DJYD-KABUM-14-PHA-009

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-14-PHA-009
Wylie title DJYD-KABUM-14-PHA-009.pdf
Location bdud 'joms rin po che bka' 'bum
Volume 14, Text 9, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན) (ཚེ་སྒྲུབ་འཆི་མེད་སྲོག་ཐིག་ལས། སྦས་སྒོམ་རྒྱུན་ཁྱེར་ཁོལ་དུ་ཕྱུངས་པ་བཞུགས་སོ། །)ན་མོ་གུ་རུ་ཨཱ་ཡུརྫྙ་ན་ཡེ། (ལམ་འདིའི་རྣལ་འབྱོར་པས་སྦས་སྒོམ་རྒྱུན་ཁྱེར་ཉམས་སུ་ལེན་པའི་ཚུལ་ནི། ཐོ་རངས་བྱ་རོག་ལྡང་བའི་གོང་དུ་བདེ་བའི་སྟན་ལ་འཁོད་ནས་ལུས་དྲང་པོར་བསྲང་། རླུང་རོ་ལེགས་པར་བསལ་ནས་ཚོགས་ཞིང་གསལ་བཏབ་ལ། སྐྱབས་སེམས་ནི།)ན་མོ༔ བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ སྐྱབས་ཡུལ་ཀུན་འདུས་མགོན་པོ་ཚེ་ཡི་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ (ལན་གསུམ།)ཧོཿ གཟུང་འཛིན་འཁྲུལ་པའི་སྣང་བས་བསྐྱེད་པའི་འགྲོ༔ མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས༔ ཡེ་གྲོལ་འཆི་མེད་གཞོན་ནུ་བུམ་སྐུའི་ཀློང་༔ རོ་མཉམ་ཆེན་པོར་འགོད་པར་སེམས་བསྐྱེད་དོ༔ (ལན་གསུམ་བརྗོད་མཐར་དམིགས་མེད་བཞག །)ཧྲཱིཿ རང་མདུན་ནམ་མཁའ་ཡངས་པའི་ཀློང་༔ རྒྱལ་བ་ཀུན་གྱི་གསུང་རྡོ་རྗེ༔ ཧྲཱིཿཡིག་དམར་པོ་ཉི་མ་ལྟར༔ འབར་བའི་གཟུགས་ལ་མིག་གཏད་པས༔ ཆོས་རྣམས་རང་བཞིན་ལས་འདས་པའི༔ འཆི་མེད་རྟག་པ་དམ་པའི་དབྱིངས༔ སྨྲ་བསམ་བརྗོད་པ་ཀུན་བྲལ་གྱུར༔ (ཞེས་བརྗོད་དགོངས་པ་གསལ་བཏབ་ནས༔ དབུགས་ཐིང་གཅིག་ལ་ཧྲཱིཿཉེར་གཅིག༔ དག་གསལ་ (1བ)སྙན་པའི་དབྱངས་ཀྱིས་བཟླ༔ དེ་ནས་ཚིག་དོན་སྦྲེལ་བའི་མ༔) ཧྲཱིཿ གཟུང་དང་འཛིན་པའི་དངོས་སྣང་ཀུན༔ རང་བཞིན་མ་གྲུབ་སྟོང་ཆེན་དབྱིངས༔ ཀ་དག་བསམ་བརྗོད་བྲལ་བའི་ངང་༔ རིག་གདངས་གསལ་མདངས་རོལ་པའི་གར༔ འོད་ཕུང་དམར་པོ་འབར་བའི་ཀློང༔ པདྨ་ཉི་ཟླ་རྒྱས་པའི་སྟེང་༔ རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ མཉམ་བཞག་ཕྱག་རྒྱས་ཚེ་བུམ་འཛིན༔ ལོངས་སྐུའི་རྒྱན་རྫོགས་འཛུམ་ཞལ་མཛེས༔ ཡུམ་མཆོག་གསང་ཡེ་གོས་དཀར་མོ༔ མདའ་དར་ཚེ་བུམ་བསྣམས་པས་འཁྱུད༔ བདེ་སྟོང་འདུ་འབྲལ་མེད་པར་སྦྱོར༔ ཕུང་(ཡབ་ལྔ་)ཁམས་(ཡུམ་ལྔ་)སྐྱེད་མཆེད་(ལྷ་མོ་དྲུག་)ཚོགས་(ལྷ་མོ་བརྒྱད་)རྩལ(སྒོ་བ་ཡབ་ཡུམ་)༔ ཉི་མ་ལས་ནི་འོད་ཇི་བཞིན༔ རང་(གཞི་དབྱིངས་ཀྱི་)ཤར་དཀྱིལ་འཁོར་དབྱིངས་(ཆེན་པོར་ཆས་)སུ་རྫོགས(པའི་དགོངས་པ་གསལ་འདེབས་ཙམ་བྱ།)༔ སྤྱི་བོར་པདྨ་ཟླ་བའི་སྟེང་༔ རིག་འཛིན་པདྨ་ཚེ་ཡི་བདག༔ དཀར་གསལ་ཞི་འཛུམ་བདེ་སྟོང་རྒྱས༔ མཉམ་བཞག་ཚེ་བུམ་རྡོ་རྗེ་འཛིན༔ མནྡྷ་ར་བ་དམར་སྐྱ་འཁྲིལ༔ གཉིས་ཀ་དར་དང་རིན་ཆེན་བརྒྱན༔ སྐུ་ཡི་འོད་ཀྱིས་འཁོར་འདས་ཀྱི༔ ཚེ་བཅུད་སྡུད་པའི་ཚུལ་དུ་བཞུགས༔ རང་གི་ཐུགས་(2ན)ཀར་མི་འགྱུར་བའི༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གའུ་ཁ་སྦྱོར་ནང་༔ རླུང་སེམས་དབྱེར་མེད་དྭངས་མའི་གཟུགས༔ ཐིག་ལེ་ཁ་དོག་ལྔ་ལྡན་དབུས༔ ཧྲཱིཿཡིག་དམར་པོ་འོད་འབར་བ༔ གཡོ་མེད་དགོངས་པའི་གདིང་བཅས་ལ༔ མ་བཅོས་འཛིན་པ་བྲལ་བའི་ངང་༔ ཨོཾ་ཨཱཿཧྲཱིཿསྭཱཧཱ༔ གུ་རུ་ཨཱ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཛཿཧཱུྃ་བྃ་ཧོཿ(ཞེས་བཟླས་རྡོ་རྗེའི་འབྲུག་ཅིག་གི༔ ཧྲཱིཿབཟླས་དམིགས་གནད་གཞུང་བཞིན་བྱ༔ ཞེས་གསུངས་པ་ནི་ལས་གཞུང་ལས། དེ་ནས་སྣང་སྲིད་འཁོར་འདས་ཀུན༔ འོད་ཟེར་ལྔ་ལྡན་ཐིག་ལེར་ཞུ༔ ཐུགས་ཀའི་ཧྲཱིཿལས་ཧྲཱིཿདམར་པོ༔ གྲངས་མེད་ནམ་མཁའ་ཁྱབ་པར་འཕྲོས༔ སྔགས་ཀྱི་རང་སྒྲ་ཀུན་ཏུ་འུར༔ སྐྱེ་འཆིའི་མཚན་མ་མི་དམིགས་པའི༔ འོད་གསལ་བདེ་བ་ཆེན་པོའི་ཞིང་༔ རྣམ་དག་ཀློང་ཡངས་རོལ་བར་བལྟ༔ སླར་ཡང་ཧྲཱིཿཡིག་དེ་དག་རྣམས༔ འོད་ལྔའི་ཐིག་ལེ་དང་འདྲེས་ནས༔ འབར་འཕྲིག་རྣམ་པས་ཚུར་འདུས་ཏེ༔ ཐུགས་ཀའི་ཧྲཱིཿལ་འུབ་ཀྱིས་འདུས༔ ཁྱབ་བརྡལ་ཆོས་ཀྱི་དབྱིངས་སུ་འཁྱིལ༔ འཕོ་འགྱུར་མཚན་མས་མི་ཕྱེད་པ༔ རིག་སྟོང་རྡོ་རྗེའི་དབྱིངས་སུ་གྱུར༔ དེ་དག་ཀུན་ཏུ་ཧྲཱིཿཡི་སྔགས༔ སྙན་འགྱུར་བུང་བའི་སྐད་ལྟ་བུ༔ དབྱངས་ཀྱི་རྟ་ལ་བསྐྱོན་ནས་བཟླ༔ རེས་འགའ་བུམ་ཅན་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་ཀྱིས༔ རླུང་སེམས་འཕོ་མེད་དབུ་མར་བཅིངས་༔ རེས་འགའ་ཨ་ཧཾ་འབར་འཛག་གིས༔ ཞུ་བདེས་དྲངས་པའི་དགའ་བ་བཞིན༔ དམར་པོ། ཡིག་དེ་དག་རྣམས༔ (2བ)བདེ་སྟོང་ཡེ་ཤེས་མི་འགྱུར་བའི༔ མཆོག་གི་རང་བཞིན་ཉམས་སུ་མྱོང་༔ འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ༔ སླར་ཡང་སྐྱེ་འཆིའི་འཛིན་རྟོག་དང་༔ བསྐྱེད་བཟླས་ཏིང་འཛིན་འཕྲོ་འདུ་སོགས༔ མཚན་མའི་ཡིད་ཀྱི་བྱེད་བཅོས་ཀུན༔ གཞི་གྲོལ་ཁྱབ་བརྡལ་གཉུག་མའི་ངང་༔ མ་བཅོས་རིག་སྟོང་རྗེན་པའི་བབས༔ བློ་འདས་ཆེན་པོའི་དགོངས་པ་བསྐྱང་༔ ཧྲཱི༔ ནི་བཟླས་པ་ཀུན་གྱི་མཆོག༔ ཅེས་པ་ལྟར་སྦྱར་ལ་ཧྲཱིཿབཟླས་གང་འགྲུབ་བྱའོ། །ཐུན་མཐར་སྤྱི་བོའི་བླ་མ་ལ༔ མོས་གུས་ཤུགས་ཀྱི་ཐལ་སྦྱར་གྱིས༔ རྩེ་གཅིག་གདུང་བས་གསོལ་བ་གདབ༔) ཧྲཱིཿ རྒྱལ་བ་ཀུན་དངོས་བཅོམ་ལྡན་ཚེ་དཔག་མེད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་པདྨ་འབྱུང་༔ བཀའ་དྲིན་མཉམ་མེད་སྐྱབས་མགོན་རིན་པོ་ཆེ༔ མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས༔ ཡེ་ཤེས་ཆེན་པོས་དགོངས་པའི་རྩལ་བསྐྱེད་ལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ གསོལ་བ་བཏབ་པས་སྤྱི་བོ་ཡི༔ བླ་མ་ཡབ་ཡུམ་མཉམ་སྦྱོར་མཛད༔ སྒྲ་དང་འོད་ཀྱིས་ཞིང་ཀུན་ཁྱབ༔ སྣང་སྲིད་འཁོར་འདས་ཚེ་བཅུད་བསྡུས༔ སྐུར་ཐིམ་དབུ་མའི་ལམ་བརྒྱུད་ནས༔ རང་གི་སྙིང་གར་(བྱོན་ནས་)དགྱེས་མེར་བཞུགས༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན༔ བབས་པས་རང་ལུས་ལྟེམས་སེ་གང་༔ ཧྲཱི༔ ཡིག་འོད་ཀྱིས་དྭངས་བཅུད་རྣམས༔ (3ན)འུབ་འདུས་བུམ་ཅན་སྦྱོར་བས་བསྡམས༔ མི་གཡོ་མི་ཤིགས་རྡོ་རྗེའི་(དགོངས་ཀློང་)སྦུབས༔ རྒྱས་བཏབ་རང་ལུས་སྟོང་གསལ་གྱི༔ འཇའ་འོད་སྒྲིབ་ཐོག་བྲལ་བའི་མདངས༔ ཚེར་འབར་སྣང་སྲིད་སྣོད་བཅུད་ཀུན༔ དངོས་བྲལ་འོད་ཀྱི་ཕུང་པོར་གྱུར༔ (བདག་གཞན་འཛིན་སེམས་རྣམ་པར་དག༔ རང་གསལ་གཞིར་བཞེངས་འོད་མི་འགྱུར༔ བཤེགས་བཞུགས་སྤྲོས་པའི་མཐའ་ལས་འདས༔ ངོ་བོ་ཉིད་ཀྱི་ཀློང་དུ་བཞག༔ འདོད་པའི་ཡོན་ཏན་ཅི་སྤྱད་ཀྱང་༔ ཐ་མལ་རྟོག་པས་མ་བཅིངས་པར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས༔ ཡེ་ཤེས་རོལ་པའི་རྒྱན་དམ་པ༔ འཆི་མེད་བདུད་རྩིར་མོས་པས་སྤྱད༔ འགྲོ་འདུག་འགུལ་བསྐྱོད་ཐམས་ཅད་ཀྱང་༔ རྡོ་རྗེའི་གར་གྱི་འཕྲུལ་འཁོར་ཆེ༔ མཉམ་པ་ཉིད་ཀྱི་ཕྱག་རྒྱར་བསྒྱུར༔ ངག་གི་སྨྲ་བརྗོད་ཇི་སྙེད་པ༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་དབྱངས༔ ཚེ་ཡི་ཛཔྲ་ཏུ་ཤེས་པའི་ངང་༔ ཨ་ཡིག་གསུམ་སྦྲེལ་གདངས་ཀྱིས་བརླབས༔ ཡིད་ཀྱི་རྟོག་ཚོགས་ཅི་ཤར་ཡང༔ ཤར་ཙམ་ཉིད་ནས་རང་གྲོལ་བ༔ སོ་སོ་རང་ཉིད་རིག་པའི་གཞིར༔ ཧྲཱི༔ ཧྲཱི༔ ཧྲཱི༔ ཞེས་མ་བཅོས་པའི༔ དགོངས་པ་ཁྱབ་བརྡལ་ཆེན་པོར་བཞག༔ (སྤྲོ་ན་བསྔོ་སྨོན་བཀྲ་ཤིས་བཅས་ལས་གཞུང་ལྟར་བྱ། མཆན་)སྐྱེ་འཆི་མཚན་མ་རང་གྲོལ་བའི༔ མན་ངག་ཟབ་ཏིག་གུ་ཧྱ་རྒྱ༔ རྒྱུན་དུ་ཆག་མེད་ཉམས་བླངས་ནས༔ ལུས་ཀྱི་འབྱུང་ཁམས་མི་འཁྲུགས་ཤིང་༔ སྟོབས་རྩལ་དབང་པོ་རྒིད་པ་སོས༔ བླ་ཚེ་ཉམས་པ་རང་སོར་ཆུད༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་) (3བ)པ་ཡང་ཕྱིར་ལ་བསྲིངས༔ སྦས་སྒོམ་བླ་མེད་མཐར་ཐུག་གོ༔ ཞེས་པའང་ཀུན་མཁྱེན་རྒྱལ་བའི་དབང་པོ་བཅོ་ལྔ་པའི་བཀའ་གསང་རིན་པོ་ཆེ་གཙུག་ཏུ་བཅིངས་ཏེ་ཉེ་བར་མཁོ་བའི་མཚམས་སྦྱོར་ངག་འདོན་བད་བའི་ཆེད་གསར་སྦྱོར་ཚིག་སྣ་ཕྲན་བུ་རེ་འབྱིན་འཇུག་དང་བཅས་ནམ་མཁའི་རྡོ་རྗེས་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ནས་མཚུར་མདོ་བོ་ལུང་གི་ཆོས་གྲྭར་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།། །།