བསླབ་བྱའི་སྙིང་གཏམ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་སྐལ་ལྡན་སྙིང་གི་བདུད་རྩི།

From Dudjom Wiki
Revision as of 09:20, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")

DJYD-KABUM-25-AA-008
Wylie title bslab bya'i snying gtam gyi rim pa phyogs gcig tu bsdebs pa skal ldan snying gi bdud rtsi DJYD-KABUM-25-AA-008.pdf
Location bdud 'joms rin po che bka' 'bum
Volume 25, Text 8, Pages 291-342 (Folios 1a1 to 26b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bslab bya'i snying gtam gyi rim pa phyogs gcig tu bsdebs pa skal ldan snying gi bdud rtsi. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 291-342. Kalimpong: Dupjung Lama, 1979-1985.
Side notes Recto: zhal gdams   Verso: sna tshogs skor
More details More details
Genre Advice - zhal gdams
[edit]
༄༅། །བསླབ་བྱའི་སྙིང་གཏམ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་སྐལ་ལྡན་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །


༄༅། །མཚུངས་མེད་རིགས་བརྒྱའི་ཁྱབ་བདག་བླ་མའི་ཞབས། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཀོད་ནས། །སྐལ་ལྡན་གྲོགས་ཁྱེད་བསྐུལ་ངོ་མི་ལྡོག་ཕྱིར། །ཉུང་ངུའི་ངག་གིས་སྙིང་གཏམ་མདོར་བསྡུས་གདམས། །སྤྱིར་ནི་ཆོས་རྣམས་ཀུན་གྱི་འཇུག་སྒོ་རུ། །བློ་ལྡོག་རྣམ་བཞིས་རང་རྒྱུད་རབ་བསྐུལ་ཏེ། །ཐུན་མོང་སྔོན་འགྲོའི་བསགས་སྦྱོང་ལ་འབད་པ། །ཉམས་ལེན་ཡོངས་ཀྱི་སྣ་འདྲེན་གཞུང་ཤིང་གཅེས། །ཁྱད་པར་བཟོད་མེད་མོས་གུས་རྩལ་བཏོན་ཏེ། །ཟབ་ལམ་བླ་ [2a] མའི་རྣལ་འབྱོར་ལ་བསྟེན་ནས། །དབང་བླང་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །འདི་ཉིད་གེགས་སེལ་བོགས་འདོན་རྒྱལ་པོ་ཡིན། །ཐ་མལ་སྣང་བ་དག་པའི་འཁོར་ལོ་རུ། །སྦྱོང་བ་བསྐྱེད་རིམ་ཐབས་ཀྱི་ལམ་མཆོག་སྟེ། །དག་པའི་སྣང་བར་ཞེན་པའང་མི་དམིགས་པ། །རྫོགས་རིམ་ཤེས་རབ་སྟོང་ཉིད་ལ་བཟླ་གནད། །འཁོར་འདས་ཆོས་ཀུན་གཞི་མེད་རྩ་བ་བྲལ། །རྩ་བྲལ་རིག་སྟོང་རྗེན་པ་གཉུག་མའི་བབས། །འཛིན་སྟངས་རེ་དོགས་བཅོས་མས་མ་བསླད་པར། །རང་གྲོལ་ལྷུག་ [2b] པར་སྐྱོང་བ་སྒོམ་གྱི་མཐིལ། །རང་བྱུང་སངས་རྒྱས་རིག་པ་འདི་ག་སྟེ། །གདོད་མའི་ཆོས་སྐུ་རང་དང་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་ཤེས་ད་ལྟ་ཙམ། །ངོ་ཤེས་ཐོག་ཏུ་རང་སར་འཇོག་ན་གལ། །རྟོགས་པའི་གདིང་ཚད་གཤིས་ཐོག་ཕེབས་པ་སྟེ། །དགེ་སྡིག་ལྷ་འདྲེ་བདེ་དང་སྡུག་བསྔལ་སོགས། །གང་ལའང་རེ་དོགས་ཡ་ང་ཁུ་འཕྲིག་དང་། །དགའ་སྡུག་ཆགས་སྡང་ཞེན་པ་སྟོར་བ་ལགས། །ཐོག་མེད་འཁྲུལ་པའི་བག་ཆགས་སྟོབས་བཙན་པས། །གོ་བ་ཙམ་གྱིས་རྟོགས་ཤིང་གྲོལ་མི་འགྱུར། །སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང་ནས་སུ། །རྩེ་གཅིག་ཉམས་ལེན་བརྟན་པ་ཐོབ་ལ་བརྩོན། བྱས་ཚད་ལས་ཡིན་བསམ་ཚད་འཁྲུལ་པ་ཡིན། །འཁྲུལ་རྗེས་འབྲང་བས་མ་འཁྲུལ་རྙེད་མི་འགྱུར། །གང་ཡང་ཞེན་པའི་གཏད་སོ་ཞིག་པ་ན། །ཚོགས་དྲུག་རང་གྲོལ་རྣལ་འབྱོར་བློ་རེ་བདེ། །བློ་བདེའི་འདུན་མ་ད་ལྟ་རྙེད་གྱུར་ན། །བར་དོའི་མིང་མེད་ངན་སོང་བཏགས་པ་ཙམ། །ཆོས་ཟད་ས་ལ་གཏན་གྱི་སྲིད་ཟིན་ཏེ། །ཁམས་གསུམ་འཁོར་བར་ཕྱི་ཕྱག་འཚལ་བ་ཡིན། ཚེ་ཡི་བར་ཆད་རྡོ་རྗེ་ཕུར་པས་སེལ། །ལྷག་ [3a] པའི་དངོས་གྲུབ་ཡུམ་ཆེན་ཁྲོས་མས་སྟེར། །ཕྲིན་ལས་སྡོང་གྲོགས་ཚོགས་ཀྱི་བདག་པོས་སྒྲུབ། །གསོལ་བ་ཐོབ་དང་དོན་གཉིས་ངང་གིས་འབྱུང་། །དེ་ལྟར་འདུལ་བ་འཛིན་པའི་རྣལ་འབྱོར་པ། །ཡེ་ཤེས་རབ་ཏུ་གསལ་བའི་བཞེད་སྐོང་དུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨྲས་པ་སྟེ། །ཀུན་ཏུ་ཁྱོད་ལ་སྨན་པའི་རྒྱུར་གྱུར་ཅིག ། །། ༈ ། མཚུངས་མེད་བླ་མ་ཡིད་བཞིན་ནོར་བུའི་ཞབས། །གུས་པས་སྤྱི་བོར་མཆོད་ནས་འདི་ལྟར་གདམས། །སྙིང་ནས་ཐར་པ་དོན་དུ་གཉེར་བྱེད་ན། །ཅིས་ཀྱང་དགོས་མེད་ངེས་པར་འབྱུང་བའི་བློས། །བཅོས་མིན་དད་མོས་སེམས་བསྐྱེད་བཟང་པོ་ཡིས། །རྩ་བའི་བླ་མ་ཡི་དམ་དབྱེར་མེད་ལ། །གསོལ་འདེབས་དབང་ལེན་ཐུགས་ཡིད་ཡང་ཡང་བསྲེ། །ཉེས་ལྟུང་འགྱོད་བཤགས་གཉེན་པོས་སོར་ཆུད་བྱ། །ཆོས་ཚུལ་ཤེས་བྱའི་དཔེ་ལ་ཟིན་མཐའ་མེད། །ཟབ་ཟབ་མང་པོས་འགྲམ་ཆུ་མི་ལྡང་བར། །རྩ་གསུམ་ཀུན་འདུས་ཡུམ་ཆེན་ཁྲོས་མ་ཡི། །བསྐྱེད་རྫོགས་རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་སྐྱོང་། །མ་བཅོས་རིག་སྟོང་རྗེན་པའི་གཤིས་ལུགས་ཆེ། །རང་བབས་འཛིན་མེད་སྐྱོང་བའི་ལྟ་ [3b] སྒོམ་དང་། །ཚུལ་མཐུན་བག་ཡོད་བརྩོན་འགྲུས་སྤྱོད་པའི་གནད། །རང་ཡིད་རང་ལ་ཆེས་པའི་ཉམས་ལེན་མཛོད། །ལྷ་དང་བླ་མའི་ལུང་བསྟན་མ་ཐོབ་པར། །གཞན་དོན་སྤྱོད་པས་རང་དོན་འཆོར་སྲིད་པས། །རྟག་ཏུ་འདུ་འཛིའི་བྱ་བ་རྒྱང་བསྲིང་སྟེ། །དབེན་པར་ཚེ་དང་སྒྲུབ་པ་མཉམ་ལ་འབད། །ནམ་ཞིག་ཚེ་འདིར་ཞེན་པའི་རྡོས་ཐག་ཆད། །དག་སྣང་མོས་གུས་སྙིང་རྗེའི་གཏེར་ཁ་བརྡོལ། །ཉམས་རྟོགས་ཡོན་ཏན་ཁོངས་ནས་འཆར་བའི་ཚེ། །རླབས་ཆེན་དོན་གཉིས་མ་འབད་ལྷུན་འགྲུབ་འགྱུར། །དེ་ཚུལ་སྙིང་ལ་བཞག་ན་སྙིང་གཏམ་ཡིན། །སྙིང་གཏམ་སེམས་ལ་འདྲེས་པའི་སྨོན་ལམ་བྱེད། །སྔགས་སྤྱོད་བདེ་ཆེན་རྡོ་རྗེས་ནན་བསྐུལ་ངོར། །མི་སྨྱོན་བདུད་འཇོམས་སྤྲུལ་སྐུས་སྨྲས་པ་དགེ། །། ༈ །ཀྱེ་ལགས་གྲོགས་ཁྱེད་ཕྱོགས་མེད་རྒྱལ་ཁམས་དང་། །ངེས་མེད་རི་ཁྲོད་གང་དུ་གནས་གྱུར་ཀྱང་། །བླ་མར་གསོལ་འདེབས་དབང་ལེན་ཐུགས་ཡིད་བསྲེ། །ཡི་དམ་ལྷ་སྔགས་ཏིང་འཛིན་དབྱེར་མེད་དང་། །འཁོར་འདས་རྫོགས་པ་ཆེན་པོར་ལ་བཟླ་བའི། །མ་བཅོས་རིག་སྟོང་རྗེན་པ་ [4a] ལམ་དུ་ཁྱེར། །མཁའ་འགྲོ་ཆོས་སྐྱོང་ཚོགས་དང་གཏོར་མས་བརྔན། །འགྲོ་ལ་སྙིང་རྗེས་སྨོན་ལམ་རྣམ་དག་གདབ། །དམ་ཚིག་སྡོམ་པ་སྲོག་གི་གཏའ་རུ་འཛིན། །སྒོ་གསུམ་བྱར་མེད་ལྷུག་པ་བག་ཡངས་ངང་། །ཀུན་བཟང་དགོངས་པའི་བཙན་ས་ད་རེས་ཟུངས། །འདི་བདེ་ཕྱི་བདེ་བློ་བདེ་རྒྱུན་མི་ཆད། །ལས་སླ་ཆོད་ཆེ་ཉམས་ལེན་དེ་ལྟར་མཛོད། །ད་དུང་ཡང་ཡང་འཕྲད་པའི་སྨོན་ལམ་ཡོད། །གསོལ་བ་ཐོབ་དང་འབྲལ་བ་ཡོད་རེ་ཀན། །ཞེས་པའང་རིག་བཟང་རྡོ་རྗེའི་སྐྱེལ་རྫོང་དུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་སྨྲས།། །། ༈ །ཀྱེ་ལགས་དམ་པའི་གྲོགས་གཅིག་འདིར་གསོན་དང་། །སྨིན་གྲོལ་ཟབ་དོན་བདུད་རྩིའི་བཅུད་མཆོག་གིས། །ཟབ་ཡངས་ཐུགས་ཀྱི་བུམ་བཟང་བཀང་ཟིན་གྱིས། །དོན་གཉིས་གྲུབ་པའི་དགའ་སྟོན་རྒྱས་པར་མཛོད། །དུས་ཀུན་བླ་མ་ཨོ་རྒྱན་ཆེན་པོ་ལ། །གདུང་བས་གསོལ་འདེབས་ཐུགས་ཡིད་ཡང་ཡང་བསྲེ། །རྩ་གསུམ་ཆོས་སྐྱོང་ཚོགས་དང་གཏོར་མས་བསྐང་། །གཞན་ཕན་ཐུགས་བསྐྱེད་བརྩོན་པའི་གོ་ཆ་གྱོན། །བཟང་ངན་རྐྱེན་རྟོག་ཕྲ་རགས་ཅི་ཤར་ཡང་། ། [4b] ཨ་འཐས་རེ་དོགས་རྩིས་གདབ་རིང་སྤངས་ཏེ། །བག་ཡངས་རང་གྲོལ་བདེ་སྟོང་གཉུག་མའི་ངང་། །ལྷོད་ཀྱིས་གློད་ལ་སྒྱུ་མར་ལམ་དུ་ཁྱེར། །ཁྱད་པར་ཡང་གསང་འདུས་པའི་དྲག་སྒྲུབ་འདི། །བདག་གི་སྙིང་ཚིལ་ཁྱེད་ཀྱི་ཆོས་སྐལ་ཏེ། །དུས་ངན་ཐ་མའི་རྒྱལ་འགོང་དམ་སྲིའི་དཔུང་། །ཁ་གནོན་གཉེན་པོ་བློ་གཏད་གཅིག་ཆོག་ཡིན། །དེས་ན་རང་དོན་བསྙེན་སྒྲུབ་ཚད་དུ་སྐྱོལ། །གཞན་དོན་ཕྲིན་ལས་སྣ་ཚོགས་སྐབས་དང་སྦྱར། །རྒྱུན་གྱི་རྣལ་འབྱོར་སྙིང་པོ་འདིར་མཛོད་དང་། །བསམ་དོན་ནོར་བུའི་གཏེར་ཁ་གྲོལ་བར་ངེས། །ལུང་དོན་བཞིན་གྱིས་བསྟན་གཞིའི་ལྷ་ཁང་སོགས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པར་བྱ་བ་ལ། །ངང་མ་ཐུང་ཞིང་སྙིང་སྟོབས་མ་ཞན་པར། །ནན་དུ་འབད་པས་གེགས་མེད་ལྷུན་གྲུབ་འབྱུང་། །ད་དུང་མི་རིང་ཡང་ཡང་ཞལ་འཛོམ་ཞིང་། །སྤྲོ་དགའི་དགའ་སྟོན་འཆར་ལ་བསླུ་བ་མེད། །བསླུ་མེད་མཚོ་སྐྱེས་བླ་མའི་བྱིན་རླབས་ཀྱིས། །དེང་འདིར་ཁྱེད་ལ་བཀྲ་ཤིས་སྦྱིན་གྱུར་ཅིག །ཅེས་པའང་སྤྲུལ་པའི་སྐུ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་རེ་ཞིག་རང་ཡུལ་དུ་ཐེག་པའི་ཚེ་ཕེབས་རྫོང་སྙིང་གཏམ་བདེན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་ [5a] རྡོ་རྗེས་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།། །། ༈ །ཨ་ཧོཿ དུས་གསུམ་གྱི་རྟོག་པས་མ་བསླད་པའི་། ད་ལྟའི་ཤེས་པ་རྗེན་པ་འདི། །བསྒོམ་ཞེས་འཛིན་བློས་མ་བཅིང་ཞིང་། །མ་བསྒོམ་ཞེས་ཡེངས་འབྱམས་སུ་མ་ཤོར་བར། །རང་བབས་རྗེན་པར་སྐྱོང་བ་འདི། །རྫོགས་པ་ཆེན་པོའི་ཉམས་ལེན་ཡིན། དེ་ཚེ་རྣམ་རྟོག་ཅི་ཤར་ཡང་། །བཟང་ངན་གྱི་སྤང་བླང་བྱ་མི་དགོས། །ངོ་ཤེས་ཙམ་གྱིས་རང་སར་གྲོལ། །ཤར་གྲོལ་འདི་ལམ་གྱི་གནད་དུ་བཟུང་། །ཉམས་གང་ཤར་བཤིག་ལ་ཁྲེས་སེ་བོར། །གཏད་མེད་ཞིག་པོ་བློ་རེ་བདེ། །བློ་བདེ་བའི་འདུན་མ་ད་ལྟ་ཟིན། །ཆོས་རྣམ་གྲངས་མང་པོས་ཅི་ཞིག་བྱ། །ཀུན་ཏུ་བཟང་པོ་རང་ལས་རྙེད། །དོན་འདི་ཉིད་ཐུགས་ཀྱི་དབུས་སུ་བསྟིམ། །ཞེས་མ་ཧཱ་སུ་ཁའི་གསལ་འདེབས་སུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨྲས།། །། ༈ །བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་འདུད། །ཀྱེ་ཧོ་ཡང་དག་ལམ་ལ་འཇུག་འདོད་ན། ཚེ་སྔོན་ཚོགས་སྨོན་བཟང་པོའི་རྒྱུ་འབྲས་ཀྱིས། །དལ་འབྱོར་ཐོབ་ཅིང་མཚན་ལྡན་བླ་མ་མཇལ། །གདམས་ངག་དང་འཕྲད་ཆོས་སྒྲུབ་ [5b] རང་དབང་ཡོད། །མཐུན་རྐྱེན་ཕུན་ཚོགས་སྐལ་བ་ལྡན་དུས་འདིར། །དོན་མེད་ལེ་ལོའི་དབང་དུ་མ་བཏང་བར། །དོན་ཆེན་གཏན་སྲིད་ཟིན་པ་ཞིག་ལ་འབད། །བླ་མར་སངས་རྒྱས་དངོས་མཐོང་མོས་གུས་བསྐྱེད། །མཆེད་ལ་དག་སྣང་བརྩེ་གདུང་བཀུར་སྟིས་སྐྱོངས། །འགྲོ་ལ་སྙིང་རྗེ་བྱང་སེམས་བློ་སྦྱོང་འབད། །དུས་ཀུན་མི་རྟག་རྒྱུད་བསྐུལ་ངེས་འབྱུང་བསྐྱེད། །དམ་ཚིག་སྡོམ་པར་ངོ་ལྐོག་མེད་པ་འདི། །ལྷ་དང་བླ་མས་མི་ཁྲེལ་གནད་གཅིག་ཡིན། །ཉམས་ལེན་མི་ཚེ་ཆོས་ལ་དྲིལ་བ་འདི། །འཆི་དུས་བློ་ལྷག་མེད་པའི་གནད་གཅིག་ཡིན། །རྟག་ཏུ་རང་གི་བློ་སྣ་བསྟུང་བ་འདི། །བར་ཆད་ལེ་ལོས་མི་ཁྱེར་གནད་གཅིག་ཡིན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི། །རྩ་བ་རང་སེམས་འདུལ་བ་གཅིག་ལ་འདུས། །རང་རྒྱུད་མ་ཐུལ་གདམས་ངག་འབུམ་ཐོས་ཀྱང་། །རྟེན་འབྲེལ་ཙམ་ལས་འཆི་དུས་ཕན་པར་དཀའ། །འཆི་དུས་མ་ཕན་ཆོས་སྐད་མཐོན་པོ་དེས། །སྐྱེ་བ་ཕྱི་མར་དེ་བས་ཕན་པ་དཀའ། །དེས་ན་ཆོས་ལ་སྐད་གྲགས་མི་དགོས་ཀྱི། །ཆོས་དང་རང་སེམས་ལྐོག་ནས་འདྲེས་པ་ཡིས། །ཉམས་ལེན་ [6a] རང་ལ་རང་གདིང་ཐོབ་གྱུར་ན། །སུ་མ་མགུ་ཡང་ཆོས་པའི་ཡང་རྩེ་ཡིན། །མང་པོ་འབྲི་བའི་ལོང་མེད་བྲིས་ཀྱང་ནི། །དོན་མེད་དཔེ་ཉོབ་རྒྱུ་ཡིན་ཅི་ཞིག་བྱ། །དེ་བས་འདི་ཙམ་སྙིང་ལ་བཅང་བྱས་ན། །སྙིང་པོའི་དོན་ཆེན་ངེས་པར་འགྲུབ་པར་འགྱུར། །ཁྱོད་ཀྱི་འཚོ་བའི་ཚེ་དང་བསམ་པའི་ཆོས། །གཉིས་ཀ་མཐའ་རུ་ཕྱིན་ནས་ཕྱི་མའི་དུས། །པདྨ་འོད་ཞིང་གུ་རུའི་ཞབས་དྲུང་དུ། །ལྷན་ཅིག་འཚོགས་པའི་སྨོན་ལམ་སྙིང་ནས་འདེབས། །དེ་སྐད་ཤུག་གསེབ་ཌཱ་ཀིའི་བསྟི་གནས་ནས། །དད་ཅན་བཙུན་མ་ཡེ་ཤེས་སྐལ་ལྡན་གྱིས། །རིང་པོའི་ལམ་ནས་ནན་བསྐུལ་མི་ལྡོག་ཕྱིར། །བདུད་འཇོམས་སྨྱོན་པས་ཤར་མར་བྲིས་ཏེ་བསྐུར།། །། ༈ །ཨ་ཧོ་དད་ལྡན་བཙུན་མ་ཚུར་གསོན་དང་། །ཤིན་ཏུ་རྙེད་དཀའི་དལ་འབྱོར་མི་ལུས་ཐོབ། །མི་ལུས་མ་འདི་ཡང་མི་རྟག་ཆུ་ལྦུར་འདྲ། །དཀར་ནག་གང་བསགས་ལས་འབྲས་བསླུ་མེད་མྱོང་། །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གླིང་། །དེ་ཕྱིར་ངེས་འབྱུང་སྙིང་ནས་སྐྱེ་བ་དགོས། །མི་བསླུ་གཏན་གྱི་མགོན་པོ་དཀོན་མཆོག་གསུམ། །དེ་ཡང་བླ་མ་གཅིག་ལ་འདུས་པ་ [6b] ཡིན། །རང་ལ་ཐར་ལམ་སྟོན་པའི་བླ་མ་དེ། །སངས་རྒྱས་དངོས་ལས་བཀའ་དྲིན་ཆེས་ལྷག་པས། །ད་ལྟ་གསོད་ཀྱང་མི་ལྡོག་དད་པ་དང་། །སྒོ་གསུམ་གུས་པས་ཐུགས་དགོངས་ལོན་པ་དགོས། །དམ་ཚིག་གཅིག་གིས་བསྡུས་པའི་མཆེད་ལྕམ་རྣམས། །བྱང་ཆུབ་བར་དུ་ལམ་གྱི་གྲོགས་ཡིན་པས། །ཞེ་སྡང་འཁུ་སེམས་ལོག་ལྟ་སྤང་ནས་ཀྱང་། །ལྷ་དང་ལྷ་མོར་མཐོང་བའི་དག་སྣང་དགོས། །འདུས་བྱས་ཆོས་རྣམས་མི་རྟག་རང་བཞིན་ལ། །ཡུན་རིང་སྡོད་གྲབ་བྱེད་པའི་བློ་བསྟུང་སྟེ། །སང་བྱེད་གནང་བྱེད་ཕྱི་བཤོལ་མ་ཡིན་པར། །ད་ལྟ་ཉིད་ནས་ཆོས་ལ་བརྩོན་འགྲུས་དགོས། །ལྷ་ཆོས་དེ་ཡང་རང་འདོད་ཡིད་བྱེད་ཀྱིས། །ཀུན་སློང་དུག་ཅན་མ་ཡིན་གཞན་དོན་དུ ། བྱང་ཆུབ་སེམས་བསྐྱེད་རྒྱལ་བའི་ལམ་བཟང་ལ། །ཞུགས་ཏེ་སྙིང་རྗེའི་རྩིས་ཀྱིས་ཟིན་པ་དགོས། །བླ་མ་བསྟེན་བཞིན་མོས་གུས་ཇེ་འཕེལ་དང་། །དམ་ཆོས་ཐོས་བཞིན་རང་རྒྱུད་ཇེ་དུལ་དང་། །ཁོང་ཁྲོ་ཆགས་སྡང་རིམ་པར་བྲི་གྱུར་ན། །ཆོས་ཀྱིས་སེམས་ལ་ལེགས་པར་ཕན་པའི་རྟགས། །དངོས་གཞི་རྫོགས་ཆེན་ཉམས་སུ་ལེན་པ་ལ། །ཡིན་ལུགས་གོ་ [7a] ལོ་ཐོས་ལོ་མ་ཡིན་པར། །ཐེ་ཚོམ་སྒྲོ་འདོགས་གཏིང་ནས་ཆོད་པ་ཡིས། །ཁ་ཙམ་མིན་པར་ངེས་ཤེས་རྙེད་པ་གལ། །འདི་ལྟར་འཁོར་འདས་ཆོས་ཀུན་འཁྲུལ་སྣང་ལས། །ལོགས་སུ་མ་གྲུབ་གཟུང་འཛིན་ངོ་བོས་སྟོང་། །སྤྲོས་བྲལ་རིག་པ་ཆོས་སྐུར་ངོ་ཤེས་ན། །རྫོགས་པ་ཆེན་པོའི་ལྟ་བ་དེ་ཀ་ཡིན། །དེ་ལྟར་ཤེས་པའི་གནས་ལུགས་དེ་ཉིད་ངང་། །མ་ཡེངས་མ་སྒོམ་མི་འཛིན་མི་ལྷོད་པར། །རང་བཞག་སོ་མའི་ཤེས་པ་ཟང་ཀ་མ། །རང་བབས་སྐྱོང་བ་མ་བཅོས་སྒོམ་པ་ཡིན། །ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་ཞིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར། །བྱ་བྱེད་ཆོས་དང་མཐུན་ཅིང་དམ་ཚིག་ལ། །ངོ་ལྐོག་མེད་པ་མཆོག་གི་སྤྱོད་པ་ཡིན། །ད་ལྟའི་རིག་པ་འདི་ལས་གཞན་ཞིག་ཏུ། །སངས་རྒྱས་འཐོབ་ཏུ་ཡོད་པར་མི་རློམ་པར། །རང་བྱུང་རིག་པའི་གཤིས་ལུགས་རང་ཐོག་ཏུ། །རང་ས་ཟིན་པ་འབྲས་བུའི་རྒྱལ་པོ་ལགས། །དེ་ལྟར་ལྟ་སྒོམ་སྤྱོད་པའི་གནད་འགགས་ཀུན། །མ་ནོར་རྩེ་གཅིག་ཉམས་སུ་བླངས་བྱས་ན། །ཚེ་འདིར་བཙན་ས་ཟིན་འགྱུར་གདོན་མི་ཟ། །རྡོ་རྗེའི་གསུང་གིས་བསླུ་བར་མི་འགྱུར་ [7b] ངེས། །རང་རྒྱུད་མ་ཐུལ་གཞན་ལ་ཆོས་བཤད་བྱེད། །རང་མགོ་མི་ཐོན་གཞན་མགོ་ཁྱི་ལྟར་བསྐོར། །རང་ཉམས་མ་ལོན་གཞན་ལ་ངོ་སྤྲོད་འདེབས། །འདི་འདྲའི་བྲིས་སྤྱོད་གཞན་གྱིས་ཁྲེལ་བའི་རྒྱུ། །འོན་ཀྱང་ཞལ་གདམས་དགོས་ཞེས་ནན་བསྐུལ་ངོར། །མ་ལྡོག་ཙམ་དུ་འདི་ལྟར་སྨྲས་པ་ལ། །དགེ་བ་མཆིས་ན་ཁྱེད་ཅག་བསྐུལ་བ་པོའི། །རྒྱུད་ལ་སྨིན་ཏེ་དོན་གཉིས་ཡོངས་གྲུབ་ཤོག །ཅེས་པའང་ཤེས་རབ་བཟང་མོ་དང་ཚུལ་ཁྲིམས་དབང་མོ་ཟུང་ནས་ནན་བསྐུལ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །ཨ་ཧོ་གྲོགས་གཉིས་གསོན་དང་། །ཐོབ་དཀའི་དལ་འབྱོར་མི་ལུས། །ད་རེས་རྗེས་པའི་དུས་འདིར། །གཏན་གྱི་འདུན་མ་སྒྲུབ་དགོས། །འཕྲད་པར་དཀའ་བའི་བླ་མ། །སངས་རྒྱས་དངོས་དང་འཕྲད་ནས། །ཚེ་གཅིག་གྲོལ་བའི་མྱུར་ལམ། །གདམས་པ་ཟབ་མོ་ཐོབ་འདི། །སྔོན་བསགས་བསོད་ནམས་མཐུ་ལས། །ནོར་བུའི་རིན་གྱིས་མི་ཁུག །དེ་ཕྱིར་བརྩོན་འགྲུས་དྲག་པོས། །ཉམས་ལེན་ཚེ་མཐར་སྐྱེལ་མཛོད། །ཆོས་ཀྱི་རྩ་བ་བྱང་སེམས། །གཞན་ཕན་རྒྱལ་སྲས་སྤྱོད་པ། །འདི་བྲལ་ཉན་ཐོས་ཐེག་ [8a] པས། །བྱང་ཆུབ་ཐོབ་པ་མ་ཡིན། །དགེ་བ་ལོ་ལེགས་སྙེ་མར། །ཁོང་ཁྲོའི་སེར་རྒོད་བབས་ན། འབྲས་བུ་རྩ་བརླག་བྱེད་སྲིད། །དྲན་ཤེས་བྱ་ར་སྒྲིམས་ཤིག །རང་སེམས་མ་ཐུལ་སོ་ཐར། །སྙིང་རྗེ་མེད་པའི་བྱང་སེམས། །དམ་ཚིག་མི་བསྲུང་གསང་སྔགས། །དེ་ཚོ་དམྱལ་བའི་རྒྱུ་རེད། །དབང་གི་རྩ་བ་དམ་ཚིག །བསྲུང་ན་འཆི་མེད་བདུད་རྩི། །མ་སྲུང་བཙན་དུག་ཧ་ལ། །ཁོང་དུ་ཟོས་པ་ཇི་བཞིན། །འཚེང་ཕུང་ལེགས་ཉེས་ཆེ་བས། །དམ་ཚིག་སྲོག་ལྟར་སྲུངས་ཤིག །དམ་ཆོས་ཟབ་ཟབ་མང་པོ། །གཅིག་བསྐྱུར་གཅིག་འཇུ་བྱས་པས། །དོན་འབྲས་གཅིག་ཀྱང་མི་འགྲུབ། །དེས་ན་སྣ་གཅིག་བརྩོན་ཅིག །སྣང་སྲིད་འཁོར་འདས་ཆོས་རྣམས། །རང་སེམས་འཁྲུལ་པའི་རྫུན་རིས། །རིག་པ་གདོད་མའི་ཆོས་སྐུར། །རང་ངོ་ཤེས་པ་ལྟ་བ། །གཉིས་འཛིན་སྒྲོགས་ཀྱིས་མ་བཅིངས། །ཟང་ཐལ་གཉུག་མའི་ཤེས་པ། །སོ་མ་འདི་གའི་ངང་ལ། །རང་བབས་མཉམ་བཞག་སྒོམ་པ། །སྒོ་གསུམ་བྱ་བ་དགུ་ཕྲུགས། །བྱར་མེད་ངང་དུ་གནས་ཤིང་། །སྤྱོད་ལམ་ཆོས་དང་མཐུན་པ། །སྤྱོད་པའི་གནད་ཀྱི་སྙིང་ [8b] པོ། །འཐོབ་བྱ་གཞན་ནས་མི་འཚོལ། །རང་རིག་ཀུན་ཏུ་བཟང་པོ། །མངོན་གྱུར་རང་ས་ཟིན་ནས། །ལྷུན་གྲུབ་འབྲས་བུའི་རྒྱལ་པོ། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས། །ཡིན་ལུགས་ཚུལ་བཞིན་ཤེས་ཏེ། །རྩེ་གཅིག་ཉམས་ལེན་མཛོད་དང་། །ཚེ་འདིར་བཙན་ས་ཟིན་ངེས། །ཆོས་མེད་སྐྱ་མིན་སེར་མིན། །བདག་ཀྱང་བླ་མའི་ཐུགས་རྗེས། །དཀོར་སྒྲིབ་ལས་ངན་འདི་ཡིས། །མ་བསྒྲིབ་དག་པའི་ཞིང་དུ། །སླེབས་རྒྱུའི་སྐལ་བ་སྲིད་ན། །འུ་ཅག་སྟོན་འཁོར་འབྲལ་མེད། །ལྷན་ཅིག་འགྲོགས་པའི་སྨོན་ལམ། །ཡང་ནས་ཡང་དུ་ཞུའོ། །དེ་ལྟར་ཞལ་གདམས་དགོས་ཞེས། །ཆོས་དབང་ཚུལ་ཁྲིམས་ཟུང་གིས། །ནན་བསྐུལ་མ་ལྡོག་ཙམ་དུ། །ཡེ་ཤེས་རྡོ་རྗེས་སྨྲས་སོ།། །། ༈ །མཚུངས་མེད་དྲིན་ཅན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་པདྨོ། །བདེ་ཆེན་འཁོར་ལོར་རབ་མཆོད་དེ། །རྒྱུད་ལ་ཕན་པའི་གཏམ་ཞིག་བསྙད། །ཉེས་སྤྱོད་མ་བསྡམ་སོ་ཐར་མིན། །གཞན་ཕན་མ་གཉེར་བྱང་སེམས་མིན། །དག་སྣང་མ་འབྱོངས་གསང་སྔགས་མིན། །འཁྲུལ་པ་མ་ཞིག་རྟོགས་ལྡན་མིན། །ཕྱོགས་ལྷུང་ཡོད་ན་ལྟ་བ་ [9a] མིན། །གཏད་སོ་ཡོད་ན་སྒོམ་པ་མིན། །ཚུལ་འཆོས་ཡོད་ན་སྤྱོད་པ་མིན། །རེ་རློམ་ཡོད་ན་འབྲས་བུ་མིན། །དད་པ་ཅན་ལ་སྐྱབས་འགྲོ་ཡོད། །སྙིང་རྗེ་ཅན་ལ་སེམས་བསྐྱེད་ཡོད། །ཤེས་རབ་ཅན་ལ་རྟོགས་པ་ཡོད། །མོས་གུས་ཅན་ལ་བྱིན་རླབས་ཡོད། །ངོ་ཚ་ཅན་ལ་འཛེམ་བག་ཡོད། །འཛེམ་བག་ཅན་ལ་སྲུང་སེམས་ཡོད། །སྲུང་སེམས་ཅན་ལ་དམ་སྡོམ་ཡོད། །དམ་སྡོམ་ཅན་ལ་དངོས་གྲུབ་ཡོད། །ཞི་ཞིང་དུལ་ན་ཐོས་པའི་རྟགས། །ཉོན་མོངས་ཆུང་ན་སྒོམ་པའི་རྟགས། །ཀུན་དང་མཐུན་ན་ཆོས་པའི་རྟགས། །རང་བློ་བདེ་ན་གྲུབ་པའི་རྟགས། །ཆོས་ཀྱི་རྩ་བ་རང་སེམས་ཡིན། །རང་སེམས་ཐུལ་ན་ཆོས་པ་ཡིན། །ཆོས་པ་ཡིན་ན་རང་སེམས་ཐུལ། །རང་སེམས་ཐུལ་དུས་གྲོལ་བ་ཡིན། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་རིག་པ་རྗེན་པར་རྟོགས་པ་ནི་ལྟ་བ། །ད་ལྟའི་ཤེས་པ་རང་བབས་ཁ་ཡན་དུ་ཀློད་དེ་རྣམ་རྟོག་འཛིན་མེད་རང་གྲོལ་དུ་སྐྱོང་བ་ནི་སྒོམ་པ། །རྗེ་ཐོབ་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པར་སྤྱོད་བ་ནི་སྤྱོད་པ། །དེ་ལྟ་བུའི་གནས་ལུགས་མངོན་ [9b] དུ་གྱུར་པ་ནི་འབྲས་བུ་ཡིན་ནོ། །ཞེས་པའང་བཙུན་མ་བྱམས་པ་ཆོས་སྒྲོན་གྱི་ངོར་བཛྲ་ཛྙཱ་ནས་སོ།། །། ༈ །ཨ་ཧོ་གསོན་དང་སྐལ་བཟང་མ། །དད་པ་འགྱུར་ལྡོག་མེད་པ་དང་། །དམ་ཚིག་ངོ་ལྐོག་མེད་པ་དང་། །སྒྲུབ་ལ་ཡེངས་མེད་བརྩོན་འགྲུས་རྣམས། །དམ་པའི་ཆོས་ཀྱི་སྲོག་རྩ་ཡིན། །དགེ་བ་ཆེ་ཕྲ་གང་བསྒྲུབས་ཀྱང་། །སྦྱོར་དངོས་རྗེས་གསུམ་ཚང་བ་དང་། །མ་གྱུར་སེམས་ཅན་ཐམས་ཅད་ལ། །བྱང་སེམས་སྙིང་རྗེ་བསྒོམ་པ་གཅེས། །འདི་ལྟར་སྣང་བའི་འཁོར་འདས་ཆོས། །སྟོང་ཉིད་གཅིག་ཏུ་རྟོགས་པ་དང་། །རང་རིག་སྤྲོས་བྲལ་ཆོས་ཀྱི་སྐུའི། །རང་ངོ་ཤེས་པ་ལྟ་བ་སྟེ། །དམིགས་གཏད་སྒྲོགས་ཀྱིས་མ་བཅིང་བར། །ད་ལྟའི་ཤེས་པ་མ་བཅོས་པའི། །ངང་དུ་རང་བཞག་སྒོམ་པ་ཡིན། །ལྟ་སྤྱོད་ཕྱོགས་རེར་མ་གྱུར་ཅིང་། །སྒོ་གསུམ་བྱ་བྱེད་ཐམས་ཅད་ཀུན། །ཆོས་དང་མཐུན་པར་སྤྱོད་པའི་གནད། །འདི་དག་ཉམས་ལེན་སྙིང་པོར་མཇོད། །ཅེས་པའང་སུ་ཁས་ནན་བསྐུལ་ངོ་། །མི་ལྡོག་ཕྱིར་དུ་ཛྙཱ་ནས་སྨྲས།། །། ༈ །ཨ་ཧོ་གྲོགས་མཆོག་དམ་པ་ཚུར་གསོན་དང་། །རྙེད་ [10a] དཀའི་དལ་འབྱོར་མི་ལུས་ད་རེས་ཐོབ། །འཕྲད་དཀའི་མཚན་ལྡན་བླ་མ་ད་རེས་འཕྲད། །མཇལ་དཀའི་གསང་སྔགས་ཆོས་དང་མཇལ་དུས་འདིར། །ཚེ་འདིར་ཐར་པའི་ལམ་སྣ་ཟིན་པ་གལ། །བླ་མར་མི་ལྡོག་དད་གུས་གསོལ་འདེབས་གཅིག །མཆེད་གྲོགས་རྣམས་ལ་དག་སྣང་བརྩེ་གདུང་གཉིས། །སེམས་ཅན་ཀུན་ལ་སྙིང་རྗེ་བྱང་སེམས་གསུམ། །མི་རྟག་རྒྱུད་བསྐུལ་ཆོས་ལ་བརྩོན་འགྲུབ་བཞི། །ཆོས་པའི་གཏན་ནོར་ཡིན་པས་ཐུགས་ལ་ཆོངས། །འདི་ལྟར་སྣང་བའི་འཁོར་འདས་ཆོས་རྣམས་ཀུན། །སྟོང་ཉིད་ཆེན་པོར་རྟོགས་པ་ལྟ་བ་དང་། །ད་ལྟའི་ཤེས་པ་མ་བཅོས་བཟོ་མེད་ལ། །མ་ཡེངས་མི་སྒོམ་སྐྱོང་བ་སྒོམ་པ་དང་། །སྤྱོད་ལམ་གང་ཡང་བག་མེད་མ་ཡིན་པར། །ཆོས་དང་མཐུན་པར་སྐྱོང་བ་སྤྱོད་པ་སྟེ། །དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ། །རྩེ་གཅིག་བརྩོན་དང་འབྲས་བུ་ཚེ་འདི་རུ། །མངོན་དུ་འགྲུབ་ངེས་ཚུལ་ཁྲིམས་བསྟན་སྲུང་ལགས། །བདེན་མིན་རྫུན་མིན་ཞལ་གདམས་སྐད་པ་འདི། །སྐྱ་མིན་སེར་མིན་ཡེ་ཤེས་རྡོ་རྗེ་ཡིས། །སྔ་མིན་ཕྱི་མིན་ཉིན་གུང་ཐུན་མཚམས་ལ། ། [10b] མགྱོགས་མིན་དལ་མིན་ཡི་གེར་བྲིས་ཏེ་ཕུལ།། །། ༈ །ཨ་ ཧོཿ སྣང་སྲིད་འཁོར་འདས་ཆོས་རྣམས་སྟོང་ཉིད་ཀྱི་རང་བཞིན། །སྤྲོས་བྲལ་མཁའ་ལྟར་རྟོགས་པ་ལྟ་བ་ཡི་རྒྱལ་པོ། །ད་ལྟའི་ཤེས་པ་མ་བཅོས་ཡེ་གནས་ཀྱི་ཆོས་སྐུ། །མི་འཛིན་རང་བབས་སྐྱོང་བ་སྒོམ་པ་ཡི་གནད་མཆོག །ལྟ་སྤྱོད་ཕྱོགས་རེར་མ་གྱུར་དགེ་སྡིག་གི་ཚུལ་ལ། །རྟག་ཏུ་བག་ཡོད་ལྡན་པ་ཡང་དག་གི་སྤྱོད་པ། །དེ་ལྟར་ཉམས་ལེན་མཛོད་དང་རང་གནས་ཀྱི་ཆོས་སྐུ། །མངོན་དུ་འགྱུར་བ་མཐར་ཐུག་འབྲས་བུ་རུ་བཟུང་མཛོད། །ཅེས་པའང་ཛྙཱ་ནས་སོ།། །། ༈ །ཤེས་རབ་ཆེན་པོས་སྣང་སྲིད་དག་པ་རབ་འབྱམས་ཡེ་ཤེས་སྒྱུ་མའི་ཕྱག་རྒྱ་ལྷ་སྐུའི་རོལ་པར་མ་ཤེས་ན་སྲུང་མ་བསྒྲུབ་ཀྱང་དུར་ཁྲོད་ཀྱི་འདྲེ་རུ་འགྲོ་བ་ལས་ཡེ་ཤེས་པ་ནམ་ཡང་མི་འགྲུབ། །འཁོར་འདས་རང་སྣང་ལས་མི་གཞན་པའི་ལྟ་བ་སྟོང་ཉིད་ཟབ་མོ་མ་རྟོགས་ན་དངོས་འཛིན་ཨ་འཐས་ཀྱིས་ཡི་དམ་གང་བསྟེན་ཀྱང་རུ་དྲ་འབའ་ཞིག་གི་རྒྱུ་ཡིན། ཡིད་སྤྲུལ་ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོའི་ཆོ་འཕྲུལ་གྱིས་མགྲོན་རྣམས་འདོད་རྒུར་བསྒྱུར་བའི་ནུས་སྟོབས་མེད་ན་དངོས་བཤམས་ཀྱི་ [11a] མཆོད་པ་ཆུང་དུས་ལྷ་རྣམས་མི་མཉེས། མ་དག་འཁོར་བའི་སྣང་བ་ཐམས་ཅད་དག་པ་ཆོས་ཉིད་ཀྱི་རོལ་པར་གནས་འགྱུར་གོ་འཕོ་བའི་གནད་མེད་ན་ངག་ཚིག་བཟླས་བརྗོད་ཁོ་ནས་ལྷ་མི་འགྲུབ། །ལྷ་བསྒྲུབ་པ་དེ་ཡང་ལྷར་སྣང་རྒྱུན་ཆགས་སུ་བརྟན་པའི་གནད་མེད་ན་སྣང་སྲིད་དག་པར་རབ་འབྱམས་ཀྱི་ཡེ་ཤེས་འགྲུབ་མི་སྲིད། བསྙེན་སྒྲུབ་ལས་སྦྱོར་གང་ཡང་འོད་ཟེར་སྤྲོ་བསྡུའི་དམིགས་པའི་གནད་མེད་ན་ཕྲིན་ལས་རབ་འབྱམས་གང་བརྩམ་འགྲུབ་མི་སྲིད། །ཉམས་ལེན་གྱི་དོན་ཐོག་མར་ཐོས་པས་གོ་བ་བཙལ། །བར་དུ་བསམ་པས་སྒྲོ་འདོགས་བཅད། མཐར་སྒོམ་པའི་སྒོ་ནས་རྟོགས་པ་གདིང་ཐོབ་པར་མ་བྱས་ན་བླུན་སྒོམ་སེམས་ཀྱི་བཞག་ཐབས་ཙམ་བསྐལ་པར་བསྒོམ་ཀྱང་འཚང་མི་རྒྱ། འཁོར་འདས་རེ་དོགས་སྤང་བླང་ཞིག་པའི་ངང་ཚུལ་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱི་གནད་མེད་ན་དམ་ཚིག་བཅས་སྡོམ་ཕྲ་རག་ཐམས་ཅད་ཐུབ་མི་སྲིད། གོ་མྱོང་ཙམ་ཡོད་ཀྱང་བརྩོན་འགྲུས་དྲག་པོས་ཉམས་ལེན་གྱི་སྟོབས་མེད་ན་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་སླེབས་མི་སྲིད། གསང་ཆེན་མྱུར་ལམ་ཐོད་རྒལ་ཟབ་མོའི་གནད་མེད་ན་ཚེ་གཅིག་ལ་སངས་རྒྱས་ [11b] ཀྱི་གོ་འཕང་འགྲུབ་མི་སྲིད། །སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བ་ལ་དེའི་བཀོད་པ་དང་དེར་སྐྱེ་བའི་འདུན་པ་དྲག་པོ་ཡིད་ལ་ཡང་ཡང་མ་བྱས་ན་ངག་གི་སྨོན་ཚིག་བརྫོད་པ་ཙམ་གྱིས་སྨོན་ལམ་འགྲུབ་མི་སྲིད། ཆོས་ཉིད་ནམ་མཁའི་ཀློང་ཆེན་པོ་འདི་ཉིད་འཁོར་འདས་ཀྱི་གཞིར་ཡེ་རྫོགས་ཉིད་དུ་ངོ་མ་ཤེས་ན་གཞི་དེ་ཉིད་ལས་གཞན་དུ་འབྱུང་མི་སྲིད་དོ། །ཞེས་པའང་ཛྙཱ་ནས་སོ།། །། ༈ །གཟུང་འཛིན་གྱི་རྟོགས་པས་མ་བསླད་པའི། །ད་ལྟའི་ཤེས་པ་སོ་མ་ཉིད། །རང་བབས་ལྷུག་པར་སྐྱོང་བ་འདི། །ཀུན་ཏུ་བཟང་པོའི་དགོངས་པ་ཡིན། །རྣམ་རྟོག་གི་སྤྲོས་པ་གང་ཤར་ཡང་། །བཟང་ངན་གྱི་རེ་དོགས་མི་བྱ་བར། །ཤར་གྲོལ་དུས་མཉམ་རིག་སྟོང་གཤིས། །གཡོ་མེད་ཀྱི་བཙན་ས་ཟིན་པར་མཛོད། །དེ་སྐད་བཟང་མོའི་གསོལ་འདེབས་སུ། །ཛྙཱ་ནས་འཕྲལ་དུ་སྨྲས་པ་དགེ། །། ༈ །ཕྱི་ཡུལ་དུས་ཀྱི་འཚུབས་ལྷོང་ཟིངས་སེ་ཟིང་། །ནང་ལུས་སེམས་ཀྱི་ངལ་དུབ་ཐོམས་སེ་ཐོམ། །གསང་བ་རྣམ་རྟོག་གི་འཆར་སྒོ་ཧྲིག་གེ་ཧྲིག །འདི་གསུམ་ལས་འདས་པའི་རྣལ་འབྱོར་པ། །བློ་བདེ་མོར་སྐྱོང་དང་དགའ་བ་ལ། །ཞེས་སོ།། །།[12a] ༈ །ཡིད་གཏད་སོའི་འཛིན་པས་མ་བསླད་པའི། །ད་ལྟའི་ཤེས་པ་སོ་མ་འདི། །རང་བབ་ལྷུག་པར་བཞག་པ་ལས། །གསལ་ལ་རྟོག་མེད་དངོས་བཟུང་བྲལ། །མ་བཅོས་ཆོས་ཉིད་རང་ངོ་མཐོང་། ཚོགས་དྲུག་རང་གྲོལ་བདེ་ཆེན་ངང་། །བློ་བདེ་བའི་ཉི་མ་ཁོང་ནས་འཆར། །འདུ་འབྲལ་མེད་པའི་བཙན་ས་ཟུངས། །སྙིང་གཏམ་ཡིན་ནོ་ཨ་ལ་ལ། །ཨོ་རྒྱན་དཔལ་བཟང་སེམས་ལ་ཕུར། །ཡེ་ཤེས་རྡོ་རྗེའི་འཆོལ་གཏམ་ཡིན། །རྟོགས་གྲོལ་དུས་མཉམ་རྒྱུ་རུ་ཤོག ། ཅེས་པའང་ཛྙཱ་ནས་སོ།། །། ༈ །སེམས་ཉིད་མ་བཅོས་ལྷུག་པར་ཞོག ། བལྟས་པས་མི་མཐོང་མ་བལྟས་ན། །རིག་པ་རྗེན་པ་དངོས་སུ་མཐོང་། །དེ་ཉིད་ཀུན་ཏུ་བཟང་པོ་ཡིན། །པདྨ་དབང་མོར་ཛྙཱ་ནས་སོ།། །། ༈ །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། །གཞི་མེད་རྩ་བྲལ་གྱི་རོལ་པ་སྟེ། །ཁྱབ་བརྡལ་ནམ་མཁའ་ཡི་ཁོར་ཡུག་ཏུ། །ཀུན་ནས་ཟླུམ་པ་ཡི་གཤིས་ལུགས། །སྟོང་གསལ་བརྗོད་མེད་དུ་རྟོགས་པ་ནི། །རྫོགས་ཆེན་བློ་འདས་ཀྱི་ལྟ་བ་ཡིན། །ད་ལྟའི་ཐ་མལ་གྱི་ཤེས་པ་འདི། །སྒོམ་འཛིན་བློས་བྱས་ཀྱིས་མ་བསླད་ཅིང་། །མ་སྒོམ་ [12b] རང་བབས་ཀྱི་བསམ་གཏན་དང་། །མི་འབྲལ་ཁ་ཡན་དུ་ཀློད་པ་ནི། །གཏད་མེད་རང་གྲོལ་གྱི་སྒོམ་པ་ཡིན། །ཚོགས་དྲུག་རང་ཤར་དུ་རང་ཀློད་ཅིང་། །སྤྱོད་ལམ་ཆོས་མཐུན་དུ་སྤྱོད་པ་དང་། །བྱར་མེད་ཤུགས་བྱུང་དུ་ཡན་པ་ནི། །སྤྱོད་པའི་མཐར་ཐུག་ཏུ་ཤེས་པར་མཛོད། །དེ་ལྟར་ཉམས་ལེན་ལ་འབད་འགྱུར་ན། །འབྲས་བུ་ཕྱི་རོལ་ན་མི་བཙལ་ཏེ། །རང་ཐོག་རང་ས་ཞིག་ཟིན་པར་ངེས། །དེ་ནི་འབྲས་བུའི་རྩེ་མོ་ཡིན།། །། ༈ །ད་ལྟའི་རིག་པ་མ་བཅོས་པའི་ངང་དུ་སྒོམ་འཛིན་གྱི་བློས་མ་བསླད་ཅིང་། མི་སྒོམ་པའི་ཡེངས་འབྱམས་སུ་ཤོར་བའང་མ་ཡིན་པར། །གཟའ་གཏད་དང་བྲལ་བའི་ཤེས་པ་ཧུ་རེ་བ་འདི་ཀ་རང་བབ་ཁ་ཡན་དུ་ཀློད་དེ་འཇོག་པ་ལ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཟེར། །དེ་ལྟར་བཞག་པའི་ཚེ་ན་རིག་པའི་ཆ་ལས་རྣམ་རྟོག་གི་འཆར་ཆ་ཅི་བྱུང་ཡང་ངོ་ཤེས་སླར་རྗེས་མཐུད་མེད་པར་རྣམ་རྟོག་ཁོ་རང་གི་ངོ་བོ་ཅེ་རེ་བལྟས་པས་རྗེས་མེད་དུ་ཁྲོལ། བྱར་མེད་དུ་ལྷོད་དེ། འཛིན་མེད་དུ་ཡང་ཕྱ་ལེ་འགྲོ་བ་འདི་རྣམ་རྟོག་རང་ཤར་རང་གྲོལ་ཆོས་སྐུའི་ཐོག་ཏུ་སླེབས་པ་ཡིན། །ད་ནི་ཁྲེགས་ཆོད་ཀྱི་ཉམས་ལེན་དེའི་ཐོག་ནས་ལུས་གནད་དང་སྒོ་གནད་གང་རུང་གི་ཡུལ་ལ་ [13a] གཟིར་བས། རིག་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་ཕྱིར་གསལ་དབྱིངས་དང་ཐིག་ལེ་ལུ་གུ་རྒྱུད་ཀྱི་རྣམ་པར་འཆར་བ་དབང་པོའི་མངོན་སུམ་དུ་སྣང་བ་ནི་ལམ་ཐོད་རྒལ་གྱི་རྣལ་འབྱོར་ཡིན། །འཆར་ཆ་གང་སྣང་ཡང་། སྣང་ཆ་ལ་འཛིན་པ་མེད་པ། །སྟོང་ཆ་ལ་ཞེན་པ་མེད་པ། གང་ལའང་རེ་དོགས་མེད་པ། མདོར་ན་འདི་འོ་ཞེས་བློས་གཏད་སོ་རྡུལ་ཕྲ་རབ་ཙམ་མེད་པ་ཞིག་གི་ཐོག་ཏུ་སྡོད་པ་ལ་ཐག་གཏིང་ནས་ཆོད། །ཡིད་སྙིང་ནས་ཆེས། བློས་བརྟན་པོས་བཟུང་བ་འདི་རང་རེ་རྫོགས་ཆེན་ནམ་མཁའི་རྣལ་འབྱོར་སྒོམ་མེད་ཡེངས་མེད་ཀྱི་ཆོས་ལུགས་ཡིན་པས། །འདི་ལ་གདིང་ཐོབ་ན་འཁོར་འདས་ཀྱི་སྟོང་སྲོག་དུས་གཅིག་ལ་ཆོད། བློ་བདེའི་ཉི་མ་སྙིང་དབུས་ནས་འཆར་བར་ངེས་པས། གཅིག་ཤེས་ཀུན་གྲོལ་གྱི་མན་ངག་མཆོག་ཏུ་ཟུང་ལ་ཆོས་ཉིད་ཟད་པའི་ས་ལ་སྐྱོལ་བར་མཛོད་ཅིག །ཅེས་དད་དམ་ནོར་ལྡན་དགེ་སློང་ཀློང་གསལ་རྡོ་རྗེ་ལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་གཏམ་དུ་གདམས་པའོ།། །། ༈ །མགོན་རིགས་བརྒྱའི་ཁྱབ་བདག་པདྨ་འབྱུང་། །རང་རིག་པའི་ངོ་བོར་སྙིང་དབུས་སུ། །ཡེ་གདོད་ནས་འབྲལ་ [13b] མེད་ལྷན་སྐྱེས་སུ། །བཞུགས་པ་འདི་ངོ་ཤས་ལྟ་བའི་ཕྱག །ཕྱི་སྣང་བའི་ཡུལ་ལ་ཕར་བལྟས་པས། །གཟུགས་སྣ་ཚོགས་སུ་སྣང་བ་ཡ་རེ་མཚན། ཐབས་སྣང་བ་མ་འགགས་སྤྲུལ་པའི་སྐུ། །དོན་ཤེས་རབ་སྟོང་ཉིད་སྒྱུ་མའི་འཕྲུལ། །སྣང་སྟོང་ཟུང་འཇུག་གི་ལྷ་སྐུ་འདི། །མ་བསྒྲུབ་ཡེ་གྲུབ་ཀྱི་ཡི་དམ་སྟེ། །འདི་བྱ་བས་རྩོལ་ཏེ་བསྒྲུབ་མི་དགོས། །ཨ་འཐས་སུ་ཞེན་ན་འཁྲུལ་པ་ཡིན། །འཛིན་མེད་དུ་བཞག་ན་གྲོལ་བ་ཡིན། །སྣང་བ་རྒྱ་ཡན་དུ་ཐོངས་དང་རྣལ་འབྱོར་པ། །ནང་རང་གི་སེམས་ལ་ཚུར་བལྟས་པས། །སེམས་གནས་འགྱུ་དབྱེར་མེད་ངོ་བོས་སྟོང་། །ཐ་མལ་གྱི་ཤེས་པ་སོ་མ་ལ། །དུས་གསུམ་རྒྱལ་བའི་དགོངས་པ་རྫོགས། །གནས་ན་ཆོས་ཉིད་ཀྱི་ངང་ལ་གནས། །འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། །བློས་བྱས་སྒོམ་འཛིན་གྱིས་མ་བསླད་པར། །གཤིས་རང་བབས་སུ་བཞག་ན་ཆོས་སྐུ་མཐོང་། །བློ་གཏད་སོ་ཞིག་ན་ཉམས་དགའ་སྐྱེ། །ཚོགས་དྲུག་རང་གྲོལ་དུ་ཞོག་དང་རྣལ་འབྱོར་པ། །ཐག་ནང་ནས་ཆོད་པའི་ལྟ་བ་ལ། །ཚིག་དཔེ་ཉོབ་མང་པོས་མཚོན་མི་དགོས། །དོན་རང་བྱུང་ཡེ་ཤེས་རྗེན་པ་འདི། །བྱ་བྲལ་ལྷུན་གྲུབ་ཀྱི་ [14a] འབྲས་བུ་སྟེ། །རང་དབང་རང་ཐོབ་ཀྱི་རྫོགས་ཆེན་པས། །སྲིད་གསུམ་གྱི་གདར་ཤ་དུས་འདིར་ཆོད། །སྟོང་གསུམ་འདི་ཞིག་ཀྱང་ཡ་མི་ང་། །རེ་དྭོགས་ཀྱི་ཡུལ་ཞིག་གང་དུ་གདའ། །མཉམ་ཉིད་བདེ་ཆེན་གྱི་རྒྱལ་ས་འདི། །ངོ་ཤེས་བཙན་ས་ཟུང་དང་རྣལ་འབྱོར་པ། །དེ་སྐད་དུ་པདྨ་བདེ་རྒྱལ་ལ། །ཕ་རྒན་བདུད་འཇོམས་ཀྱིས་སྨྲས་སོ་ཨང་།། །། ༈ །ཨ་ཧོ་གསོན་དང་དགེ་བརྩོན་མ། །དགེ་བ་ཆེ་ཕྲ་གང་བསྒྲུབ་ཀྱང་། །དམ་པ་གསུམ་གྱིས་ཟིན་པ་གནད། །རྒྱུད་ལ་སྙིང་རྗེ་བྱང་ཆུབ་སེམས། །བསྐྱེད་ལ་དྲན་ཤེས་བརྟེན་པ་གལ། །འཁོར་འདས་ནམ་མཁའ་ལྟ་བུའི་ངང་། །རིག་པ་སྤྲོས་བྲལ་ཆོས་སྐུ་རུ། །རང་ངོ་ཤེས་པ་ལྟ་བ་ཡིན། །ད་ལྟའི་ཤེས་པ་བཟོ་མེད་ཀྱི། །ངང་དུ་རང་བཞག་སྒོམ་པ་ཡིན། །བྱ་བ་ཐམས་ཅད་དམ་ཆོས་དང་། །མཐུན་པ་སྤྱོད་པའི་གནད་དུ་ཟུངས། །དེ་ལྟར་ཉམས་ལེན་བརྩོན་པར་མཛོད། །ཅེས་འདི་ཛྙཱ་ནའི་མིང་ཅན་གྱིས། །བསྐུལ་ལྟར་ཛྙཱ་ནས་ཤར་མར་བྲིས།། །། ༈ །ཨེ་མ་གསོན་དང་བཙུན་མ་ཁྱོད། །དམ་ཆོས་བྱེད་པའི་སྐལ་བ་དང་། ། [14b] ལྡན་པས་སྒྲུབ་ལ་བརྩོན་འགྲུས་མཛོད། །རྒྱལ་སྲས་ཀུན་གྱི་བགྲོད་ལམ་ཆེ། །བྱང་ཆུབ་སེམས་ལ་བློ་སྦྱོང་མཛོད། །ལྟ་བ་སྟོང་ཉིད་ཆེན་པོ་ལ། །སྒོམ་པ་མ་བཅོས་འཛིན་མེད་བཞག །སྤྱི་པ་ཆོས་དང་མཐུན་པ་ནི། །ཉམས་ལེན་གནད་ཀྱི་སྙིང་པོར་ཟུངས། །ཞེས་འདི་གསང་སྔགས་ཆོས་སྒྲོན་གྱིས། །བསྐུལ་བཞིན་བག་མེད་ཛྙཱ་ནས་བྲིས།། །། ༈ །མཚུངས་མེད་བླ་མའི་ཞབས་ལ་འདུད། །གསོན་དང་སྐལ་བཟང་སྐྱེས་བུ་ཁྱེད། །ཆོས་ཀྱི་རྟེན་འབྲེལ་འགྲིགས་དུས་འདིར། །གཏན་གྱི་འདུན་མ་ཟིན་པར་མཛོད། །རྒྱལ་སྲས་ཀུན་གྱི་ལམ་གཅིག་པུ། །བྱང་སེམས་སྙིང་རྗེ་བསྐྱེད་ལ་འབད། །ལྟ་བ་འཁོར་འདས་སྟོང་ཉིད་ཆེ། །རང་རིག་སྤྲོས་བྲལ་ཆོས་སྐུ་རུ། །ཐག་ཆོད་ལྟ་བའི་རྒྱལ་པོ་ཡིན། །ད་ལྟའི་ཤེས་པ་བཟོ་མེད་དང་། །འཛིན་པའི་སྒྲོགས་ཀྱིས་མི་འཆིང་བར། །རང་གར་བཞག་པ་སྒོམ་པ་ཡིན། །བྱ་བ་བག་མེད་ངན་དབང་དུ། །མ་ཤོར་ཆོས་དང་མཐུན་པ་ནི། །སྤྱོད་པའི་མཆོག་ཏུ་བཟུང་ནས་ཀྱང་། །ཡེངས་མེད་ཉམས་ལེན་བརྩོན་ར་མཛོད། །ཞེས་པའང་ནོར་བུ་རྒྱ་མཚོའི་ངོར། །སྨྱོན་སྤྲུལ་ཧྲལ་པོས་ཤར་ [15a] མར་བྲིས།། །། ༈ །གསོན་དང་དམ་ཆོས་སྒྲུབ་པ་ལ། །སྙིང་རུལ་ངེས་འབྱུང་དད་པ་རྣམས། །མེད་ཐབས་མེད་ཕྱིར་རྩེ་གཅིག་བསྐྱེད། །འཁོར་འདས་སྟོང་ཉིད་ལྟ་བ་ལ། །མ་བཅོས་རང་གནས་སྒོམ་པ་སྟེ། །སྒོ་གསུམ་ཆོས་མཐུན་སྤྱོད་པའི་གནད། །དེ་ལྟར་ཐུགས་ལ་འཆང་བར་མཛོད། །ཅེས་པའང་བདུད་འཇོམས་སྤྲུལ་མིང་པས། །ཁྱེད་བསྐུལ་མ་ལྡོག་ཙམ་དུ་བྲིས།། །། ༈ ། ཀྱེ་ཧོ་གསོན་དང་སྐལ་ལྡན་མ། །དད་པ་འགྱུར་མེད་བརྟན་པ་དང་། །སྙིང་རྗེ་རྒྱུན་ཆད་མེད་པ་དང་། །དམ་ཚིག་ངོ་ལྐོག་མེད་པ་དང་། །བརྩོན་འགྲུས་གཡེལ་བ་མེད་པ་རྣམས། །དམ་ཆོས་སྒྲུབ་པའི་སྙིང་པོ་ཡིན། །ལྟ་བ་འཁོར་འདས་མཉམ་བརྡལ་ལ། །སྒོམ་པ་རང་རིག་མ་བཅོས་བཞག །སྤྱོད་པ་ཆོས་དང་མཐུན་པ་ནི། །ཉམས་སུ་ལེན་བྱའི་སྙིང་པོེ་ཟུངས། །ཞེས་པའང་དཀོན་མཆོག་ལྷ་མོའི་ངོར། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས།། །། ༈ །ཀྱེ་མ་གསོན་དང་གྲོགས་ཁྱོད། །དམ་ཆོས་སྒྲུབ་པའི་ཐབས་ལ། །དད་པ་དམ་ཚིག་བརྩོན་འགྲུས། །འདི་ [15b] གསུམ་མེད་ཐབས་མེད་པས། །རྒྱུན་དུ་ཐུགས་ལ་བསྟེན་མཛོད། །འཁོར་འདས་སྟོང་ཉིད་ལྟ་བ། །མ་བཅོས་རང་བཞག་སྒོམ་པ། །སྒོ་གསུམ་ཆོས་མཐུན་སྤྱད་པ། །འདི་དག་ཉམས་ལེན་སྙིང་པོར། །ཐུགས་ལ་ངེས་པར་འཆང་མཛོད། །ཅེས་འདི་བྱམས་པའི་མིང་གིས། །བསྐུལ་ལྟར་ཛྙཱ་ནས་བྲིས་སོ།། །། ༈ །ཨ་ཧོ། གསོན་དང་སྐལ་བཟང་སྐྱེས་བུ་ཁྱེད། ཉམས་སུ་ལེན་བྱའི་སྙིང་པོ་ལ། །བླ་མར་མོས་གུས་ལྷོད་མེད་དང་། །མཆེད་ལ་བརྩེ་གདུང་རྒྱུན་ཆགས་དང་། །འགྲོ་ལ་སྙིང་རྗེ་དྲག་པོ་དང་། །མི་རྟག་ངེས་འབྱུང་རྒྱུད་བསྐུལ་ཏེ། །ཆོས་ལ་བརྩོན་འགྲུས་སྙིང་རུས་བསྐྱེད། །ལྟ་བ་འཁོར་འདས་མཉམ་བརྡལ་ལ། །སྒོམ་པ་མ་བཅོས་རང་བབས་བཞག །སྤྱོད་པ་བྱར་མེད་ལྷོད་པ་ནི། །ལྟ་སྒོམ་སྤྱོད་པའི་གནད་དུ་ཟུངས། །བྱང་སེམས་སྙིང་རྗེ་ཟིན་པ་ཡི། །བྱ་བ་ཐམས་ཅད་དོན་ཡོད་མཛོད། །རང་གི་རྒྱུད་ལ་མི་ལྡན་པར། །གཞན་ལ་སྨྲ་བའི་སྐད་པོ་ཆེ། །འོན་པའི་རོལ་མོ་འཁྲོལ་འདྲའི་གཏམ། །འདི་ཡི་གཞན་ལ་ཕན་སཉམ་མེད། །འོན་ཀྱང་ནན་བསྐུལ་མ་ལྡོག་ཙམ། །ཉུང་ངུའི་ཚིགས་སུ་སྨྲས་འདིས་ཀྱང་། ། [16a] ཁྱོད་ཀྱི་ཐུགས་ལ་སྨིན་གྱུར་ཅིག །ཅེས་པའང་བྱམས་པ་ལགས་ནས་བསྐུལ་ངོར་རྨོངས་རྟུལ་འདུ་ཤེས་གསུམ་པ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །། ༈ །ཨ་ཧོ་གསོན་དང་ཆོས་མཛད་མ། །དད་མོས་ངེས་འབྱུང་གིས་བསྐུལ་ཏེ། །དམ་པའི་ཆོས་ལ་བརྩོན་འགྲུས་གལ། །དགེ་བ་ཆེ་ཕྲ་གང་སྒྲུབ་ཀྱང་། །བྱང་ཆུབ་སེམས་བསྐྱེད་ཀྱིས་ཟིན་གནད། །ལྟ་བ་འཁོར་འདས་སྟོང་ཉིད་ལ། །སྒོམ་པ་རང་རིག་རང་བཞག་དང་། །སྤྱོད་པ་ཆོས་མཐུན་གསུམ་པོ་ནི། །ཉམས་མིང་པ་དེས་བྲིས།། །། ༈ །ཀྱེ་ཀྱེ་གསོན་དང་དགེ་བརྩོན་མ། །ངེས་འབྱུང་དད་མོས་དྲག་པོ་དང་། །ལེ་ལོ་ཕྱི་བཤོལ་མ་ཡིན་པར། །དམ་ཆོས་སྒྲུབ་ལ་བརྩོན་འགྲུས་དང་། །དམ་ཚིག་མིག་ལྟར་སྲུང་བ་ནི། །ཆོས་པ་ཀུན་གྱི་སྙིང་ནོར་ཡིན། །རྒྱུན་དུ་མ་གྱུར་སེམས་ཅན་ལ། །བྱང་སེམས་སྙིང་རྗེ་སྒོམ་པ་དང་། །ཕན་པའི་བྱ་བ་ཅི་ནུས་སུ། །སྒྲུབ་པ་རྒྱལ་སྲས་བསླབ་བྱ་ཡིན། །འཁོར་འདས་ཆོས་ཀུན་སྟོང་ཉིད་དུ། །རྟོགས་ཤིང་རང་རིག་ཆོས་སྐུ་རུ། ། [16b] ངོ་ཤེས་ལྟ་བའི་རྒྱལ་པོ་ལགས། །ད་ལྟའི་ཤེས་པ་བཟོ་མེད་འདི། །མི་ཡེངས་མི་འཛིན་མི་རྟོག་པར། །རང་སར་བཞག་པ་སྒོམ་པ་ཡིན། །སྒོ་གསུམ་བག་མེད་མ་ཡིན་པར། །སྤྱོད་ལམ་ཆོས་དང་མཐུན་པ་ནི། །ཡང་དག་སྤྱོད་པའི་ལག་ལེན་ཡིན། །འདི་ལྟར་ཐུགས་ཀྱི་བཅུད་དུ་ཟུངས། །ཞེས་པའང་དཱེ་ཝ་ཏཱ་རེའི་ངོར། །གཞོན་ནུ་ཛྙཱ་ན་བཛྲས་བྲིས།། །། ༈ །ཀྱེ་མ་གསོན་དང་བློ་ལྡན་མ། །རྙེད་དཀའི་མི་ལུས་ཐོབ་དུས་སུ། །རྣམ་གཡེངས་འདུ་འཛི་མི་མང་བར། །གཏན་གྱི་འདུན་མ་ཐོབ་པར་མཛོད། །དགེ་བ་ཆེ་ཆུང་གང་སྒྲུབ་ཀྱང་། །སྦྱོར་དངོས་རྗེས་གསུམ་ཚང་བ་དགོས། །དུས་ཀུན་སྙིང་རྗེའི་སྒོ་ནས་སུ། །གཞན་ལ་ཕན་པ་ཅི་འགྲུབ་མཛོད། །འཁོར་འདས་སྟོང་ཉིད་ཆེན་པོ་དང་། །རང་རིག་སྤྲོས་བྲལ་ཡེ་ཤེས་སུ། །ངོ་ཤེས་ལྟ་བའི་རྒྱལ་པོ་ཡིན། །དེ་ཡི་ངང་ལ་རང་བབས་སུ། །མཉམ་པར་བཞག་པ་སྒོམ་པ་ཡིན། །བྱ་སྤྲོད་ཀུན་ཀྱང་བག་མེད་དུ། །མ་ཤོར་ཆོས་མཐུན་སྤྱོད་པའི་མཆོག །འདི་ལྟར་སྙིང་གི་དཀྱིལ་དུ་ཞོག །ཅེས་པའང་ཝཱ་ཀ་པཱ་ཤཾ་གིས། བསྐུལ་ལྟར་བཛྲ་ཛྙཱ་ནས་བྲིས།། །།

༈ །བློ་གྲོས་ལགས། ཆོས་ཤིག་བསྒྲུབ་པ་ [17a] ལ་དད་པ་དང་བརྩོན་འགྲུས་གཉིས་འཛོམ་དགོས། དགེ་བ་གང་བསྒྲུབ་ཀྱང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་སྨོན་གྱིས་ཟིན་པ་ཞིག་དགོས། ངས་ཆོས་ཆེན་པོ་བསྒྲུབ་ཡོད་ཟེར་ནས་གཞན་ལ་ངོམ་རྒྱུ་ཡོད་པ་ཞིག་མ་ཐོན་རུང་། རྒྱུན་དུ་ཕན་སེམས་བཟང་པོ་ཞིག་ལ་ནན་ཏན་དུ་མཛོད་དང་། ཆོས་དེ་ག་རང་ཡིན། གཞན་རྫོགས་ཆེན་སོགས་ནི་ཁྲིད་ཡིག་གི་གཞུང་དང་བླ་མའི་ཞལ་ཁྲིད་ལ་ཉན་ཏེ་ཇི་ལྟར་བཤད་པ་བཞིན་དུ་ཉམས་སུ་ལེན་མཛོད། དེ་ལས་ལྷག་པའི་ཞལ་གདམས་ནི་ཕྲན་ལ་སྟོན་རྒྱུ་མེད་ཐག་ཡིན་པས་སྐྱོན་འདྲ་མཆིས་ན་ཐུགས་ཁྲེལ་མི་གནང་བར་ཞུ། །ཞེས་ཚིགས་སུ་བཅད་པ་རྩོམ་ལོངས་མི་འདུག་ཅིང་འོང་རྒྱུ་འདི་ལ་སྒུག་ཡུན་དེ་ཙམ་སྙམ་སྟེ་དགོངས་པ་མི་འཁྲུགས་པ་མཁྱེན། ཡེ་ཤེས་རྡོ་རྗེས་སོ།། །། ༈ །གསོན་དང་དད་ལྡན་བཙུན་མ་ཁྱོད། །ལྟ་བ་འཁོར་འདས་སྟོང་ཉིད་ལ། །སྒོམ་པ་ཤེས་པ་མ་བཅོས་བཞག །སྤྱོད་པ་ཆོས་དང་མཐུན་པ་གལ། ཚིགགསུམ་གནད་ཀྱི་སྙིང་པོ་ཡིན། །དེ་ལྟར་ཉམས་ལེན་ཐུགས་ལ་འཆང་། །ཞེས་འདི་བཙུན་མ་འཇམ་དབྱངས་ངོར། ། [17b] བག་མེད་ཛྙཱ་ན་ལྷོད་པོས་བྲིས།། །། ༈ །སྣང་ཚད་ཀུན་འཕགས་མཆོག་ཐུགས་རྗེའི་སྐུ། །སྒྲ་གྲགས་ཀུན་ཡི་གེ་དྲུག་མའི་གསུང་། །དྲན་རྟོག་ཀུན་འོད་གསལ་འཕགས་པའི་ཐུགས། །དེ་དག་ཀྱང་གསར་བཅོས་མ་ཡིན་ཏེ། །རང་བྱུང་དུ་གྲུབ་པར་ཤེས་མཛོད་ལ། །རང་བབས་སུ་སྐྱོང་དང་གྲོལ་བར་འགྱུར། །ཅེས་པའང་བསྐུལ་བ་པོའི་ངོར་ཛྙཱ་ནས་སོ།། །། ༈ །རྡོ་རྗེ་འཆང་དངོས་བླ་མ་ལ། །སྙིང་ནས་འདུད་དོ་བྱིན་གྱིས་རློབས། ཚེ་གཅིག་སངས་རྒྱས་བསྒྲུབ་པ་ལ། །བླ་མར་མོས་གུས་གསོལ་འདེབས་དང་། །མཆེད་ལ་བརྩེ་གདུང་བཀུར་སྟི་དང་། །འགྲོ་ལ་བྱང་སེམས་སྙིང་རྗེ་དང་། །མི་རྟག་བརྩོན་འགྲུས་རྒྱུད་བསྐུལ་ཏེ། །སྒྲུབ་ལ་ཡེངས་མད་བརྩོན་པར་མཛོད། །ལྟ་བ་འཁོར་འདས་མཉམ་བརྡལ་ལ། །སྒོམ་པ་མ་བཅོས་རང་བབས་བཞག །སྤྱོད་པ་བྱ་རྩོལ་བྲལ་བར་སྤྱོད། །འདི་ལྟར་གནད་ཀྱི་སྙིང་པོར་བཟུངས། །འབྲས་བུ་རང་ཐོག་སད་པར་འགྱུར། །དེ་སྐད་འགྱུར་མེད་དབང་ཕྱུག་གིས། །བསྐུལ་ངོར་ཛྙཱ་ནའི་མིང་གིས་བྲིས།། །། ༈ །ད་ལྟའི་ཤེས་པ་སོ་མ་འདི། །བཅོས་བསྒྱུར་དགག་སྒྲུབ་ལས་འདས་ [18a] པར། །རང་བབས་ལྷུག་པར་སྐྱོང་བ་ནི། །རྫོགས་པ་ཆེན་པོའི་ཉམས་ལེན་ཡིན། །འགྱུ་ན་འགྱུ་མཁན་ངོ་བོས་སྟོང་། །གནས་ན་གནས་པའི་གཞི་རྩ་བྲལ། །གང་ཤར་རིག་སྟོང་རྗེན་པའི་ངང་། །འབྲལ་མེད་ཡེ་དག་བློ་རེ་བདེ། །ཅེས་པའང་ཛྙཱ་ནས་སོ།། །། ༈ །ད་ལྟའི་ཤེས་པ་རྗེན་པ་འདི། །འཛིན་མེད་རང་བབས་ངང་དུ་ཀློད། །གཉིས་སྣང་འཁྲུལ་པ་ཟད་ཙ་ན། །རང་གྲོལ་ཆོས་སྐུའི་རྒྱལ་ས་ཟིན། །ཅེས་པའང་ཛྙཱ་ནས་སོ།། །། ༈ །ཡེ་ནས་སྐྱོན་དང་དྲི་མས་མ་གོས་པའི། །རང་བྱུང་རིག་པའི་གཤིས་ལུགས་ས་མ་འདི། །ཐོག་མའི་མགོན་པོ་ཆོས་སྐུའི་བླ་མ་སྟེ། །རང་དང་ལྷན་ཅིག་འབྲལ་མེད་བཞུགས་གྱུར་ཀྱང་། །གཉིས་འཛིན་དབང་གིས་གནས་ལུགས་ངོ་མ་ཤེས། །འཁྲུལ་སྣང་བདངོས་པོ་མེད་ལ་ཇི་ལྟར་བལྟ། །རང་གསལ་འགག་མེད་འཆར་ལ་སུ་ཞིག་བསྒོམ། །སྤང་ཐོབ་གཏད་སོ་བྲལ་ལ་འབྲས་བུ་ཅི། །ད་ནི་ཚོགས་དྲུག་རང་གྲོལ་ཅི་དགར་བོར། །གུ་ཡངས་བློ་བདེའི་འདུན་མ་ད་ལྟ་འགྲུབ། །ཅེས་པ་འདི་ཡང་དད་ལྡན་ཟླ་བ་ལ། །འཇིགས་ [18b] བྲལ་ཡེ་ཤེས་རྡོ་རྗེས་ཐད་ཀར་སྨྲས།། །། ༈ །ཀྱེ་ལགས་རྫོགས་ཆེན་ཉམས་ལེན་སྙིང་པོ་ནི། །འཁོར་འདས་ཆོས་རྣམས་རང་སེམས་གཅིག་པུའི་འཕྲུལ། །རང་གི་སེམས་ཉིད་ཡེ་ནས་དངོས་པོས་དབེན། །སྟོང་གསལ་འདུས་མ་བྱས་པ་རིག་པའི་གཤིགས། །ཡེ་ནས་ཆོས་སྐུའི་ངོ་བོར་རྟག་གནས་ཀྱང་། །རང་ངོ་མ་ཤེས་གློ་བུར་གཟུང་འཛིན་གྱིས། །འཁོར་འདས་བདེ་སྡུག་སྣང་ཞེན་འཁྲུལ་པས་བསླུས། །དོན་ལ་བཟང་ངན་རེ་དོགས་ཡུལ་ལས་འདས། །སྟོང་ཆེན་ནམ་མཁའི་འཕོ་འགྱུར་བྲལ་བ་ཡི། །རང་བྱུང་རིག་པ་ད་ལྟའི་ཤེས་པ་འདི། །མ་བཅོས་རང་བབས་ལྷུག་པར་འཇོག་པ་འདི། །ལྟ་བ་ཡིན་ལ་སྒོམ་པའི་གནད་ཀྱང་འདི། །དེ་ཚེ་རིག་པའི་རྩལ་ལས་རྣམ་རྟོག་ནི། །ཤར་མ་ཐག་ཏུ་དྲན་པས་ངོས་བཟུང་སྟེ། །རང་ཤར་རང་གྲོལ་ཆུ་ལ་རླབས་བཞིན་དུ། །ངོ་ཤེས་རྗེས་མཐུད་མེད་པར་ཡན་པ་ལ། །སྒོམ་གྱི་ཐ་སྙད་བཏགས་པ་ཙམ་དུ་ཟད། །གཏད་སོ་བྲལ་བར་ཚོགས་དྲུག་གང་དགར་བོར། །བྱར་མེད་སྤྱོད་པས་ལ་དོར་རྒྱུན་བསྐྱངས་པས། །འབྲས་བུ་ཕྱི་དུས་མི་རེ་ད་ལྟ་རང་། །རང་དབང་རང་ཐོབ་བཙན་ས་ཟིན་པ་ཡིན། །དེ་སྐད་ངག་དབང་བཟོད་པའི་ངོ་སྐལ་དུ། །འཇིགས་ [19a] བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སྟེ། །དགེ་བས་རྟོགས་གྲོལ་དུས་མཉམ་རྒྱུར་གྱུར་ཅིག། །། ༈ །ཡང་ལེ་ཤོད་དུ་སྒྲུབ་རྩོན་གཡར་དམ་ཅན། །སྙིང་ནས་ཆོས་བྱེད་སྐལ་ལྡན་ཟླ་བ་ལ། །སྙིང་ནས་བརྩེ་བའི་བསླབ་བྱ་འདི་ལྟར་འདོམས། །རྙེད་དཀའི་རྟེན་ལ་སྙིང་པོ་ལེན་པའི་ཕྱིར། །འཁོར་བ་སྡུག་བསྔལ་མཚོ་ལས་ཐར་འདོད་བློས། །མཆོག་གསུམ་སྐྱབས་གནས་མི་བསླུར་ཡིད་ཆེས་ནས། །དགེ་སྡིག་རྒྱུ་འབྲས་བླང་དོར་མ་ནོར་འཇུག །ཁྱད་པར་རྩ་བའི་བླ་མར་མོས་གུས་དང་། །དམ་ཚིག་གཅིག་པའི་མཆེད་ལ་བརྩེ་གདུང་དང་། །མ་གྱུར་འགྲོ་ལ་སྙིང་རྗེ་བྱང་སེམས་དང་། །འདུས་བྱས་མི་རྟག་བློ་སྣ་བསྟུང་བ་རྣམས། །ཆོས་པའི་གཏན་ནོར་བཞིན་ཞེས་མེད་ཐབས་མེད། །བླ་མ་ཡི་དམ་རང་སེམས་དབྱེར་མེད་པ། །བསྐྱེད་རིམ་སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ། །བཟླས་བརྗོད་ཇི་སྙེད་གྲགས་སྟོང་སྔགས་ཀྱི་སྒྲ། །ཀུན་ཀྱང་རང་རིག་ཆོས་ཉིད་གཅིག་གི་གར། །ཆོས་ཉིད་ཀློང་དུ་ཕན་གནོད་ཡུལ་མ་གྲུབ། །འཁོར་འདས་རེ་དོགས་མང་གིས་བཏགས་པ་ཙམ། །ཡེ་ཡིན་ངང་གནས་ཡེ་ཤེས་ངོ་འཕྲོད་ཚེ། །བྱས་ཆོས་ཐམས་ཅད་འཁྲུལ་པའི་ཁ་སྣོན་ཏེ། །བྱར་མེད་ངང་ནས་རང་རིག་བཙན་ས་ [19b] ཟུངས། །ཐ་མལ་ཤེས་པ་རྗེན་པ་ཁ་ཡན་ཐོངས། །མཉམ་པར་བཞག་དང་མ་བཞག་ཐ་སྙད་ཙམ། །རྣམ་རྟོག་འཆར་ན་ཤར་ཆུག་རང་གྲོལ་ཐོངས། །མ་ཤར་གནས་ན་གནས་ཆུག་རང་བབས་གློད། །སྒོམ་སྐྱོན་བྱིང་རྒོད་བྱུང་ན་ཐད་ཀར་བསང་། །ཉིན་མཚན་འོད་གསལ་ཁོར་ཡུག་འབྱམས་ཀླས་ཚེ། །འབྲས་བུ་ཕྱི་དུས་མི་རེ་ཨ་ལ་ལ། །དེ་ལྟར་བརྩོན་པས་ཉམས་སུ་ལེན་མཛོད་ཅེས། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་ཏེ་སྤྲིང་།། །། ༈ །བསླབ་བྱ་ཞལ་གདམས་སུ་བཏགས་པ་སྨིག་སྒྱུའི་བདུད་རྩི་ཞེས་བྱ་བ། ན་མོ། སྐྱབས་གནས་ཀུན་འདུས་ངོ་བོ་བཀའ་དྲིན་ཅན། །རིགས་ཀྱི་བདག་པོ་པད་འབྱུང་གཙུག་ཏུ་མཆོད། །བདག་ཉིད་མདོ་མེད་ར་མགོ་མི་ཐོན་བཞིན། །གཞན་ལ་ལེགས་ལམ་འདོམས་པར་སུ་ཞིག་ཉན། །འོན་ཀྱང་ཁྱོད་ཀྱི་དག་སྣང་གསུང་ནན་ངོ་། །མི་ལྡོག་ཙམ་དུ་གང་དྲན་ཟད་གླེང་། །ཆོས་དང་འཇིག་རྟེན་བྱ་བ་གང་ཡང་རུང་། །ལམ་འགྲོ་ཆེ་ཆུང་བསོད་ནམས་ཆེ་ཆུང་ཡིན། །དེ་སླད་དགེ་བ་ཆུང་ཡང་མི་སྤོང་བསྒྲུབ། །སྡིག་པ་ཆུང་ཡང་མི་བརྙས་འཛེམ་ཞིང་སྤང་། །ཡར་མཆོད་མར་སྦྱིན་བསོད་ནམས་གསོག་ལ་འབད། །བསམ་པ་བཟང་པོས་གཞན་ལ་གང་ཕན་བྱ། ། [20a] བྱ་བ་གང་ཡང་ཞིབ་ཏུ་མ་བརྟག་པར། །གཞན་རྗེས་མི་འབྲང་དཔྱོད་ལྡན་མཁས་པའི་སྲོལ། །ཁ་ཉུང་ཁོང་ཟབ་བརྟག་དཔྱད་མཐིལ་ཕྱིན་པས། །བླང་དར་འདུན་མའི་རྩ་བ་ཚུགས་པ་དགོས། །ཡོན་ཏན་ཅན་ལ་དཔྱས་འདོགས་ཟུར་ཟ་དང་། །འགྲན་འདོད་ཕྲག་དོག་རྣམ་པ་ཀུན་ཏུ་སྤང་། །ཡོན་ཏན་མེད་ལ་བརྙས་སྨོད་ཁྱད་གསོས་དང་། །རང་ཆེ་རང་མཐོང་ང་རྒྱལ་གང་ཆུང་གནད། །ལུས་བསྐྱེད་ཕ་མའི་བཀའ་དྲིན་ངོ་ཤེས་པས། །ཐུགས་ཕམ་མ་འཇུག་གང་གསུངས་དང་དུ་ལོངས། །བྲན་དང་འཁོར་གཡོག་རང་ལྟོས་མི་རིགས་ལ། །ལུགས་ཟུང་བླང་དོར་བསླབ་བྱ་གོ་བར་སློབས། །ཅུང་ཟད་ཉེས་ལ་བློ་ཁོག་གང་ཡངས་ངོས། །འཕྲལ་དུ་ཁྲོ་བོའི་སྤྲོ་ཐུང་རྣམ་འགྱུར་སྤོངས། །ཅུང་ཟད་རྐྱེན་གྱིས་བཟང་ངན་འགྱུར་ལྡོག་སྐྱེན། །བློ་ཆུང་གསར་འགྲོགས་ཅན་ལ་ཡིད་མ་གཏོད། །རྒྱུད་དྲང་བསྐྱེལ་ཆེ་ཡིད་གཞུང་བློ་གྲོས་ཟབ། །ཁྲེལ་ལྡན་གཞུང་བཟང་མི་ལ་ཕུག་གྲོགས་ཆོལ། །གཡོ་རྫུན་རྐུ་འཕྲོག་ལས་འབྲས་མི་བརྩི་བའི། །མི་ངན་ཉེ་འཁོར་མི་བསྟེན་ཐབས་ཀྱིས་སྤོངས། །དངོས་སུ་ངོ་བསྟོད་ཤ་ཚའི་ཚུལ་སྟོན་ཅིང་། །ལྐོག་ཏུ་དེ་ལས་ལྡོག་ལ་རེ་མ་ [20b] འཆོལ། །སྐྱིད་སྡུག་གང་བྱུང་འགྱུར་ལྡོག་མི་བྱེད་པའི། །གཞུང་ལྡན་རས་སུ་མ་བོར་མཐུན་པར་འགྲོགས། །ཁ་སངས་གཏམ་མང་རང་ཚོད་གཞན་ལ་འཆོར། །སྨྲ་བ་ཉུང་ན་གཏམ་དོན་མཐའ་མི་ཆོད། །ཧ་ཅང་ཕེར་དང་ཞུམ་པའི་མཐའ་སྤང་ནས། །མང་ཉུང་འཚམས་པས་དོན་འགག་རྡོ་རུས་གཏུགས། །རང་གིས་ཞིབ་བརླིང་དཔྱད་པ་མ་ཚུགས་པར། །བདེན་རྫུན་གང་ཡིན་གཞན་ཟེར་རྗེས་མི་འབྲང་། །དེང་དུས་གསང་གཏམ་ཐུབ་པའི་མི་རེ་དཀོན། །བསམ་ཚད་ངག་ནས་མ་འདོན་ཁོང་དུ་བསྐྱིལ། །སྙིང་གཏམ་དགྲ་གཉེན་བར་མ་ཀུན་ལ་གསང་། །འཕྲལ་སྣང་འཛུམ་གྱིས་བསུས་ལལ་མཐུན་གཏམ་སྨྲོས། །ཡ་རབས་རྒུད་ཀྱང་མ་བརྙས་མཐུན་པར་བཏུང་། །མ་རབ་བརྒྱགས་ཀྱང་མ་བཏུད་རང་སར་ཞོག །མི་འགྲུབ་ཁས་ལེན་མི་བྱེད་ཐབས་ཀྱིས་གཞོལ། །བླངས་ཟིན་བེར་ཟོམ་མ་འཇོག་དོ་ལྕག་ཐོན། །བྱུས་དང་གྲོས་དོན་འཆུག་ལ་སེམས་མ་འགྱོད། །ཕྱིན་ཆད་ལེགས་ཉེས་ཁེ་ཉེན་གཟབ་པར་གྱིས། །དེ་ལྟའི་བླང་དོར་འཇིག་རྟེན་མི་ཆོས་ལུགས། །ཚེ་འདིའི་བདེ་ལེགས་བསྒྲུབ་པའི་ཐབས་ཚུལ་ཏེ། །མི་ཡི་ཆོས་ལུགས་བཟང་པོར་ལེགས་བརྟེན་ནས། །ལྷ་ཡུལ་བགྲོད་ལ་ཐག་མི་རིང་ [21a] བར་གསུངས། །ད་ནི་འཁོར་བའི་གནས་ལས་ཡིད་ཕྱུང་སྟེ། །ཐར་ལམ་བཀྲི་བའི་བསླབ་བྱ་མདོ་ཙམ་བརྗོད། །ཆོག་ཤེས་མེད་ན་ཇི་ཙམ་འབྱོར་ཀྱང་དབུལ། །གང་ཡོད་དེས་ཆོག་འདོད་སྲེད་ཞེན་པ་ཆོད། །ལོངས་སྤྱོད་མི་བརྟན་གཡོ་བ་ཤེས་བཞིན་དུ། །རྣམ་དཀར་དགེ་བ་སྒྲུབ་པ་ཤིན་ཏུ་ཉུང་། །བསྒྲུབས་ཀྱང་རྣམ་གསུམ་མ་དག་མཆོད་སྦྱིན་ནི། །ཟས་བཟང་དུག་གིས་སྦག་ལྟར་ཆུང་ཟོས་འགྲོ། །བཟོད་དཀའ་དམྱལ་བའི་སེམས་ཅན་མ་གཏོགས་པ། །སྲོག་ལ་མི་ཕང་འཁོར་བའི་གནས་ན་མེད། །མཐོ་རིས་ཡོན་ཏན་བདུན་ནས་ཚེ་རིང་བའི། །རྒྱུ་མཐུན་གཞན་སྲོག་སྐྱོབ་ལ་འབད་འབུང་ཐོན། །དཀོན་མཆོག་གསུམ་དང་བླ་མར་ངད་འདུན་བསྐྱེད། །དགེ་བཅུ་ལ་འབད་ཐོས་ཆེ་ཤོས་རབ་གསལ། །རང་ལྟོས་ངོ་ཚ་གཞན་ལྟོས་ཁྲེལ་ཡོད་ཀྱི། །འཕགས་ནོར་བདུན་དང་ལྡན་ན་ནམ་ཡང་འཚེངས། །རང་ཉིད་ཞི་བདེ་ཉན་རང་ཐེག་དམན་ལུགས། །གཞན་ཕན་སེམས་བསྐྱེད་སྐྱེས་བུ་ཆེན་པོའི་ལམ། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་རྗེས་སློབ་སྟེ། །འཁོར་བ་དབྱིངས་སུ་སྒྲོལ་བའི་ཁུར་ལེན་འཚལ། །རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ན། །བྱང་ཆུབ་ [21b] སེམས་ལས་ཟབ་པའི་ཆོས་མེད་ཕྱིར། །ཀུན་རྫོབ་དོན་དམ་བྱང་སེམས་ཟུང་འཇུག་ལམ། །མདོ་སྔགས་དགོངས་པ་གཅིག་ཏུ་དྲིལ་ཏེ་བརྩོན། །ཆོས་ཀྱི་རྩ་བ་རང་གི་སེམས་རྒྱུད་འདུལ། །སེམས་འདི་ཐུལ་ན་ཉོན་མོངས་ངང་གིས་ཞི། །ཆོས་དྲེད་གཡོ་སྒྱུས་རང་མགོ་མི་བསྐོར་བར། །ཆོས་དང་རང་སེམས་གཏིང་ནས་འདྲེས་པ་གནད། །རྙེད་དཀའ་དལ་བའི་རྟེན་བཟང་ཐོབ་དུས་འདིར། །ལོང་མེད་གཏན་འདུན་བསྒྲུབ་ལ་མ་བརྩོན་ན། །མི་རྟག་འཆི་བ་ནམ་འོང་ཆ་མེད་པས། །སང་ཉིན་བྱུང་ཡང་འགྱོད་མེད་གདིང་ཞིག་དགོས། །རྩ་བའི་བླ་མར་བཅོས་མིན་མོས་གུས་བསྐྱེད། །རྡོ་རྗེའི་སྤྲུན་ལ་བརྩེ་གདུང་དག་སྣང་སྦྱོངས། །རྟག་ཏུ་དམ་ཚིག་སྡོམ་པ་སྲོག་བཞིན་དུ། །བསྲུང་བའི་སྐལ་པ་ཅན་ལ་དངོས་གྲུབ་མྱུར། །མ་རིག་དུག་ལྔ་ཐེ་ཚོམ་གཟུང་འཛིན་ཆོས། །སྡུག་བསྔལ་ཁམས་གསུམ་འཁོར་བའི་རྩ་བ་སྟེ། །གཉེན་པ་ཆིག་ཆོད་ཀུན་གྲོལ་རང་བྱུང་གི། །ཤེས་རབ་རིག་པའི་ཡེ་ཤེས་འདི་ཁོ་ན། །སྣང་གྲགས་དྲན་རྟོག་ལྷ་སྔགས་ཡེ་ཤེས་ཀྱི། །རོལ་པ་ཡེ་ཡིན་ངང་ནས་བསྐྱེད་རིམ་དང་། །གང་ཤར་ཤེས་ཆ་གསུམ་རིམ་རྗེས་གཞིག་ལམ། །རྫོགས་རིམ་བདེ་སྟོང་ཆེན་པོ་ལ་ [23a] བཟླ་འཚལ། །ཉམས་ལེན་མཐར་ཐུག་སྙིང་གི་ཏི་ལ་ཀ །འཁོར་འདས་རིག་པའི་རིལ་པར་ཐག་ཆོད་ལ། །མ་ཡེངས་མི་བསྒོམ་རང་བབས་ལྷུག་པའི་དང་། །ཟང་ཐལ་རྗེན་པའི་གཤིས་ལས་མི་འདའ་མཛོད། །ཅེས་པ་འདི་ཡང་དགེ་ལེགས་མཚན་ཅན་གྱིས། །རིང་ནས་བསྐུལ་བའི་བཞེད་སྐོང་ས་བོན་ཙམ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སྟེ། །མཐོང་ཐོས་ཀུན་ལ་ཕན་པའི་དཔལ་དུ་ཤོག། །། ༈ །རང་རིག་མ་བཅོས་སོ་མ་འདི། །ཡེ་ཡིན་དོན་གྱི་བླ་མ་སྟེ། །རང་དང་སྐད་ཅིག་འབྲལ་མ་མྱོང་། གདོད་མའི་གནས་ལུགས་མཇལ་འདི་མཚར། །བྱང་ཆུབ་དཔལ་མོའི་ངོར་ཛྙཱ་ནས་སོ།། །། ༈ །ཞལ་གདམས་གཅིག་ཆོག་གུ་རུར་གསོལ་བ་ཐོབ། །གུ་རུ་རང་སེམས་དབྱེར་མེད་ངང་དུ་ཞོག །རང་སེམས་མ་བཅོས་རང་བབ་ལྷོད་ཤིག་གེར། །རྣམ་རྟོག་དགག་བསྒྲུབས་སྤང་བླང་མ་བྱེད་པར། །འཛིན་མེད་ལྷུག་པ་གང་ཤར་རང་གྲོལ་དེ། །དོན་གྱི་གུ་རུ་ཡིན་ནོ་རང་ས་ཟུངས། གསར་མ་རྙེད་ཡེ་ནས་འབྲལ་མེད་ཡིན། འབྲལ་མེད་ཡིན་ཀྱང་རང་ངོ་མ་ཤེས་པས། །འཁྲུལ་བ་ཡིན་ནོ་ད་ནི་འཁྲུལ་ཚོད་མེད། །རྣམ་རྟོག་གང་ཤར་ [23b] ཁོ་རང་ངོ་ལ་ལྟོས། །བལྟས་པས་མི་མཐོང་བལྟ་མཁན་བོར་ནས་འགྲོ། །བོར་ས་སྟོང་ཉིད་ཁྱམ་བརྡལ་ཆོས་སྐུའི་གཤིས། །དེ་ལ་འགྲོ་ས་སྡོད་ས་ག་ལ་ཡོད། །དེ་ལྟར་ཧ་གོ་དོན་རྟོགས་ཉམས་ལེན་སྐྱོངས། །ཉམས་ལེན་འབྲས་བུ་རེ་མེད་དོགས་མེད་ཡིན། །འདི་ལ་གདིང་ཐོབ་རྒན་པོ་བླ་རེ་བདེ། །ཨ་ལ་ལ་ཧོ་བདུད་འཇོམས་རྒན་པོས་བྲིས།། །།
 ༈ །ཉམས་ལེན་སྙིང་པོ་བླ་མར་གསོལ་བ་ཐོབ། །གསོལ་བ་ཐོབ་ལ་ཐུགས་ཡིད་དབྱེར་མེད་སྲེས། །དབྱེར་མེད་བསྲེས་པའི་སེམས་ཉིད་རང་བབས་ཞོག ། རང་བབས་བཞག་པའི་ཤེས་པས་སོ་མ་འདི ། མ་བཅོས་མ་བསྒྱུར་གསལ་རིག་རྗེན་ནེ་བ། །དེ་གའི་ངང་ལ་རྣམ་རྟོག་ཤར་བྱུང་ན། །ཤར་མ་ཐག་ཏུ་ངོ་ཤེས་ཤེས་ཐོག་ཀློད། །ཤར་གྲོལ་དུས་མཉམ་ཆུ་ལ་རི་མོ་བཞིན། །མ་ཤར་ན་ནི་རྟོག་བྲལ་སྒོམ་མེད་དེ། །བསྒོམ་བྱ་སྒོམ་བྱེད་ལས་འདས་སྟོང་པ་ཉིད། །ཡེ་གནས་དོན་གྱི་ཡེ་ཤེས་དེ་ལ་ཟེར། །རེ་དོགས་སྤོངས་ལ་རིག་པའི་རང་སོ་ཟུངས། །རྣམ་རྟོག་འཁྲུལ་པ་ཡིན་པས་རྗེས་མ་གཅོད། །རེ་དོགས་བར་ཆད་ཡིན་པས་མདུན་མ་བསུ། །བྱར་མེད་བློ་འདས་ངང་དུ་ཉལ་ཐུབ་ན། །ཆོས་སྐུ་རང་གི་སྙིང་ནས་རྙེད་པར་ངེས། །ཞེས་ [23a] པའང་ཀ་དག་བློ་གྲོས་ཡེ་ཤེས་ལ། །བཛྲ་ཛྙཱ་ནས་ཤར་མར་བྲིས་པ་དགེ། །། ༈ །ཆོས་ཀྱི་སྒོ་འབྱེད་དད་པ་ཡིན། །ཆོས་ཀྱི་གཞུང་ཤིང་བརྩོན་འགྲུས་ཡིན། །ཆོས་ཀྱི་མཐའ་སྡུད་ཉམས་ལེན་ཡིན། །དེ་གསུམ་འཛོམ་ན་ཆོས་པའི་མཆོག ། བདུད་འཇོམས་རྒད་པོའི་ལྐུག་གཏམ་ཡིན།། །། ༈ ། ལྷ་རྗེ་ཤེས་རབ་འབྱོར་ལྡན་ལ། །ད་ལྟའི་ཤེས་པ་སོ་མ་འདི། །སྒོམ་འཛིན་གྱི་བློ་ཡིས་མ་བཅིངས་པར། །སྒོམ་མེད་ཟང་ཐལ་རྗེན་པ་རུ། །ལྷོད་ཀྱིས་ཀློད་ལ་རང་བབས་སུ། །འཇོག་པ་འདི་སྒོམ་གྱི་རྟོགས་དོན་ཡིན། །རྣམ་རྟོག་འཕྲོ་ནའང་འཕྲོ་རུ་ཆུག །འཕྲོ་བ་ཤར་གྲོལ་རྗེས་མེད་ཡིན། །མ་འཕྲོ་ན་ཨེ་འཕྲོ་གང་ཡང་མེད། སྟོང་གསལ་རིག་སྟོང་རྗེན་པ་ཡིན། །དགག་སྒྲུབ་མེད་པའི་རྣལ་འབྱོར་ལ། །རེ་དོགས་ཞིག་པའི་དངོས་གྲུབ་ཡོད། །དེ་བས་ལྷག་པ་གང་ཡང་མེད། །བདུད་འཇོམས་སྨྱོན་པས་ལབ་སོ་གྱིས། །ཁྱོད་ཀྱི་ཐུགས་ལ་དེ་ལྟར་ཞོག །ཞེས་པའང་ཛྙཱ་ནས་སོ།། །། ༈ །དད་པ་ཅན་གྱི་སློབ་མ་ལ། །རྣམ་རྟོག་ཅིར་ཡང་འཆར་སྲིད་ [23b] མོད། །ལོག་པའི་རྣམ་རྟོག་འཆར་བ་ན། །དེ་མ་ཐག་ཏུ་ངོ་ཤེས་ཏེ། །སྙིང་ནས་བཤགས་ན་དག་ཚངས་འགྱུར། །དུས་ཀུན་བླ་མ་ཆོས་གྲོགས་ལ། །དག་སྣང་སྦྱོང་བ་གནད་དུ་ཟབ། །བདུད་འཇོམས་པས་དགེ། །། ༈ །རྫོགས་ཆེན་ངོ་སྤྲོད་སྐལ་ལྡན་སྙིང་ནོར་ཡིན། །བླ་མ་ལ་ཕྱག་འཚལ་ལོ། །དེའང་ཨོ་རྒྱན་ཆེན་པོའི་ཞལ་ནས། །ཆོས་ཀྱི་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་གཅིག་ཤེས་ཀུན་གྲོལ་འགྱུར། །སེམས་ཀྱི་རྩ་བ་མ་ཆོད་ཀུན་ཤེད་གཅིག་སྡུག་འགྱུར། །ཞེས་གསུངས་པས། །སེམས་དོན་ཉམས་ལེན་དངོས་ལ་འཇུག་པའི་ཚེ། ལུས་དྲང་པོར་བསྲང་། རླུང་རང་བབས་སུ་ཀློད། །མིག་གདངས་ཟུམ་མཉམ་པར་མདུན་གྱི་བར་སྣང་ལ་ཅེ་རེ་བལྟ། སེམས་ཀྱིས་ད་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་བལྟ་སྙམ་དུ། །རྩ་བའི་བླ་མ་ཨོ་རྒྱན་པདྨ་དབྱེར་མེད་ལ་གསོལ་བ་དྲག་ཏུ་བཏབ་མཐར་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །དེ་ལྟར་བཞག་དུས་རིག་པ་སྟོང་གསལ་དེའི་ངང་དུ་ཡུན་རིང་མི་ [24a] གནས་པར་སེམས་ཚབ་ཚུབས། ཟ་ཟིང་། བྲང་བྲིང་། སྤྲེའུ་འདྲ་བ་ཞིག་ལངས་ནས་འོང་། །དེ་སེམས་ངོ་མ་རེད། རྣམ་རྟོག་ཟེར་བ་དེ་རད། །ཁོའི་རྗེས་སུ་ཤོར་ན། རྣམ་རྟོག་འདིས་མི་དྲན་བསམ་པ་དང་། མི་དགོས་བསམ་པ་དང་། མི་བྱེད་བསམ་པ་སྣེ་གཅིག་མེད། སྔར་ཡང་འཁོར་བའི་རྒྱ་མཚོའི་ནང་དུ་ནག་ཐིམ་གྱིས་ཁོས་འཕང་བ་ཡིན། ཕྱིན་ཆད་ཀྱང་འཕེན་ཐག་ཆོད་ཟེར། ད་ནི་ནམ་རྟོག་འཁྲུལ་པ་ནག་འབྱམས་འདི་དང་མཚམས་བཅད་ན་དགའ། མཚམས་ཆོད་དུས་རིག་པ་ཁོ་ཅི་འདྲ་ཞིག་འདུག་ཟེར་ན། སྟོང་སང་ངེ་། ཧ་ཆད་དེ། ཡང་ཁྲོལ་ལེ། བདེ་ལྷང་ངེ་། དངོས་པོ་མཚན་མ་ཅན་དུ་གྲུབ་མ་མྱོང་བ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་ཁྱབ་པ་མེད་པ། ཡེ་ནས་རང་དང་ལྷན་སྐྱེས་འབྲལ་མ་མྱོང་བ། བྱ་རྩོལ་བློ་ཡུལ་ལས་འདས་པ་ཞིག་འདུག་གོ ། ད་འོ་ན་རིག་པ་རང་ངོ་ཤེས་དུས་ཅི་འདྲ་ཞིག་འདུག་ཟེར་ན། རང་རིག་ངོ་ཤེས་ཀྱང་བརྗོད་མི་ཤེས་པ་ལྐུག་པའི་རྨི་ལམ་ལྟ་བུ། སྐྱོང་མཁན་རང་དང་བསྐྱང་རྒྱུའི་རིག་པ་གཉིས་སོ་སོར་འབྱེད་མི་ཤེས་པ་ཞིག་འདུག །དེ་ལྟ་བུའི་རིག་པ་ཀློང་ [24b] ཡངས་ཆེན་པོའི་ཐོག་ཏུ་རང་བབས་སུ་རྗེན་ནེར་བཞག་ཙ་ན། སྔར་སྐད་ཅིག་ཙམ་སྡོད་མི་ཐུབ་པའི་མི་དྲན་དགུ་དྲན་མི་བྱེད་དགུ་བྱེད་རྣམ་རྟོག་ཕུང་རྒན་ཁོ་ལ་ཅི་བྱེད་འདི་བྱེད་མེད་པར་རིག་པ་སྤྲིན་བྲལ་ནམ་མཁའ་ལྟ་བུའི་ཀློང་དུ་རྣམ་རྟོག་གི་འགྱུ་བ་ཡལ་ཤོར། འཐོར་ཤོར། ཞིག་ཤོར་ནས། རྣམ་རྟོག་ཁོའི་དབང་ཤེད་ཐམས་ཅད་རིག་པ་ལ་ཤོར། རིག་པ་རང་གནས་ཆོས་སྐུའི་ཡེ་ཤེས་རྗེན་ལྷང་ངེར་གདའོ། །ཡ་འོ་ན་དེ་ལྟ་བུའི་རིག་པ་དེ་སུས་ངོ་སྤྲོད། ཐག་གང་ལ་གཅོད། གདིང་ཇི་ལྟར་འཆའ་ཟེར་ན། རིག་པ་དང་པོ་བླ་མས་ངོ་སྤྲད་པས་རང་ངོ་རང་གིས་ཤེས་ནས་ངོ་རང་ཐོག་ཏུ་འཕྲོད། འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་ཡང་རིག་པ་རང་གི་རྩལ་ལས་མ་འདས་པ་ཤེས་པས་ཐག་རིག་པ་གཅིག་ཐོག་ཏུ་ཆོད། །རྣམ་རྟོག་གང་ཤར་ཐམས་ཅད་རྒྱ་མཚོའི་རྦ་རླབས་རྒྱ་མཚོར་ཐིམ་པ་ལྟར་རིག་པ་རང་གི་ཐོག་ཏུ་ཡལ་འགྲོ་བས་ན་གདིང་གྲོལ་ཐོག་ཏུ་བཅས་པས། བསྒོམ་བྱ་སྒོམ་བྱེད་ལས་འདས་པ་སྒོམ་འཛིན་གྱི་བློ་དང་བྲལ་བ་ཞིག་གདའོ། །འོ་དེ་འདྲ་ཡིན་ན་མ་བསྒོམ་ཀྱང་ཆོག་འདུག་མོད་ཟེར་ན། ཨོ་དེ་འདྲ་ག་ལ་ཡིན། རིག་པ་ངོ་ཤེས་པ་ཙམ་ [25a] གྱིས་གྲོལ་བའི་ས་ལ་སླེབས་པ་མིན། ངེད་རང་ཚོ་ཚེ་རབས་ཐོག་མེད་ནས་འཁྲུལ་པའི་བག་ཆགས་ཀྱི་སྦུབས་སུ་འཐུམ། །སྔ་ནས་ད་བར་རྣམ་རྟོག་ཁོའི་སྐྱག་གཡོག་ཏུ་མི་ཚེ་འཁྱོལ། འཆི་དུས་གར་འགྲོ་འདིར་འགྲོ་མེད་པར་ལས་ཀྱི་རྗེས་སུ་འབྲང་ནས་སྡུག་བསྔལ་མྱོང་དགོས་པ་རེད། དེས་ན་ད་ལྟ་རིག་པ་ངོ་འཕྲོད་པ་དེའི་རྒྱུན་བསྐྱངས་ནས་བསྒོམ་དགོས་པ་ཡིན། ཀུན་མཁྱེན་ཀློང་ཆེན་པས། རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བཏང་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས། སྤྱིར་སྒོམ་ཞེས་པ་འདི་རང་བབ་གཉུག་མའི་དྲན་པས་རྒྱུན་བསྐྱངས་ཏེ་རིག་པ་ཡེངས་མེད་འཛིན་མེད་དུ་བཞག་ནས་གཉུག་མའི་གཤིས་སུ་གོམས་འདྲིས་གཏོང་བ་འདི་ལ་ཟེར། གོམས་འདྲིས་གཏོང་ཚུལ་ཡང་། སྒོམ་པའི་ཚེ་རྣམ་རྟོག་ཤར་ནའང་ཤར་དུ་ཆུག །དགྲ་རུ་བལྟ་མི་དགོས། ཤར་ཐོག་རང་དུ་ཀློད། མ་ཤར་ན་ཨེ་འཆར་མེད། མ་ཤར་བའི་ཐོག་ཏུ་ཞོག །ལར་སྒོམ་གྱི་ཚེ་རྣམ་རྟོག་རགས་པ་ཞིག་ཐོལ་གྱིས་ཤར་བྱུང་ན་དེ་ངོས་ཟིན་སླ་མོད། རྣམ་རྟོག་ཕྲ་མོ་འགའ་ཙམ་ཤར་ཟིན་རྗེས་བར་དུ་ཧ་མ་གོ་བ་ཞིག་ [25b] ཡོང་བ་དེ་ལ་རྣམ་རྟོག་འོག་འགྱུ་ཟེར། འདིས་སྒོམ་གྱི་འཇབ་རྐུན་བྱེད་འོང་བས་དྲན་པས་རྒྱང་སོ་འཛུག་པ་གལ་ཆེ། དྲན་པའི་རྒྱུན་འདི་ཟ་ཉལ་འགྲོ་འདུག་མཉམ་རྗེས་གང་གི་སྐབས་སུའང་ཡོད་པ་ཞིག་བྱུང་ན་དེ་ག་རང་ཡིན། སློབ་དཔོན་ཆེན་པོས། །བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་ངོ་སྐྱོངས། །ཞེས་གསུངས། ཡང་མ་བསྒོམ་ན་གདིང་མི་ཐོབ། བསྒོམ་ན་གདིང་ཐོབ་འོང་། ཞེས་པའི་གདིང་དེ་ཇི་འདྲ་ཞིག་འཐོབ་རྒྱུ་ཡོད་ཟེར་ན། དེ་ལྟར་བརྩོན་འགྲུས་དྲག་པོས་བསྒོམ་པས་གོམས་པ་མངོན་དུ་གྱུར་པའི་རང་རྟགས་སུ། གཉིས་སྣང་ཨ་འཐས་ཀྱི་ཞེན་འཛིན་དམ་བྲིང་ངེ་བ་འདི་རིམ་པར་ཇེ་ལྷོད་དང་། དགའ་སྡུག་རེ་དོགས་ཀྱི་རྩོལ་སྒྲུབ་མང་པོ་འདི་ཇེ་ཉུང་དུ་འགྲོ། བླ་མ་ལ་མོས་གུས་ཇེ་ཆེ་དང་། གདམས་ངག་ལ་སྙིང་ནས་ཡིད་ཆེས་སྐྱེ། ཇི་ཞིག་ནས་གཉིས་འཛིན་ཨ་འཐས་ཀྱི་བློ་འདི་རང་ཡལ་ལ་སོང་ནས། གསེར་དང་ས་རྡོ་མཉམ། ཟན་དང་སྐྱག་པ་མཉམ། ལྷ་དང་འདྲེ་མཉམ། དགེ་བ་དང་སྡིག་པ་མཉམ། ཞིང་ཁམས་དང་དམྱལ་བ་ལ་འདམ་ཁ་བྱེད་མི་ཤེས་པ་ཞིག་ཡོང་གི་ཡོད་པ་རེད། དེ་འདྲ་མ་བྱུང་གི་བར་ [26a] དུ་གཉིས་སྣང་གི་འཛིན་པ་ཁོའི་ངོ་ལ་དགེ་བའང་ཡོད། སྡིག་པའང་ཡོད། ཞིང་ཁམས་ཡང་ཡོད། དམྱལ་བའམ་ཡོད། བདེ་སྡུག་ལས་འབྲས་ཐམས་ཅད་བསླུ་བ་མེད་པར་ཡོད་པས་ན། སློབ་དཔོན་ཆེན་པོས། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས། དེས་ན་ངེད་རྫོགས་ཆེན་པ་ཡིན། སྒོམ་ཆེན་ཡིན་ཅེས་ཁ་སྐྱུར་དྲི་ཕ་ལེ། རྐུབ་སྟུག་དྲི་ཚུབས་སེ་ཉལ་བསྡད་པས་ཡོང་བ་མིན། དད་མོས་དམ་ཚིག་རྣམ་པར་དག་པས་གཞི་བཟུང་། །ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་གཞུང་བསྲང་། དོན་མེད་ཚེ་འདིའི་བྱ་བ་ཐམས་ཅད་ཀྱིས་བཞག་ནས་བསྒོམ་ནུས་ན། ཟབ་ལམ་རྫོགས་པ་ཆེན་པོའི་ཁྱད་ཆོས་སྐྱེ་བ་ཕྱི་མ་ལ་ལྟོས་མ་དགོས་པར་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་ངེས་པ་ཡིན་ནོ། །བདག་གི་བླ་མའི་ཞལ་ནས། རྒན་བུ་བདག་བླ་མ་མ་གཏོགས་བསམ་རྒྱུ་མེད་པ། གསོལ་འདེབས་མ་གཏོགས་འདོན་རྒྱུ་མེད་པ། བྱར་མེད་མ་གཏོགས་སྐྱོང་རྒྱུ་མེད་པའི་ངང་དུ་སྡོད་ཁུལ་ཡིན། ད་ལྟ་གཏད་མེད་རྒྱ་ཡན་གུ་ཡང་བློ་བདེའི་ངང་དུ་ཡོད་ཅེས་གསུངས་སོ། ། [26b] ཞེས་སྐལ་ལྡན་སྙིང་ནོར་གདམས་ངག་དམར་རྗེན་ལག་བཅངས་སུ་ཛྙཱ་ནས་སྨྲས་སོ། །བས༵མ་དོན་གཏ༵ན་འདུན་བསྒྲུབ་པ་ལ༵། །རྫོགས་ཆེན་གད༵མས་ཟབ་གཅིག་པུས་ཆོག །གོ་བདེའི་ང༵ག་ཁྲིགས་བརྗེད་ཐོ་འདི༵། །བདུད་འཇོམས་སྨྱོན་པས་བྲིས་ཏེ་སྤྲ༵ད། །དགེའོ།། །། ༈ དུས་གསུམ་རྟོག་པས་མ་བསླད་པའི། །རིག་པ་དྲི་མེད་རྗེན་པ་འདི། །ཀུན་ཏུ་བཟང་པོའི་ངོ་བོ་སྟེ། །རང་བབ་ལྷུག་པར་བསྐྱངས་མཛོད་དང་། །ཚོགས་དྲུག་རང་གྲོལ་ཡེ་ཤེས་ཆེ། །མི་གནས་ཆོས་སྐུའི་རྒྱལ་ས་ཟིན། །ཅེས་པའང་དད་ལྡན་ཟླ་བ་ལ། །ཡེ་ཤེས་རྡོ་རྗེས་ཐད་ཀར་སྨྲས། །དགེའོ།། །།