ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་པ་ཡི༔ ཚོགས་མཆོད་འདོད་འཇོའི་བུམ་བཟང་༔

From Dudjom Wiki
Revision as of 09:21, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-046
Wylie title zab gsang mkha' 'gro'i snying thig las: che mchog bdud 'joms rdo rje'i sgrub pa yi: tshogs mchod 'dod 'jo'i bum bzang: TTDL-ZABTER-01-KA-046.pdf
Location bdud 'joms gling pa zab gter
Volume 1, Text 46, Pages 421-434 (Folios 1a1 to 7b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog bdud 'joms rdo rje'i sgrub pa yi tshogs mchod 'dod 'jo'i bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 421-434. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs mchod   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་ཨོ་རྒྱན་རྡོ་རྗེ་འཆང་གི་ཡང་གསང་སྲོག་སྒྲུབ་ཟབ་མོ་འདི་ཡང་། ཁྲག་འཐུང་རཀྴ་ཐོད་ཕྲེང་གི་དངོས་སྤྲུལ་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས། ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱས་བཏབ་ནས། མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes o rgyan rdo rje 'chang gi yang gsang srog sgrub zab mo 'di yang /_khrag 'thung rak+sha thod phreng gi dngos sprul rig 'dzin bdud 'joms rdo rje gro lod rtsal gyis/ sa mo lug gi lo hor zla bcu gcig pa'i tshes bcu'i nyin gser smad rnga la stag rtse'i g.yas logs rdo rje brag nas bton te mi lo bco lnga'i bar du bka' rgyas btab nas/_mthar smar mdo bkra shis dga' 'khyil du dag par phab pa'i yi ge pa ni rang slob phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་སྒྲུབ་པ་ཡི༔ ཚོགས་མཆོད་འདོད་འཇོའི་བུམ་བཟང་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ༔ རྡོ་རྗེ་ཐོད་ཕྲེང་རྗེས་འཇུག་རྣམས༔ གསང་སྔགས་ཟབ་མོའི་སྒོར་ཞུགས་ཚེ༔ དམ་ཚིག་ཉམས་ཆག་གསོ་བ་དང་༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བའི་ཐབས༔ ཚོགས་ཀྱི་འཁོར་ལོ་ལ་བརྩོན་འབད༔ དེ་ཡི་ལག་ལེན་རིམ་པ་ལ༔ སྒྲུབ་པའི་གཞུང་བསྲང་སྔགས་རྫོགས་མཐར༔ སྣོད་གཙང་ཆག་གས་མེད་པའི་ནང་༔ འབྲུ་སྣ་ཟས་སྣ་སྤོད་ཀྱི་རིགས༔ ལོངས་སྤྱོད་འབྱོར་ཚོགས་ཐམས་ཅད་བསགས༔ རི་རབ་རོལ་མཚོའི་ཚུལ་དུ་སྤུངས༔ ཡེ་ཤེས་བདུད་རྩིར་བྱིན་བརླབ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྃ་འཕྲོས་མ་དག་ཉེས་སྐྱོན་བསྲེགས༔ ཡྃ་འཕྲོས་འབག་བརྩོག་ཐམས་ཅད་གཏོར༔ ཁྃ་འཕྲོས་བག་ཆགས་ཐམས་ཅད་བཀྲུས༔ རྃ་ཡྃ་ཁྃ༔ སྦྱངས་ནས་འབྲུ་གསུམ་ནུས་པས་བརླབ༔ ཨོཾ་གྱིས་སྐུ་ཡི་བདུད་རྩི་དཀར༔ ཨཱཿཡིས་དམར་གསལ་གསུང་གསང་བཅུད༔ ཧཱུྃ་གིས་མཐིང་ནག་ཐུགས་བཅུད་ལྡན༔ འཁོར་འདས་ཡོངས་ཁྱབ་འདོད་ཡོན་སྤྲིན༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་སྤྱན་འདྲེན་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ བརྒྱུད་གསུམ་བླ་མ་ཡོངས་འདུས་དཔལ༔ པདྨ་འབྱུང་གནས་སྟོན་འཁོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་མཆོག་བཛྲ་ཁྲོ་བོ་ལོད༔ མཁའ་འགྲོ་གིང་དང་རྒྱལ་ཆེན་བཞི༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལེགས་ལྡན་དབང་ཕྱུག་ཨེ་ཀ་ཛ༔ སྲིད་པའི་རྒྱལ་མོ་ཆེན་མོ་དང་༔ གནས་ཡུལ་དུར་ཁྲོད་ཧེ་རུའི་ཞིང་༔ དབང་མཛད་དཔའ་བོ་རྣལ་འབྱོར་མ༔ ཆོས་སྐྱོང་ཞིང་སྐྱོང་གིང་ཕོ་མོ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿསྤྱན་དྲངས་ནས་བདུད་རྩིའི་ཆང་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ རིག་འཛིན་རྒྱལ་པོ་པདྨ་འབྱུང་༔ ཡང་ཁྲོས་བཛྲ་ཁྲོ་བོ་ལོད༔ རྩ་གསུམ་སྲུང་མར་བཅས་པ་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་སརྦ་ས་པ་རི་ཝཱ་ར་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ མཆོད་ཅིང་བཤགས་པ་བྱ་བ་ནི༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཚིག་དང་༔ འགལ་འཁྲུལ་ཉམས་ཆག་ལས་བསགས་ཀུན༔ ཚོགས་ཀྱི་བསྐང་ཞིང་བཤགས་བགྱིའོ༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས་ཚང་བར་བརྗོད༔ བཤགས་ནས་ཞིང་བཅུ་བསྒྲལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ ཆེ་མཆོག་བཛྲ་གྲོ་བོ་ལོད༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག༔ ཧཱུྃ༔ རྡོ་རྗེ་ཕུར་པ་མཚོན་གྱི་མཆོག༔ དགྲ་བགེགས་ཉོན་འཁྲུལ་ཕུང་པོར་གདབ༔ ཁམས་གསུམ་ལས་ཀྱི་བག་ཆགས་བསྒྲལ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ༔ ཨོཾ་གུ་རུ་བཛྲ་རཀྴ་ཀྲོ་དྷ་སརྦ་ས་མ་ཡ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་སོད་སོད་བྷྱོ་ནན༔ དྲག་སྔགས་བརྗོད༔ བསྒྲལ་ནས་ཞལ་དུ་བསྟབ་པ་ལ༔ ཧཱུྃ༔ ཆེ་མཆོག་བཛྲ་ཁྲོ་བོ་ལོད༔ འཁོར་དང་བཅས་པ་ཞལ་ཕྱེས་ཤིག༔ དགྲ་བགེགས་མ་ལུས་ཞལ་དུ་བསྟབ༔ ལྷག་མ་མེད་པར་བཞེས་སུ་གསོལ༔ ཨོཾ་གུ་རུ་བཛྲ་རཀྴ་ཀྲོ་དྷ་སརྦ་ས་མ་ཡ་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧིཿབསྟབ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་ཛཿསྔོན་ཚེ་རྒྱལ་བ་སྲས་བཅས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ ལྷག་སྐྱོང་གནས་ཉུལ་ཕོ་མོའི་ཚོགས༔ ལྷག་ལ་དབང་བ་ཐམས་ཅད་ཀུན༔ འདིར་གཤེགས་ལྷག་མའི་ལོངས་སྤྱོད་བཞེས༔ བཀའ་དང་ཐ་ཚིག་དཔང་དུ་མཆིས༔ ཕྲིན་ལས་རྣམ་བཞི་རྟག་ཏུ་སྒྲུབས༔ མ་གཡེལ་བཛྲ་ས་མ་ཡ༔ སརྦ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ འབུལ་ཞིང་དཔང་དུ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རབ་འཇིགས་མི་སྲུན་སྲིན་པོའི་གྲོང་ཁྱེར་དབུས༔ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་རྩེར༔ ལྷུན་གྲུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་པདྨ་བདུད་འདུལ་སྐུ་བཞེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ གྲུ་གསུམ་ཐོད་མཁར་རྡོ་རྗེས་བསྡམས་པའི་ནང་༔ མ་རུངས་གདུག་པ་བསྣོལ་བའི་རོ་གདན་ནས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་སྐུ་བཞེངས་ཤིག༔ ཆད་དོན་ཁྲིམས་ཀྱི་དཔང་པོར་ད་དགོངས་འཚལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདེ་ཆེན་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་དུ༔ རྔམས་བརྗིད་ཟ་བྱེད་སྟག་མོ་གྲུས་མའི་སྟེང་༔ ཡེ་ཤེས་མེ་རི་འབར་བའི་ཀློང་དཀྱིལ་ནས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་སྐུ་བཞེངས་ཤིག༔ ཆད་དོན་ཁྲིམས་ཀྱི་དཔང་པོར་ད་དགོངས་འཚལ༔ དྲག་པོ་མངོན་སྤྱོད་ལས་ལ་ད་དགོངས་འཚལ༔ ནད་མུག་མཚོན་འཁྲུགས་བདུད་སྤྲུལ་གཡུལ་འགྱེད་མཁན༔ དགྲ་ཇག་ཆོམ་རྐུན་བཀའ་ལོག་ཞིང་བཅུའི་དགྲ༔ དམ་སྲི་སྒབ་འདྲེ་རྒྱལ་བསེན་ནག་ཕྱོགས་བདུད༔ མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ བརྒྱུད་འཛིན་མོས་གུས་གདུང་བས་འབོད་བསྐུལ་ལོ༔ འགྲོ་བའི་མགོན་པོ་ཐུགས་དམ་དབྱིངས་ལས་བཞེངས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྤྲུལ་པ་ཡང་སྤྲུལ་བསམ་ཡས་འགྱེད་དུ་གསོལ༔ མ་རུངས་བདུད་སྤྲུལ་རྒྱལ་བློན་དམ་ལ་ཐོགས༔ ནག་ཕྱོགས་གཞི་བདག་ལྷ་འདྲེ་དམ་ལ་ཐོགས༔ མི་སྲུན་དམ་མེད་སྡེ་བརྒྱད་དམ་ལ་ཐོགས༔ སྲོག་ལེན་གདུག་འདྲེ་རྒྱལ་འགོང་དམ་ལ་ཐོགས༔ དྲེགས་ཅན་དུས་མཐའི་འགོང་པོ་དམ་ལ་ཐོགས༔ བསླུ་བྱེད་དམ་སྲི་ཆུང་སྲི་དམ་ལ་ཐོགས༔ ཕུང་བྱེད་འདྲེ་སྲིན་གོད་སྲི་དམ་ལ་ཐོགས༔ བཟློག་མེད་རྡོ་རྗེའི་ཚིག་གིས་བཀའ་བསྒོས་ཤིག༔ འདའ་མེད་བཀའ་རྟགས་གཉན་པོས་རྒྱས་ཐོབ་ཅིག༔ འཕྱུག་མེད་བྱང་ཆུབ་སེམས་ཀྱི་དགོངས་པས་རློབས༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ བཅོལ་བའི་ཕྲིན་ལས་མ་གཡེལ་ས་མ་ཡ༔ བསྐུལ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རི་བོ་གནམ་ལྕགས་འབར་བའི་རྩེ་མོ་རུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ བདུད་པོ་མ་ཏྲཾ་རཱུ་ཏྲ་བསྒྲལ་བའི་ཚེ༔ ཁས་བླངས་དམ་བཅས་བཀའ་ཡི་སྲུང་མ་རྣམས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བརྒྱུད་འཛིན་ཐར་པ་ཆེན་པོའི་ལམ་དུ་གཟུད༔ བསྟན་འགྲོ་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ༔ རྗེ་བཙུན་ཆེན་པོ་པདྨ་རྒྱལ་པོ་ཡིས༔ སྤྲུལ་པ་ཡང་སྤྲུལ་གང་འདུལ་ཐབས་མང་གིས༔ གནས་མཆོག་ཉེར་བཞི་ཡུལ་ནི་སོ་གཉིས་དང་༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་སོགས༔ འཛམ་བུའི་གླིང་གི་ལྷ་འདྲེ་སྡེ་བརྒྱད་རྣམས༔ དམ་བཏགས་བཀའ་བསྒོས་གཉེར་གཏད་ལས་བཅོལ་བའི༔ སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བརྒྱུད་འཛིན་ཐར་པ་ཆེན་པོའི་ལམ་ལ་གཟུད༔ བསྟན་འགྲོའི་བདེ་ལེགས་ཡོན་ཏན་གོང་འཕེལ་ནས༔ ནད་མུག་མཚོན་འཁྲུགས་ཚར་གཅོད་ཕྲིན་ལས་མཛོད༔ བཀའ་དང་དམ་ཚིག་གཉན་པོས་ལས་བཅོལ་ལོ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ༔ དེ་འོག་བསྐལ་པ་སྙིགས་མ་རྩོད་ལྡན་དུས༔ འཁོར་འདས་འུབ་ཆུབ་རོལ་པའི་ཀློང་ཆེན་དུ༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ཆེན་པོ་ལ༔ ངོ་བོ་ཀ་དག་ཀུན་བཟང་ཐོད་ཕྲེང་གིས༔ མཁའ་འགྲོའི་སྙིང་ཐིག་གཉན་པོ་གཏད་རྒྱ་བྱས༔ ཟབ་གསང་སྙིང་པོའི་བཅུད་ལ་རོལ་པའི་ཚེ༔ ཁས་བླངས་དམ་བཅས་བྲན་བཀོལ་དམ་ཅན་ཚོགས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བརྒྱུད་འཛིན་ཐར་པ་ཆེན་པོའི་ལམ་ལ་གཟུད༔ བསྟན་འགྲོ་བདེར་འཁོད་དགེ་ལེགས་གོང་འཕེལ་ནས༔ ནད་མུག་མཚོན་འཁྲུགས་ཚར་གཅོད་ཕྲིན་ལས་མཛོད༔ ཞིང་བཅུའི་དགྲ་སྡེ་ཐལ་བའི་རྡུལ་དུ་རློག༔ བཀའ་དང་དམ་ཚིག་གཉན་པོའི་ལས་བཅོལ་ལོ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ༔ ང་ནི་རིག་འཛིན་དེ་ཡི་རྗེས་འཇུག་ཡིན༔ ཁྱོད་ཅག་ལྷ་འདྲེ་དེ་ཡི་རིགས་ཡིན་པས༔ བཀའ་སྲུང་དམ་ཅན་སྡེ་བརྒྱད་ལྷ་འདྲེའི་ཚོགས༔ མ་ལུས་འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བརྒྱུད་འཛིན་ཐར་པ་ཆེན་པོའི་ལམ་ལ་གཟུད༔ བསྟན་འགྲོ་བདེར་འཁོད་དགེ་ལེགས་གོང་འཕེལ་ནས༔ ནད་མུག་མཚོན་འཁྲུགས་ཚར་གཅོད་ཕྲིན་ལས་མཛོད༔ ཞིང་བཅུའི་དགྲ་སྡེ་ཐལ་བའི་རྡུལ་དུ་རློག༔ བཀའ་དང་དམ་ཚིག་གཉན་པོའི་ལས་བཅོལ་ལོ༔ མ་གཡེལ་མ་འདའ་བཛྲ་ས་མ་ཡ༔ སླར་ཡང་བརྟན་མ་བསྐྱང་བ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ༔ སྔོན་ཚེ་བདུད་འཇོམས་རྡོ་རྗེ་ཐོད་ཕྲེང་གིས༔ དམ་བཏགས་བཀའ་བསྒོས་གཉེར་གཏད་དབང་བསྐུར་ཞིང་༔ ལུང་བསྟན་མཚན་གསོལ་མ་མོ་བརྟན་མའི་ཚོགས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ བཀའ་དང་དམ་ཚིག་ཆད་དོན་ཚུལ་བཞིན་དུ༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ ཟབ་གསང་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ བརྒྱུད་འཛིན་ཐར་པ་ཆེན་པོའི་ལམ་དུ་ཚུད༔ ནད་མུག་མཚོན་འཁྲུགས་སྒོ་བཞིའི་བདུད་སྡེ་དཔུང་༔ སངས་རྒྱས་བསྟན་དགྲ་རྣལ་འབྱོར་སྒོས་དགྲ་སོགས༔ ལོག་འདྲེན་གདུག་ཅན་ཐམས་ཅད་རྡུལ་དུ་རློག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ མ་མ་ཧྲཱིཾ་ཛཿབྷྱོ་བཛྲ་ས་མ་ཡ་ཨེ་དམ་བ་ལིཾ་ཏ་ཁཱ་ཧི༔ སླར་ཡང་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿདྲག་པོ་ཆེན་པོའི་དྲག་ཤུལ་གྱིས༔ བདུད་དང་དམ་སྲི་རྒབ་འདྲེ་རྣམས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ ཀླུ་བདུད་ནག་པོའི་ལག་ཏུ་གཏད༔ ཆུ་སྲིན་གདུག་པའི་གྲེ་བར་བརྫང་༔ འཆི་བདག་གཤིན་རྗེའི་ཁ་རུ་བསྟབ༔ ལས་བདུད་ནག་པོའི་ལྟོ་བར་བྲུབ༔ གནམ་ལྕགས་ཕུར་པས་ཡན་ལག་གཟིར༔ དབང་ཆེན་གསེར་གྱི་གཞི་རུ་བརྒྱང་༔ འབྱུང་བ་ཆེན་པོ་ལྔ་ཡིས་མནན༔ ཡེ་ཤེས་ལྔ་ཡི་བྲོ་རྒྱས་གདབ༔ ཐེག་པ་རིམ་དགུའི་དམ་རྒྱས་འདེབས༔ ནམ་ཡང་འཕར་དང་ལྡང་མེད་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལཾ་ལཾ་སྟྭཾ་བྷ་ཡ་ནན༔ བརྡུང་ནས་རྗེས་ཀྱི་རིམ་པ་ལ༔ དང་པོ་མཆོད་བསྟོད་དངོས་གྲུབ་ལེན༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་གིས༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ རྩ་གསུམ་དམ་ཅན་རྒྱ་མཚོ་ལ༔ རྒྱུད་ལུང་མན་ངག་དང་འགལ་བའི༔ ཉེས་བྱས་ཉམས་ཆག་རྟོག་སྒྲིབ་ཀུན༔ ཚེ་རབ་སྡིག་དང་བཟླུམས་ཏེ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བརྒྱ་དབྱངས་གསལ་ཅི་འགྲུབ་བཟླ༔ སླར་ཡང་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ཆེ་མཆོག་རྡོ་རྗེ་བདུད་འཇོམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ བཀྲ་ཤིས་དགེ་ལེགས་ཇི་སྙེད་པས༔ བདག་ཅག་དགེ་ལེགས་མཛད་དུ་གསོལ༔ སངས་རྒྱས་བསྟན་པ་དར་བ་དང་༔ དམ་ཆོས་མི་ནུབ་རྒྱས་པ་དང་༔ བསྟན་འཛིན་འདོད་དོན་འགྲུབ་པ་དང་༔ སྦྱིན་བདག་མངའ་ཐང་དཔལ་རྒྱས་ཏེ༔ རྒྱལ་ཁམས་བདེ་ལེགས་ཆོས་བཞིན་སྤྱོད༔ ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ དེ་ནས་དགེ་བསྔོ་བྱ་བ་ནི༔ ཧཱུྃ༔ འདི་དང་དུས་གསུམ་དགེ་བའི་ཚོགས༔ མ་ལུས་བསྡུས་ཤིང་བཟླུམ་ནས་ནི༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ༔ བསྔོས་ནས་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་ཀྱིས༔ བདག་ཅག་རྣལ་འབྱོར་མཆེད་ལྕམ་དྲལ༔ ཡང་གསང་སྒྲུབ་པའི་དཀྱིལ་འཁོར་འདིར༔ གྲོལ་ནས་འཁོར་བ་དོང་སྤྲུགས་ཤོག༔ གདབ་ཅིང་མཐའ་སྡུད་བྱ་བ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གདོད་ནས་མ་བཅོས་ལྷུན་གྲུབ་ལྷ༔ སྤྲོས་བྲལ་རྣམ་ཐར་གསུམ་དང་ལྡན༔ སྐུ་ལྔ་ཡེ་ཤེས་ཡོན་ཏན་རྫོགས༔ མ་བཅོས་དེ་བཞིན་ཉིད་ཀྱི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ རྗེས་སུ་སྤྱོད་པའི་རིམ་པའོ༔ ས་མ་ཡ༔ འདི་ཉིད་ཚུལ་བཞིན་ཉམས་ལེན་པས༔ ཡུལ་ལ་བཀྲ་ཤིས་དགེ་ལེགས་འཕེལ༔ གནས་ལ་བསོད་ནམས་ལོངས་སྤྱོད་རྒྱས༔ དགྲ་ཇག་ཆོམ་རྐུན་ནད་མཚོན་མེད༔ སྒྲུབ་པའི་སྐྱེས་བུ་ཕོ་མོ་རྣམས༔ པད་འབྱུང་ང་དང་གཉིས་སུ་མེད༔ ཚེ་འདིར་མངོན་སངས་རྒྱས་འགྱུར་དུ༔ གདོན་མི་ཟའོ་པདྨའི་བཀའ༔ སྒྲུབ་གཞན་འོ་མའི་རྒྱ་མཚོ་ལ༔ འདི་ནི་སྙིང་པོའི་མར་དང་མཚུངས༔ ས་ཡི་གསེར་དང་སྙིང་གི་ཁྲག༔ ལྟ་བུའི་བཅུད་འདྲིལ་འདི་ཡིན་ཏེ༔ བླ་མ་ལྷ་དང་རང་རིག་གསུམ༔ དབྱེར་མེད་བསྒྲུབ་པའི་ཡང་ཏིག་ཡིན༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ གཏིང་དཔོག་མེད་པའི་འོལ་ཚོད་མཁན༔ མཁས་རློམས་ཁ་ལྟ་སྟོང་སྐད་མཁན༔ གཡོ་སྒྱུས་རྒྱུད་དཀྲིས་གཞན་ཁྱད་གསོད༔ བྱི་ལ་ལྟ་བུའི་བཅོས་མར་གདབ༔ བླ་མ་མཆེད་ལྕམ་དགྲ་ལྟར་བསླུ༔ དམ་ཉམས་དྲེད་པོ་བདུད་ཀྱི་རིགས༔ ཁྱོད་ལ་ངེས་དོན་སྐལ་པ་ཆད༔ ང་ཡི་བཀའ་ལ་བསླད་མ་གཞུག༔ སངས་རྒྱས་པདྨ་འབྱུང་གནས་ངས༔ དུས་གསུམ་མཁྱེན་པའི་མངོན་ཤེས་གཟིགས༔ འགྲན་ཟླ་འཇིག་རྟེན་གསུམ་གྱིས་མིན༔ མྱང་འདས་རང་མཚན་པས་ཀྱང་མིན༔ དེ་ཕྱིར་བཀའ་ལ་མི་བསླུ་བའི༔ ཡང་དག་དགོངས་པའི་རྒྱས་བཏབ་ནས༔ བྱིན་རླབས་དངོས་གྲུབ་གཏེར་དུ་བསྔགས༔ སངས་རྒྱས་ཀུན་གྱི་དགོངས་པ་འདུས༔ དམ་ཆོས་ཀུན་གྱི་སྙིང་པོ་དྲིལ༔ དགེ་འདུན་རྒྱ་མཚོའི་སྲོག་བཅུད་འདུས༔ ཡང་ཟབ་བླ་མ་སྒྲུབ་པའི་ཐབས༔ འདི་ལས་ལྷག་པའི་སྒྲུབ་པ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་མེད༔ བསྒྲུབ་ནས་ཆུད་མི་ཟ་བའི་ཆོས༔ འབྲེལ་ཚད་དོན་ལྡན་འདི་ཁོ་ན༔ སྣོད་ལྡན་བུད་མེད་མཚོ་རྒྱལ་ཁྱོད༔ བཀའ་འདི་གསང་བ་བརྡ་རུ་ཐོབ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ང་དང་མི་གཉིས་ངའི་སྤྲུལ་པ༔ སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ༔ ཆོས་ཉིད་བདེན་པ་མངོན་གཟིགས་ཤིང་༔ ཆོས་ཀུན་ཀློང་བརྡོལ་གཏེར་གསུམ་འདོམས༔ ལྷུན་གྲུབ་རིག་འཛིན་སྒྱུ་འཕྲུལ་རོལ༔ ཁྲག་འཐུང་རྡོ་རྗེ་གྲོ་བོ་ལོད༔ པདྨའི་གསང་མཛོད་བདག་པོ་འབྱུང་༔ འདི་འཕྲད་རྟེན་འབྲེལ་གནད་ལྡན་ན༔ སྐལ་ལྡན་སྟོང་གི་རིག་འཛིན་བརྙེས༔ མངའ་བདག་རྗེ་འབངས་ཞལ་འཛོམས་གྱུར༔ དེ་ཕྱིར་སྙིང་ཁྲག་ལས་འཕངས་པའི༔ བཀའ་འདི་ཀུན་དགའ་གཞོན་ནུ་དང་༔ རྡོར་ལེགས་གཟའ་བདུད་བཅས་ལ་གཏད༔ སྲུངས་ཤིག་དམ་ཚིག་གཉན་པོའི་རྒྱ༔ དམ་ལྡན་བུ་ལ་བུ་ལྟར་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མ་མཛོད༔ བདུད་སྤྲུལ་ལོག་འདྲེན་ཕོ་མོ་སོད༔ མ་གཡེལ་བཛྲ་ས་མ་ཡ༔ བརྡ་ཐིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཨྠིྀ༔ ཞེས་ཨོ་རྒྱན་རྡོ་རྗེ་འཆང་གི་ཡང་གསང་སྲོག་སྒྲུབ་ཟབ་མོ་འདི་ཡང་། ཁྲག་འཐུང་རཀྴ་ཐོད་ཕྲེང་གི་དངོས་སྤྲུལ་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས། ས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱས་བཏབ་ནས། མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།