DJYD-KABUM-15-BA-009

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-15-BA-009
Wylie title DJYD-KABUM-15-BA-009.pdf
Location bdud 'joms rin po che bka' 'bum
Volume 15, Text 9, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(ཡང་གསང་བདུད་འདུལ་གྲོ་ཟོ་ལོད་ཀྱི་རྒྱུན་ཁྱེར་སྙིང་པོར་དྲིལ་པ་བཞུགས།)ཨོཾ་སྭསྟི།(ཡང་གསང་བདུད་འདུལ་གྲོ་ལོད་ཀྱི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དུ་བྱ་བར་འདོད་པས། སྦྱོར་བ་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་ཁྲག་འཐུང་པདྨ་དྲག་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཛྲ་ས་མཱ་ཛཿས་སད་པ་ལ།)ན་མོ༔ བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་སྩོལ་བའི་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་མ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ (ལན་གསུམ་གྱིས་སྐྱབས་སུ་འགྲོ།) སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ དབང་དྲག་པདྨ་བསྒྲུབ་ནས་ཀྱང་༔ ལོག་འདྲེན་དགྲ་བགེགས་བསྒྲལ་ནས་ནི༔ གཞན་དོན་སྐྱོང་བར་སེམས་བསྐྱེད་དོ༔ (ལན་གསུམ་གྱིས་སེམས་བསྐྱེད།)ཧོ༔ དབང་དྲག་འབར་བའི་ལྷ་ཚོགས་གཤེགས། །དྲེགས་པ་བསྣོལ་བའི་གདན་ལ་བཞུགས། །སྲིན་པོའི་གར་གྱིས་ཕྱག་འཚལ་ལོ། །དུག་གསུམ་བསྒྲལ་བའི་མཆོད་པ་འབུལ། །ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས། །ལོག་འདྲེན་སྒྲོལ་ལ་རྗེས་ཡི་རང་། །དྲག་པོའི་ཆོས་འཁོར་བསྐོར་བར་བསྐུལ། །ཕྲིན་ལས་འགྲུབ་པར་གསོལ་བ་འདེབས། །དགེ་བ་སེམས་ཅན་ཡོངས་ལ་བསྔོ། །མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་ཤོག །(ཅེས་ཚོགས་བསགས་མཐར།) ཛཿཧཱུྃ་བྃ་ཧོཿ(ས། སྐྱབས་(1བ)ཡུལ་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ནི།)ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་སྟོང་ཆེན་གདོད་མའི་གཤིས༔ སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་ལས༔ མ་རྟོགས་ལོག་འདྲེན་སེམས་ཅན་ལ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཤར༔ གསལ་སྟོང་འགག་མེད་རང་རིག་ནི༔ ཧཱུྃ་དམར་འབར་བས་མཁའ་དབྱིངས་གང་༔ དེ་ལས་ཡེ་ཤེས་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་ཕོ་བྲང་དུ༔ པད་ཉི་དྲེགས་པ་རྒྱལ་བསེན་ཁྲིར༔ རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ བདག་ཉིད་པདྨ་ཁྲག་འཐུང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོདཿ སྨུག་ནག་དུས་མཐའི་མེ་ལྟར་འབར༔ སྤྱན་གསུམ་སྡང་མིག་གློག་སྟོང་འཁྱུག༔ སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འཕྲོ༔ ཨམ་གཙིགས་བསྡམས་ཤིང་མཆེ་བ་གཙིགས༔ ཁྲོ་གཉེར་ཤངས་ནས་ཧཱུྃ་སྒྲ་ལྡིར༔ དམར་སེར་དབུ་སྐྲ་གྱེན་དུ་འཁྱིལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་རྭ་གདེངས་མེ་འབར་བ༔ ཧཱུྃ་དགུ་རཾ་དགུས་མཚན་པ་ཅན༔ ནམ་མཁའི་དབྱིངས་སུ་གསོར་ཞིང་འཕྱར། སྟེང་གདོན་མ་ལུས་ཐལ་བར་རློག༔ གཡོན་པས་གནམ་ལྕགས་ཕུར་པའི་དབལ༔ རྣོ་ངར་བགེགས་ཀྱི་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ གྲངས་(2ན)མེད་ཁྲ་ཐབས་འགྱེད་པ་ཡིས༔ དམ་སྲི་རྒྱལ་འགོང་ཧབ་ཧབ་ཟ༔ གསང་ཕོད་ཆོས་གོས་སག་ལྷྭམ་གསོལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་སྤྲས༔ ཞབས་ཟུང་གྱད་ཀྱི་འདོར་སྟབས་ཀྱིས༔ སྟག་མོ་གྲུས་མའི་སྟེང་ནས་འགྱིང་༔ སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན༔ སྤྱི་གཙུག་སྤྲུལ་པའི་མཁའ་ལྡིང་ནི༔ དམར་ནག་མེ་ཡི་གཤོག་པ་ཅན༔ ཀླུ་རིགས་སྦྲུལ་གྱི་རྣམ་པས་ཟ༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ ཐུགས་ཀའི་འོད་དང་ཧཱུྃ་གིས་གླུས༔ རྔ་ཡབ་གླིང་ནས་ཐོད་ཕྲེང་རྩལ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དྲག་པོ་འཆོལ་བའི་སྐུར་བཞེངས་ཏེ༔ ཆར་ལྟར་བབས་ནས་རང་ལ་ཐིམ༔ ཐུགས་ཀར་ཉི་སྟེང་ཕ་ལམ་གྱི༔ རྡོ་རྗེའི་ལྟེ་བར་ཧཱུྃ་དམར་གསལ༔ ཧཱུྃ་ལས་ཧཱུཾ་དམར་མེ་འབར་བ༔ གྲངས་མེད་སྤྲིན་ཕུང་རབ་འཁྲུགས་པས༔ རང་ལུས་ཡོངས་གང་སྒོ་གསུམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས༔ ལྷག་མེད་གཞོབ་ཏུ་བསྲེགས་ཤིང་སྦྱངས༔ སྣ་བུག་གཡས་ནས་ཕྱིར་ཐོན་པས༔ ལྔ་ལྡན་ཧཱུྃ་གིས་སྟོང་ཁམས་གང་༔ དེ་(2བ)རྣམས་སྐུར་གྱུར་ཧཱུྃ་སྒྲ་སྒྲོགས༔ གདུག་ཅན་མ་ལུས་བསྔངས་ཤིང་བརྒྱལ༔ སྣང་སྲིད་འཕར་རྡེག་ཤིག་ཤིག་གཡོ༔ སླར་ཡང་ཚུར་འདུས་ཧཱུྃ་དུ་གྱུར༔ སྣ་བུག་གཡོན་ནས་ནང་དུ་ཞུགས༔ ཐུགས་ཀའི་ཧཱུྃ་དང་དབྱེར་མེད་འདྲེས༔ ཐ་མལ་དངོས་སྣང་མི་དམིགས་ངང་༔ སྣོད་བཅུད་ཁྲག་འཐུང་འཆོལ་བ་ཆེའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ (ཞེས་དཔའ་བོ་འབྲུ་གཅིག་སུམ་སྦྲེལ་དུ་བཟླ་བ་ནི་བསྙེན་པའོ། །)ཐུགས་ཀའི་ཧཱུྃ་མཐར་སྔགས་ཕྲེང་ནི༔ ལྕགས་སྲེགས་མདོག་ཅན་གཡས་བསྐོར་དུ༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ཟེར་མེ་ཕུང་ཚྭ་ཚྭ་འཕྲོས༔ ལོག་འདྲེན་དམ་འགོང་མ་ལུས་བསྲེགས༔ སྡེ་བརྒྱད་དྲེགས་པའི་སྲོག་སྙིང་བསྡུས༔ རྩ་གསུམ་རབ་འབྱམས་ཐུགས་རྒྱུད་བསྐུལ༔ བྱིན་རླབས་ནུས་སྟོབས་མ་ལུས་པ༔ བདག་ཐིམ་གཟི་བརྗིད་རབ་འབར་ཏེ༔ སྣང་སྲིད་ཁམས་ལ་མངའ་མཛད་པའི༔ ཆེ་བཙན་འགྲན་བྲལ་སྐུ་རུ་གྱུར༔ ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིངྔྷི་ཧཱུྃ་ཧཱུྃ༔ (ཞེས་རྩ་བའི་སྙིང་པོ་ཉིད་གཙོ་བོར་བཟླ་བ་སྒྲུབ་པའི་ཁྱད་པར་རོ། །)བདག་ཉིད་དྲག་པོའི་ཐུགས་ཀ་ནས༔ སྔགས་ཀྱི་འོད་ཟེར་སྤུ་གྲི་འཕྲོས༔ འདྲེ་རྒོད་རྒྱལ་འགོང་ཐམས་ཅད་ཀྱི༔ སྲོག་རྩ་རྦད་རྦད་བཅད་པར་གྱུར༔ (རྩ་སྔགས་ཤམ་དུ།)ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་(3ན)པ་ཙ་ཧཱུྃ་ཕཊ༔ (ཅེས་གཟིར་སྔགས་བཏགས་ཏེ་སྒྲུབ་པའི་བཅུ་ཆ་ཙམ་བཟླ་བ་ལས་སྦྱར་རོ། །རྗེས་ནི། ཐུན་གྱི་མཐར།)སྣང་བའི་དཀྱིལ་འཁོར་བརྟེན་པར་བཅས་པ་ཀུན༔ རྒྱུ་ཡི་སྙིང་པོ་ཧཱུྃ་ཆེན་འབར་བར་བསྡུ༔ ཧཱུྃ་ཡང་སྟོང་ཉིད་གཟོད་མའི་ཀློང་དུ་ཐིམ༔ སྐྱེ་མེད་ངང་ལས་འགགས་མེད་ཆོ་འཕྲུལ་ནི༔ ཆུ་ལས་ཆུ་བུར་ཇི་བཞིན་མཧཱ་གུ་རུ༔ རྡོ་རྗེ་གྲོ་ལོད་རྩལ་གྱི་ངོ་བོར་ལྡང་༔ (ཞེས་བསྡུ་ལྡང་བྱ།)ཧོ༔ མཐའ་ཡས་ཐེག་པ་མཆོག་གི་ལམ་མཆོག་ཏུ༔ བདག་གིས་དབང་དྲག་འབར་བའི་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་ངོ་བོར་བསྒྲུབ་པ་དེས༔ འགྲོ་ཀུན་ཐར་པ་མཆོག་གི་ལམ་འཁོད་ཤོག༔ (ཅེས་བསྔོ་སྨོན་དང་།) ཧཱུྃ༔ བདེ་གཤེགས་གཅིག་བསྡུས་རྡོ་རྗེ་གྲོ་བོ་ལོད༔ ལོག་འདྲེན་འཇོམས་མཛད་དབང་དྲག་ཧེ་རུ་ཀ༔ བར་ཆད་ཀུན་སེལ་མཐུན་རྐྱེན་མ་ལུས་འགྲུབ༔ མཆོག་ཐུན་དངོས་གྲུབ་མྱུར་སྩོལ་བཀྲ་ཤིས་ཤོག༔ (ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་མཆོག་སྤྲུལ་འཇིགས་མེད་ཀུན་ཁྱབ་རྡོ་རྗེའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྦྱར་བ་ཛ་ཡནྟུ།། །།)