DJYD-KABUM-18-TSHA-025

From Dudjom Wiki
Revision as of 05:18, 1 June 2024 by Jeremi (talk | contribs)

DJYD-KABUM-18-TSHA-025
Wylie title DJYD-KABUM-18-TSHA-025.pdf
Location bdud 'joms rin po che bka' 'bum
Volume 18, Text 25, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(རྡོར་སེམས་བསྔོ་སྨོན་རྣམ་གྲོལ་སྒོ་འབྱེད་དག་ཚངས་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །)ཧོ། བླ་མ་རྡོ་རྗེ་སེམས་དཔའ་འདིར་དགོངས་སུ་གསོལ། །བདག་གིས་བརྩམས་པའི་དགེ་ཚོགས་འདིས་མཚོན་ཏེ། །དུས་གསུམ་བསགས་པའི་རྣམ་དཀར་ཇི་སྙེད་པ། །མཁའ་ཁྱབ་འགྲོ་རྣམས་བྱང་ཆུབ་འཐོབ་ཕྱིར་བསྔོ། །ཐོག་མེད་ནས་བསགས་སྡིག་ལྟུང་ཉམས་ཆག་མུན། །སྟོབས་བཞི་ཉིན་མོར་བྱེད་པའི་མཐུས་བཅོམ་སྟེ། །ཡང་དག་ཡེ་ཤེས་སྣང་བ་རབ་གསལ་བས། །ས་ལམ་སྤང་རྟོགས་ཡོན་ཏན་མངོན་གྱུར་ཤོག །སྐྱེ་ཀུན་དྲུག་ལྡན་རྡོ་རྗེའི་ལུས་ཐོབ་ཅིང་། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་སྟེ། །སྨིན་གྲོལ་གདམས་པའི་བདུད་རྩིས་རྒྱུད་གཏམས་ནས། །རིམ་གཉིས་ལམ་གྱི་བསྙེན་སྒྲུབ་མཐར་ཕྱིན་ཤོག །བཀོད་པའི་རྩ་ཁམས་ལྷ་སྐུའི་ཕྱག་རྒྱར་སད། །གཡོ་བའི་རླུང་ཁམས་ན་དའི་དབྱངས་སུ་རྫོགས། །ཐིག་ལེ་བྱང་སེམས་ཡེ་ཤེས་སེམས་དཔར་སྨིན། །དག་པ་རབ་འབྱམས་འཁོར་ལོར་ལྷུན་རྫོགས་ཤོག །ནམ་ཞིག་འདའ་ཀ་ཚེ་འདིའི་ཞེན་ཆགས་བྲལ། །འཆི་མེད་བཙན་ས་འཛིན་ལ་བྲོད་བཞིན་དུ། །འབྱུང་བཞི་རིམ་བསྡུས་སྲོག་རྩོལ་དབུ་མར་དེངས། །གཞིར་གནས་འོད་(1བ)གསལ་ཆོས་སྐུའི་ས་ཟིན་ཤོག །གཞི་ལས་གཞི་སྣང་ཆོས་ཉིད་བར་མ་དོ། །མཁའ་དབྱིངས་གང་བའི་སྒྲ་འོད་ཟེར་དང་བཅས། །ཞི་ཁྲོའི་ལྷ་ཚོགས་མཐོང་ཚེ་རང་སྣང་དུ། །ངོ་ཤེས་ལྷུན་གྲུབ་ལོངས་སྐུའི་ཞིང་འབྱོང་ཤོག །གོམས་འདྲིས་རྩལ་ཞན་རང་སྣང་ངོས་མ་ཟིན། །སྲིད་པ་བར་དོའི་སྣང་བ་འཆར་གྱུར་ན། །ལྷ་དང་བླ་མ་གདམས་ངག་རྗེས་དྲན་ཏེ། །རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཤོག ། རིག་འཛིན་རྣམ་བཞིའི་ས་ལམ་མིག་འཕྲུལ་ལྟར། །རབ་བགྲོད་བཅུ་དྲུག་ཡེ་ཤེས་བླ་མའི་སར། །མངོན་བྱང་ཆུབ་ནས་རྩོལ་མེད་ཐུགས་རྗེའི་མཐུས། །འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག །(ཅེས་པའང་བདེ་ཕྲུག་བླ་མ་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་དང་བའི་གསུང་གིས་བསྐུལ་བ་ལས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།)