Daily Practices

From Dudjom Wiki
Revision as of 16:30, 6 August 2025 by Mort (talk | contribs) (Text replacement - "ཀྲོ་ངྷ" to "ཀྲོ་དྷ")
(diff) ← Older revision | Latest revision (diff) | Newer revision → (diff)
བདུད་འཇོམས་གཏེར་གསར་རྟ་ཕྱག་ཁྱུང་གསུམ་རྒྱུན་ཁྱེར་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ། །ཁྲོ་གཏུམ་མི་བཟད་རལ་གྲི་སྦྲུལ་ཞགས་འཛིན། །དུར་ཁྲོད་ཆས་རྫོགས་པད་ཉི་མེ་དབུས་རོལ། །རྟ་སྐད་འཚེར་བས་ལོག་འདྲེན་དབང་དུ་སྡུད། །ཐུགསཀར་གསང་བདག་རྡོ་རྗེ་སྦྲུལ་ཞགས་ཅན། །སྤྱི་བོར་མེ་ཁྱུང་ཀླུ་གདོན་ཟས་སུ་ཟ། །གསང་བདག་ཐུགས་དབུས་ཉི་ཟླའི་གྭའུའི་ནང་། །ཧྲཱིཿམཐར་སྔགས་ཕྲེང་མགལ་མེ་བཞིན་དུ་འཁོར། །དེ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས། །རང་ལུས་ནད་གདོན་བག་ཆགས་ལྷག་མེད་སྦྱངས། །སྣང་གྲགས་དབང་ཆེན་དྲག་པོ་ལྷ་གསུམ་གྱི། །གསང་གསུམ་ཡེ་ཤེས་རྡོ་རྗེ་ངོ་བོར་སད། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཡཀྵ་རཀྵ་ཧཱུཾ་ཕཊ༔ མཐར་ཧཱུཾ་གསུམ་གྱིས་བསྡུ། ཕཊ་གསུམ་གྱིས་ལྡང་། དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ། །ཞེས་པའང་ཛྙཱ་ནས་སོ།། །།

༈ །རྟ་ཕྱག་ཁྱུང་གསུམ་གྱི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་ནི། སྐད་ཅིག་རང་ཉིད་རྟ་མགྲིན་སྐུར་གསལ་བའི། །སྙིང་གར་ཕྱག་རྡོར་སྤྱི་བོར་ཁྱུང་དམར་ལྡིང་། །སྐུ་ལས་ཡེ་ཤེས་མེ་དཔུང་ཚྭ་ཚྭ་འཕྲོས། །ནད་གདོན་མ་ལུས་གཞོབ་ཏུ་བསྲེག་པར་གྱུར། །ཧྲཱིཿཧཱུྃ་ཁྲོཾ་ཕཊ༔ ཅེས་བཟླའོ། །ཛྙཱ་ནས་སོ།། །།

༈ །རྟ་མགྲིན་རྒྱུན་ཁྱེར་མདོར་བསྡུས་ནི། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི། །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བྱ། །ལན་གསུམ།སྐད་ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ། །དམར་ནག་ཁྲོ་གཏུམ་མི་བཟད་འཇིགས་པའི་སྐུ། །ཕྱག་གཉིས་ཐོད་དབྱུག་མེ་ཡི་ཞགས་པ་འཛིན། །ཞབས་ཟུང་འདོར་སྟབས་ཀླུ་གདོན་ཕོ་མོ་བརྫིས། དུར་ཁྲོད་ཆས་རྫོགས་བསྐལ་མེ་འཁྲུགས་པའི་ཀློང་། །ཁམས་གསུམ་ཟིལ་གནོན་སྐུ་རུ་གསལ་བ་ཡི། །ཐུགས་དབུས་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར། །སྔགས་ཕྲེང་ལྕགས་སྲེག་མདོག་ཅན་རང་སྒྲར་བཅས། །མགལ་མེ་ལྟ་བུར་འཁོར་ལས་འོད་འཕྲོས་པས། །རང་ལུས་ནད་གདོན་སྡིག་སྒྲིབ་ལྷག་མེད་སྦྱངས། །དོན་གཉིས་བྱས་འདུས་དབང་བྱིན་དངོས་གྲུབ་ཐོབ། །སྣོད་བཅུད་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། །ཨོཾ་པདྨནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་སྭཱཧཱ། ལྷར་སྣང་མི་དམིགས་འོད་གསལ་ངང་དུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་སད། །དགེ་འདིས་འགྲོ་ཀུན་གསུང་མཆོག་ཧེ་རུ་ཀའི། །གོ་འཕང་མྱུར་བ་བདུད་ལས་རྣམ་རྒྱལ་ཤོག །ཅེས་པའང་བཙུན་མ་རིག་འཛིན་སྒྲོལ་མའི་ངོར་འཇིགསས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

༈ སྐད་ཅིག་རང་ཉིད་རྡོ་རྗེ་གཞོན་ནུ་ནི། །མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་ཞལ། །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ། །གཡོན་གཉིས་འབར་བའི་མེ་དང་ཁ་ཊྭཱཾ་ཀ །ཐ་གཉིས་རི་རབ་ཕུར་བུ་འདྲིལ་ཞིང་འདེབས། །ཞབས་བཞི་འདོར་སྟབས་རུ་དྲ་ཕོ་མོ་མགོན། །སྐུ་ལ་དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས། །པང་དུ་ཡུམ་མཆོག་འཁོར་ལོ་རྒྱུས་འདེབས་མ། །མཐཐིང་སྐྱ་ཨུཏྤལ་དུང་ཁྲག་འཛིན་པས་འཁྲིལ། །པདྨ་ཉི་སྟེང་ཡེ་ཤེས་མེ་དབུས་རོལ། །ཐུགས་དབུས་ཡེ་ཤེས་སེམས་དཔའ་རྡོར་སེམས་ཀྱི། །སྙིང་གར་ཧཱུཾ་མཐིང་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་སྒོ་གསུམ་མ་དག་འཁྲུལ་ཞེན་སྦྱངས། །སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་སད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུཾ་ཕཊ། མཐར་ཧའུཾ་གསུམ་གྱིས་བསྡུས། ཕཊ་གསུམ་གྱིས་ལྡང་ལ། དགེ་ཚོགས་མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ། །ཀུན་ཀྱང་རྡོ་རྗེ་གཞོན་ནུའི་ས་ཐོབ་ཅིང་། །བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་པདྨ་ཡེ་ཤེས་ཆོས་སྒྲོན་གྱི་ངོར་ཛྙཱ་ནས་སོ།། །།

༈ །ཡང་ཁྲོས་རྒྱུན་ཁྱེར་ནི། ན་མོ། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ། །སྐད་ཅིག་རང་ཉིད་རྟ་མགྲིན་ཡང་ཁྲོས་ནག །རྡོ་རྗེ་ཐོད་ཁྲག་འཛིན་པ་ཁྲོ་ཆས་ཅན། །ཞབས་གཉིས་འདོར་སྟབས་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་མེ་འབར་སྲིད་གསུམ་ཟིལ་གྱིས་གནོན། །ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལྟེར། །ཧཱུཾ་མཐིང་མཐའ་མར་སྔགས་ཕྲེང་རང་སྒྲར་བཅས། །གཡས་སུ་འཁོར་ལས་བསམ་ཡས་འོད་ཟེར་འཕྲོས། །རང་ལུས་ནད་གདོན་སྡིག་སྒྲིབ་ཀུན་སྦྱངས་ཏེ། །སྣོད་བཅུད་དག་མཉམ་ཡེ་ཤེས་ཆེན་པོར་གྱུར། ཨོཾ་ཧྱ་གྲཱི་ཝ་བཛྲ་ཙཎྜ་ཧཱུྃ་བྷྱོ་ཧྲཱིཿཧཱུྃ་ཕཊ༔ རྗེས་ཧཱུྃ་གསུམ་གྱིས་བསྡུ་ཞིང་ཕཊ་གསུམ་གྱིས་ལྡང་ལ། དགེ་བ་འདི་ཡིས་མྱུར་དུ་བདག །དབང་དྲག་འབར་བ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དབང་ཆེན་དྲག་པོ་མྱུར་འགྲུབ་ཤོག །ཅེས་པའང་ཛྙཱ་ནས་སོ།། །།