DUDJOM-THROMA-085

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-085

༄༅།།བླ་མ་ལ་ཕྱག་འཚལ་ལོ།།མ་ཅིག་ཁྲོས་མ་ནག་མོའི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ནོད་ནས།ཁྲོས་མའི་ནང་མཚམས་ཚུལ་བཞིན་དུ་གྲུབ་མཐར།གཉན་ཁྲོད་བརྒྱ་རྩ་འགྲིམ་པ་ལ།སྒོ་ཐེམ་མཚམས་སུ་ཞག་གསུམ།མིག་མཐོང་གང་དུ་སྔ་ཚད་རྫོགས་པར་བསྡད་འཕྲལ།འགྲོ་ཆས་རྣམས་ཚོགས་བྱས་ལ།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་འགྲོ་ལུགས་རྣམ་བཞིའི་སྒོ་ནས་འགྲོ།གཉན་སའི་འགོ་བོ་མཐོང་ཚེ་སྔ་ནོན་དང་པོ་འཕེན།དེ་ནས་གཉན་མིག་ཏུ་སླེབས་པ་དང་མཉམ་དུ་གཡང་གཞི་བརྡབ་ཆོགསྔོན་དུ་འགྲོ་བས།ཟིལ་གནོན་གཉིས་པ་བྲོ་ར་ཕུར་ཁྱེར་དང་བཅས་པ་སོང་འཕྲལ།ཐུན་ཆུང་གཅིག་བཟུང་།ཕྱོགས་ནས་ས་བླངས་ཏེ་ཐབ་ཁ་བཙུགས།མེ་གཏོང་།ཇ་བཞེས་འཕྲལ།ཁྲོས་མའི་དཀྱིལ་འཁོར་གྲུབ་པར་བྱས་ཏེ།སྔོན་འགྲོ་ནས་བཟུང་ཆོས་སྤྱོད་རྒྱུན་སྲོལ་ལྟར་འདོན།མཆོད་རྫས་བྱིན་རླབས།སྐྱབས་ཡུལ་བསྐྱེད་པ།ལས་བྱང་བསྙེན་པ་སྒྲུབ་པ་ལས་སྦྱོར་མཆོད་བསྟོད་དགེ་བསྔོས་བཅས་གྲུབ་འཕྲལ།གསོལ་ཁ།བཤགས་པ་ཆེ་ཆུང་གང་རུང་རྫས་བསྐང་།དམ་ཚིག་ཉམས་ཆག་སོགས།བྱང་ཆུབ་ཤོག༔ ཚོགས་ཆུང་བཅུ།བཤགས་ཆུང་གང་རུང་གི་མཐར།ནམ་མཁའི་མཐར་ཐུག་སོགས།ཕྱིན་པར་ཤོགཚོགས་བསྐང་ཆད་བརྟན་བཀྲ་ཤིས་ཡན་སོང་མཐར།མེ་གཏོང་།ཇ་གསོལ།དམིགས་པ་དམ་བཅའ་གསལ་འདེབས་བཅས་ནན་དུ་བྱ།དམར་འགྱེད་འདོན།དེ་ནས་དམ་བཅའ་གསལ་འདེབས་བཅས་གཉིད་དུ་ཕྱོགས་ཚེ་ཤེས་བྱ་བུམ་པར་བསྡུ།ནམ་གུང་ནག་འགྱེད་མཐར།གཉིད་འོད་གསལ་དུ་སྦ།ཐོ་རངས་རླུང་རོ་དགུ་ཕྲུགས་སུ་བསལ།དཀར་འགྱེད་འདོན།ཐུན་ཆུང་གཅོད།ནམ་ལངས་པ་དང་མཉམ་དུ་མེ་གཏོང་།ཇ་གསོལ།ར་བ་བསྡུ།བཙོན་བཀྲོལ།རྟེན་བཞེངས།ཕོག་གཏད།ཐབ་ཤུལ་མི་མངོན་པར་ཕྱོགས་སུ་བསྐྱལ།གནས་བཅོལ།མིག་མཐོང་གང་ཙམ་ཕྱིན་ནས་ཁྱུང་མཚམས་བཅད།དེ་ནས་སློང་མོ་སོགས་བྱེད་དགོས་ན་དམིགས་མེད་བརྗོད་བྲལ་དུ་འཇོག་ནས་འགྲོ།།ཐག་ཉེ་སར་དུར་ཁྲོད་སོགས་སུ་འགྲོ་ན་སྔ་ནོན་འཕེན།ཞག་ཁ་ཤས་འདུག་ན་ཐུན་བཞིའམ་དྲུག་བྱ།སློང་ཚད་ཆེ་འབྲིང་ཆུང་གསུམ་གང་བྱུང་ཡང་འགྱེད་གཏོང་།རྒྱུན་དུ་མེ་མཆོད་འཛོམ་ཚེ་ལྷག་མའི་མགོར་བྱ།རྒྱུན་དུ་མ་འཛོམ་ཀྱང་།ཚེས་བརྒྱད།བཅུ།བཅོ་ལྔ།བཅོ་བརྒྱད།ཉེར་ལྔ།གནམ་སྟོང་དྲུག་ཏུ་མེ་མཆོད་རེ་གཏོང་།བརྒྱ་རྩ་ཁ་གང་ཚེ་གནས་གཅིག་ཏུ་ཞག་བདུན་བར་དུ་བསྡད་ནས།ཚོགས་སྟོང་།སྦྱིན་སྲེག་སྟོང་ལེགས་པར་བྱ་དགོས།ནད་དྲག་པོས་མནར་བ་དང་།སློང་མ་བྱུང་བ་དང་།དགྲ་སོགས་ཀྱིས་རྒོལ་བ་བྱུང་ཚེ་མཐའ་གཏད་ཟབ་མོ་བྱ་བ་ལས་གང་ཐོད་ཐོད་དུ་མི་བྱའོ།།སློང་བྱུང་ཚུལ་སོགས་གཞན་ལ་མི་སྨྲ་རེ་དོགས་མི་བྱེད་པ་གནད་ཡིན་ནོ།།རབ་ཚད་སློང་ཆོད་གསུམ་གང་རུང་མ་བྱུང་བར་དུ་སྡོད་དགོས་ཀྱང་།དེང་སང་དེ་ལྟར་བྱེད་པ་དཀའ་ཡང་ཞག་བརྒྱ་དང་བརྒྱད་དུ་འགྲོ་དགོས་ངེས་པའོ།།དེ་ལྟར་བདུད་གཅོད་ཟབ་མོ་ལ་བརྟེན་ནས།།གཉན་ཁྲོད་བརྒྱ་རྩ་འགྲིམ་པའི་ཞལ་ཤེས་རྒྱུན།།མི་ཉམས་ཕྱིར་དུ་འདི་ལྟར་བྲི་དགོས་ཞེས།།རྡོ་རྗེའི་མཆེད་པོ་དུ་མའི་བཀས་བསྐུལ་ངོར།།རྨོངས་བླུན་བྷུ་སུ་ཀུ་པ་དྲི་མེད་པས།།ལྷག་བསམ་དག་པས་བྲིས་པའི་དགེ་བ་ཡིས།།འགྲོ་ཀུན་ཡུམ་ཆེན་གོ་འཕང་ཐོབ་པར་ཤོག།དགེའོ།།།།