྱལ་གནས་ཀྱི་ལྕགས་སྲེག་ས་གཞི་དང་མཚོན་ཆ་དམྱལ་སྲུང་དེ་དག་གང་ལས་བྱུང་།བཀྲེས་སྐོམ་སྡུག་བསྔལ་གྱི་ཁུར་ལེན་པའི་སེམས་ཅན་ལྟོ་བ་ཆེ་བ་ཡན་ལག་ཕྲ་བའི་ཁ་བྱིལ་པོ་དེ་དག་གི་ཕ་མ་སུ་ཞིག་ཡིན།དེ་བཞིན་དུ་འགྲོ་བ་རིགས་དྲུག་གི་གནས་ཡུལ་ཕྱོགས་མཚམས་སུ་ཡོད་པར་ཞེན་པ་རྣམས་ཀྱང་མ་བརྟག་པ་ན་བདེན་པར་གྲུབ་པ་ལྟར་སྣང་ཡང་བརྟག་ན་ཐམས་ཅད་མ་གྲུབ་པའི་རང་བཞིན་རྫུན་གྱི་རང་མཚན་ཁོ་ནར་ཟད་དོ།།འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་བ་གནས་འགྱུར་ཙམ་ལས་འཁོར་བར་འཁོར་མ་མྱོང་།སྡུག་བསྔལ་གྱིས་གདུང་མ་མྱོང་སྟེ།གལ་ཏེ་སྐྱེ་ཤིའི་ཁ་བརྒྱུད་དེ་སྡུག་བསྔལ་མྱོང་ན།ད་དུང་ཡང་མི་ཉམས་པར་སྲ་མཁྲེགས་སུ་སྣང་བ་ཅིའི་ཕྱིར།དེས་ན་རེ་དོགས་ཀྱི་ཡུལ་རང་བཞིན་གྱིས་མ་གྲུབ་པའོ།།བཞི་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ནི།སྣང་སེམས་འཁྲུལ་པའི་སོགས་ཏེ།སྣང་སེམས་འཁྲུལ་པའི་སྤུན་ཐག་གིས་འཕྱང་ནས་དཀར་ནག་གི་ལས་འབྲས་འཁོར་བའི་རྒྱུ་མ་ནོར་བར་ཤར་བས་བདེ་སྡུག་སོ་ཟིན་མེད་པར་སྨིན་པ་སྟེ།དེ་ལས་གཞན་དུ་གཞིའི་ངོ་བོ་གཞིག་བྱའི་མཚན་མ་དང་བྲལ་བ་ལ་ཕན་བྱེད་ལྷས་བསྐྱབ་ཡུལ་དང་།གནོད་བྱེད་བགེགས་ཀྱིས་གནོད་ཡུལ་མེད་པས་དངོས་མེད་ལ་དངོས་ཅན་གྱིས་ཕན་གནོད་བྱ་ཚུལ་བྲལ་བས་བདེ་སྡུག་སྦྱིན་ལེན་མ་དམིགས་ཤིང་འཁྲུལ་སྣང་ཉམས་ཀྱི་རི་མོ་རྒྱུ་འབྲས་དཀར་ནག་དེས་བྱས་སོ།།འདི་ལྟར་འཁོར་བ་ཐམས་ཅད་ཀུན་རྫོབ་དང་དེ་ལས་འདས་པ་དོན་དམ་དུ་མཁས་པ་ས་ར་ཧས་བཞེད་ལ།གཞན་དུ་སྣང་སེམས་རང་ལ་ཀུན་རྫོབ་དང་ངོ་བོ་ཉིད་ལ་དོན་དམ་པར་མཁས་པ་གཞན་དག་གིས་བཞེད་དོ།།གཞན་ཡང་སྔར་བྱས་ཀྱི་ལས་ཉོན་བག་ཆགས་སོགས་མི་དགེ་བ་དང་དགེ་བའི་ལས་ཐམས་ཅད་ད་ལྟ་གང་དུ་འདུག་བརྟག་པས་ཕན་གནོད་ཀྱི་ཡུལ་དང་བྱེད་པོའི་མཚན་མ་གང་ཡང་མ་གྲུབ་བོ།།གསུམ་པ་ལམ་ཉམས་སུ་ལེན་ཚུལ་ལ་དྲུག་ལས།དང་པོ་གཞི་ལས་འཁྲུལ་ཚུལ་ནི།དེ་ལྟར་སྣང་བ་སོགས་ཏེ།དེ་ལྟར་སྣང་བ་ཐམས་ཅད་སོ་སོ་རང་ཐད་ནས་སྟོང་པ་ལྟ་བུར་ཤེས་ཀྱང་གཞི་གཏན་ལ་ཕབ་ནས་ངོ་བོ་ཉིད་གཅིག་པུའི་རང་བཞིན་དུ་མ་ཤེས་ན་དོན་མེད་པའི་ཕྱིར་གནས་ལུགས་ངོ་ཤེས་ཤིང་གདིང་ཐོབ་པ་གནད་དོ།།དེ་ཡང་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་སྐུ་གཏིང་གསལ་ཆེན་པོར་གནས་པ་ཉིད་མངོན་གྱུར་དུ་བྱེད་པའི་ཤེས་རབ་ཀྱི་མིག་ལ་མ་རིག་པའི་རྡུལ་ཕོག་ནས་ཁམས་གསུམ་འཁོར་བའི་རྒྱུ་རུ་འཁྲུལ་ནས་ལོང་བའི་སྤྱོད་འགྲོས་ལྟར་དུབ་པ་སྟེ།ངར་འཛིན་གྱི་འཆིང་བ་དམ་པོས་འཁྱུད་པའི་དབང་གིས་སྣོད་བཅུད་འདོད་ཡོན་གྱི་གཟུགས་སུ་གྲུབ་པ་ལ་ཁྱིམ་དུ་བྱས།ཉོན་ཡིད་དབང་པོ་སྒོ་ལྔར་ཞུགས་པས་རྣམ་པར་ཤེས་པའི་ཚོགས་རྣམས་མཆེད།རྣམ་རྟོག་སྔ་མ་གཟུང་བ་ཡུལ་དུ་འཕོས་ཤིང་ཕྱི་མས་ཉེ་བར་བླངས་པས་འཛིན་པ་སེམས་སུ་འཁྲུལ་ཏེ་རྣམ་རྟོག་ཕྲ་རགས་གཉིས་སུ་འདོད་དོ།།གཉིས་པ་ལམ་གྱི་གོལ་ཤོར་བསྟན་པ་ནི།ཕྱི་རུ་ཡུལ་སྟོང་སོགས་ཏེ།ཕྱིའི་ཡུལ་སྣང་རང་ས་ནས་སྟོང་ཞིང་།ནང་གི་སེམས་ཀྱང་རང་ངོས་ནས་སྟོང་པ་རང་རྒྱུད་པར་གོལ་ཏེ་དེ་གཉིས་ཟུང་འབྲེལ་དུ་ལ་བཟླ་བ་དག་ནི་གཉིས་འཛིན་གྱི་ཞགས་པ་ཆེན་པོའི་འཆིང་བ་ལས་མ་གྲོལ་བ་སྟེ།ཕྱིའི་ཡུལ་སྣང་ཕར་བཅད།ནང་གི་ང་བདག་ཚུར་བཅད།དེ་གཉིས་ཀྱི་བར་དུ་སྟོང་པ་ཕྱང་ཆད་བསྒོམ་ཡང་།བདག་མེད་གཉིས་གཏན་ལ་མ་ཕབ་པའི་སྐྱོན་གྱིས་དཔེར་ན་འཁྱག་པའི་སྦུབས་ཆུ་ལྟ་བུར་སོང་སྟེ་གྲོལ་བ་ཐོབ་པ་ཤིན་ཏུ་དཀོན་ནོ།།གསུམ་པ་གཞིའི་གནས་ལུགས་དང་ལམ་ངོས་བཟུང་བ་ནི།དེ་ལྟར་གཟུང་འཛིན་སོགས་ཏེ།དེ་ལྟར་གཟུང་འཛིན་འཁྲུལ་པའི་སེམས་སྣང་ཐམས་ཅད་ངོ་བོ་ཉིད་ལས་སུས་ཀྱང་མ་བྱས་ལ།ངོ་བོ་ཉིད་ཀྱིས་ཀྱང་མ་བྱས་པར་རང་བྱུང་རང་ཤར་དག་མཉམ་དུ་སྣང་ཞིང་།ངོ་བོ་ཉིད་ནི་འཁོར་འདས་ཀུན་གྱི་གཞི་རུ་མ་བཅོས་འདུ་འབྲལ་མེད་ཅིང་ཡེ་ནས་གནས་པའི་ཆོས་ཉིད་ཅན་ཏེ་དེའང་རིག་དང་མ་རིག་གི་བྱེ་བྲག་ལས་སངས་རྒྱས་དང་སེམས་ཅན་གཉིས་སུ་བརྗོད་དོ།།བཞི་པ་ལམ་ལ་འཇུག་ཚུལ་དངོས་ནི།མ་བཅོས་ཡོངས་གྲུབ་སོགས་ཏེ།གཞིའི་གནས་ལུགས་ཡེ་ནས་མ་སྐྱེས་མི་འགགས་གསལ་འགྲིབ་དང་བྲལ་བ་ཉིད་བློས་བྱས་སྒོམ་གྱིས་བཅོས་བསྒྱུར་བསམ་བརྗོད་ལས་འདས་པ་རང་བྱུང་གི་ཡེ་ཤེས་གདོད་མའི་སངས་རྒྱས་དེ་ཁོ་ན་ཉིད་དུ་ལ་བཟླ་སྟེ་གདིང་ཐོབ་པར་བྱའོ།།ལྔ་པ་ལྟ་སྒོམ་དང་འབྲེལ་བའི་སྤྱོད་པ་བསྟན་པ་ནི།འདི་ལྟར་གནས་ལུགས་སོགས་ཏེ།འདི་ལྟ་བུའི་གནས་ལུགས་རང་ཞལ་མཇལ་བའི་རྣལ་འབྱོར་པ་ལས་སྨོན་ཕུན་སུམ་ཚོགས་པ་རྣམས་ཀྱིས་རྐྱེན་ཐོག་ཏུ་གནད་ངོ་འཕྲོད་པའི་ཕྱིར་ཤིན་ཏུ་འཇིགས་པའི་གཉན་ཁྲོད་ངེས་པ་མེད་པར་འགྲིམ་ནས་ཡུལ་འཛིན་རེ་དོགས་ཀྱི་མཚང་ལ་བཙན་ཐབས་སུ་རྒོལ་བ་ནི་སྤྱོད་པ་བོགས་འདོན་གྱི་གདམས་པ་ཁྱད་པར་ཅན་ནོ།།དྲུག་པ་འབྲས་བུའི་བཙན་ས་བཟུང་བར་བསྟན་པ་ནི།རང་གྲོལ་རྒྱལ་པོ་སོགས་ཏེ།དེ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱི་ལམ་ལ་བསྟེན་ནས་རང་གྲོལ་གཞིའི་རྒྱལ་པོ་གདོད་མའི་ཧེ་རུ་ཀའི་གོ་འཕང་མངོན་དུ་འགྱུར་བར་མཛོད་ཅིག་ཅེས་གྲུབ་ཆེན་ས་ར་ཧས་རྗེས་སུ་གདམས་པར་མཛད་པའོ།།དེ་དག་གིས་སྐབས་བཅུ་གཅིག་པ་གུད་དུ་ཕྱུངས་པའི་རྡོ་རྗེའི་ཚིག་གི་གསང་བ་ཆེན་པོའི་དོན་འགྲེལ་མདོར་བསྡུས་ས་བོན་ཙམ་ཞིག་སྨྲས་ཟིན་ཏོ།།དོན་དམ་གནས་ལུགས་ཟབ་མོའི་གནད།།གོ་ཡུལ་ཕྱོགས་ཙམ་མ་རྟོགས་པར།།གཅོད་ཡུལ་འཛིན་པར་རློམ་པ་ནི།།ལམ་ལོག་གཡང་སར་ལྟུང་བའི་རྒྱུ།།དེ་ཕྱིར་ཚུལ་འདིར་བསྙེན་འདོད་ཀུན།།སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི།།ལྟ་སྤྱོད་ཡ་མ་བྲལ་བའི་ངང་།།གཅེས་འཛིན་མགོ་བོ་འགེམས་པར་འཚལ།།ཞེས་པའང་ཟབ་མོའི་ལམ་འདིར་གཡར་དམ་སྙིང་ལ་འཆང་བའི་རྣལ་འབྱོར་པ་དཀོན་མཆོག་རབ་བརྟན་གྱིས་བསྐུལ་ངོར།གཏད་མེད་ཀྱི་སྤྲང་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་འབྲེལ་ཚད་གཅོད་ཡུལ་མཐར་ཕྱིན་པའི་རྒྱུར་གྱུར་ཅིག།།།