ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཡི༔ བསྐུལ་བ་སེངྒེའི་ང་རོ༔

From Dudjom Wiki
Revision as of 09:21, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-054
Wylie title zab gsang mkha' 'gro'i snying thig las: che mchog bdud 'joms rdo rje yi: bskul ba seng+ge'i nga ro: TTDL-ZABTER-01-KA-054.pdf
Location bdud 'joms gling pa zab gter
Volume 1, Text 54, Pages 513-529 (Folios 1a1 to 9a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog bdud 'joms rdo rje yi bskul ba seng+ge'i nga ro. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 513-529. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་ཆེན་པོ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱས་བཏབ་ནས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang sbas pa'i rnal 'byor chen po bdud 'joms rdo rje gro lod rtsal gyis gser smad rnga la stag rtse'i g.yas logs shwa brag rdo rje nas gdan drangs te mi lo bco lnga'i bar du bka' rgyas btab nas mthar rten 'brel dus la bab tshe smar mdo bkra shis dga' 'khyil du dag par phab pa'i yi ge pa ni rang slob dam pa phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཡི༔ བསྐུལ་བ་སེངྒེའི་ང་རོ་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཡི༔ བསྐུལ་བ་སེང་གེའི་ང་རོ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དང་པོ་དུས་ཉིད་བསྟན་པ་ནི༔ དུས་ནི་གདོན་བགེགས་ལྡང་བའམ༔ ཡང་ན་དགྲ་རྣམས་སྡང་བ་དང་༔ ཡང་ན་ནད་ཡམས་འབྱུང་བའམ༔ ཡང་ན་བྱད་མའི་དམོད་སྦྱོར་རམ༔ ཡང་ན་བསྟན་པ་སྤྱི་དོན་ལ༔ མི་མཐུན་རྒོལ་ངན་བྱུང་བའི་དུས༔ དྲག་པོའི་དམོད་བསྐུལ་ལས་བརྩོན་བྱ༔ གཉིས་པ་དམོད་ལས་ཆོ་ག་ནི༔ དམར་གཏོར་ཤ་ཁྲག་སྐྱེམས་ཀྱིས་བྲན༔ དགུག་གཞུག་བསྒྲལ་བའི་དམིགས་གནད་གཟིར༔ ཤ་ཁྲག་རུས་པའི་ཕུང་པོར་བསྐྱེད༔ ཧ་ཧོ་ཧྲཱིཿཡིས་བྱིན་བརླབ་བྱ༔ གསུམ་པ་དམིགས་པའི་རིམ་པ་ནི༔ རང་ཉིད་ཡི་དམ་དཀྱིལ་འཁོར་དུ༔ གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རྒྱལ་བའི་དཀྱིལ་འཁོར་རྣམས༔ ཆར་སྤྲིན་རླུང་གིས་བསྐྱོད་པ་ལྟར༔ སྤྱན་དྲངས་ནམ་མཁའི་ཁམས་ཀུན་ཏུ༔ བཀའ་བརྒྱུད་བླ་མ་སྐར་ལྟར་འཁྲིགས༔ བར་སྣང་ཡི་དམ་མཁའ་འགྲོའི་ཚོགས༔ སྤྲིན་ཕུང་ལྟ་བུར་གཏིབས་པར་བསམ༔ ས་གཞིར་སྲུང་མ་དམ་ཅན་རྣམས༔ ན་བུན་རླུང་ལྟར་འཚུབས་གྱུར་ཏེ༔ ཤ་ཁྲག་གཏོར་མ་ལ་རོལ་ནས༔ མཚོན་ཐུན་སྣ་ཚོགས་ཐོགས་ནས་སུ༔ མངོན་སྤྱོད་ལས་ལ་ཆས་པར་བསམ༔ སྣང་སྲིད་མ་ལུས་ཐམས་ཅད་ཀུན༔ རྩ་གསུམ་སྲུང་མ་དམ་ཅན་གྱིས༔ བར་མེད་ཉི་རྡུལ་བཞིན་འགེངས་ནས༔ དགྲ་བགེགས་འགུག་ཅིང་བསྒྲལ་བར་བསྐྱེད༔ བཞི་པ་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཛཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་དུ༔ ཆོས་འབྱུང་དམར་ནག་གྲུ་གསུམ་གདེངས་པའི་དབུས༔ པདྨ་ཉི་མ་སྡེ་བརྒྱད་བརྩེགས་པའི་ཁྲིར༔ ཟ་བྱེད་རྔམ་པ་སྟག་མོ་གྲུས་མའི་སྟེང་༔ བླ་མ་དྲག་པོ་དམར་ནག་མེ་ཕྲེང་ཅན༔ ཡང་ཁྲོས་གཏུམ་དྲག་དམར་ནག་འཆོལ་བར་ཁྲོས༔ ཆེ་བའི་ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ དམར་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ ཟ་བེར་ཐང་ཤམ་ཆོས་གོས་མགོ་ཕྲེང་གསོལ༔ ཁམས་གསུམ་འཁོར་བ་བདེ་ཆེན་ཀློང་དུ་འཇིག༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ སྐུ་མདོག་དམར་ནག་ཉི་མ་འབུམ་འོད་འབར༔ མ་རིག་མུན་པའི་སྒྲིབ་ཚོགས་དྲུང་ནས་འབྱིན༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ནམ་མཁར་གཟིགས༔ དུག་གསུམ་འཁྲུལ་འཁོར་སྐུ་གསུམ་ངང་དུ་བཤིག༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ ཁྲོ་གཉེར་རབ་འཁྲུགས་མཆེ་བ་མན་དུ་གཙིགས༔ བདུད་སྲིན་སྡེ་བརྒྱད་མ་ལུས་ཚར་གཅོད་མཛད༔ སྨ་ར་སྨིན་མ་དམར་སེར་མེ་ཞགས་འཕྲོ༔ བར་ཆད་རྒོལ་ངན་ཚོགས་རྣམས་མ་ལུས་གཞོམ༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ དབུ་སྐྲ་དམར་སེར་སྣུམ་པོ་ཝང་མིག་འཁྱིལ༔ འཁོར་འདས་མ་ལུས་མཉམ་ཉིད་ཐུགས་སུ་སྡུད༔ སྙན་གཉིས་དུང་གི་རྒྱན་ཆ་ཝང་མིག་མཛེས༔ ཐབས་ཤེས་ཟུང་འཇུག་ཆེན་པོའི་རོལ་གར་ངོམས༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་གསོར༔ དགྲ་བགེགས་གདུག་པའི་མགོ་བོ་ཚལ་པར་འགེམ༔ གཡོན་པས་གནམ་ལྕགས་ཕུར་པ་འོག་གཞིར་གཟིར༔ གནོད་བྱེད་དགྲ་བགེགས་གཟུགས་ཕུང་དུམ་བུར་གཏོར༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ ཞབས་གཉིས་འདོར་སྟབས་བགྲད་ཅིང་རབ་ཏུ་འགྱིངས༔ སྣང་སྲིད་མ་ལུས་དབང་སྡུད་ཟིལ་གནོན་མཛད༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་བཞུགས༔ བདུད་སྡེ་ནད་རིམས་ཐམས་ཅད་བསྲེགས་པར་བྱེད༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་མ་ལུས་རྫོགས༔ དུག་ལྔའི་དགྲ་བགེགས་མ་ལུས་རྩད་ནས་འཇོམས༔ སྤྲུལ་པ་ཟ་བྱེད་ཁྱུང་སྡིག་དྲི་ངན་འཕྲོ༔ རྒྱལ་བསེན་ཀླུ་གཉན་ས་བདག་འབྱུང་པོ་འཇོམས༔ ཐུགས་དམ་བསྐུལ་ལོ་མངོན་སྤྱོད་ལས་ལ་བཞེངས༔ ཤར་ཕྱོགས་མེ་ལོང་ཡེ་ཤེས་དཀྱིལ་འཁོར་ནས༔ རྡོ་རྗེ་མཁའ་འགྲོའི་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ལྷོ་ཕྱོགས་མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་ནས༔ རིན་ཆེན་མཁའ་འགྲོའི་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ནུབ་ཕྱོགས་སོར་རྟོག་ཡེ་ཤེས་དཀྱིལ་འཁོར་ནས༔ པདྨ་མཁའ་འགྲོའི་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ བྱང་ཕྱོགས་བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་ནས༔ ལས་ཀྱི་མཁའ་འགྲོའི་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་ཛཿཤར་ལྷོ་ཞི་བ་ལྷུན་གྲུབ་ཕོ་བྲང་ནས༔ རྡོ་རྗེ་གིང་ཆེན་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ལྷོ་ནུབ་རྒྱས་པ་ལྷུན་གྲུབ་དཀྱིལ་འཁོར་ནས༔ རཏྣ་གིང་ཆེན་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ནུབ་བྱང་དབང་སྡུད་ལྷུན་གྲུབ་དཀྱིལ་འཁོར་ནས༔ པདྨ་གིང་ཆེན་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ བྱང་ཤར་མངོན་སྤྱོད་ལྷུན་གྲུབ་གཞལ་ཡས་ནས༔ ཀརྨ་གིང་ཆེན་ཐུགས་དམ་གནད་ནས་བསྐུལ༔ མི་མངོན་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་ཛཿསྟེང་ཕྱོགས་འདོད་ཁམས་ལྷ་ཡི་ཕོ་བྲང་ནས༔ དབང་ཕྱུག་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ སངས་རྒྱས་བསྟན་པ་སྲུང་བའི་ཕོ་བྲང་ནས༔ དཔལ་མགོན་ལེགས་ལྡན་ནག་པོའི་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ འཁོར་འདས་བྱང་ཆུབ་ཆེན་པོའི་མཁའ་ཀློང་ནས༔ སྔགས་སྲུང་ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ སྲིད་པ་ཀློང་དུ་འདུས་པའི་དབྱིངས་ཆེན་མོ༔ མ་མོ་སྲིད་པའི་རྒྱལ་མོའི་ཐུགས་དམ་བསྐུལ༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ བཻ་ཛཿཤར་ཕྱོགས་རིན་ཆེན་དུང་གི་སྐུ་མཁར་ནས༔ ཐུགས་དམ་བསྐུལ་ལོ་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ལྷོ་ཕྱོགས་རིན་ཆེན་གསེར་གྱི་སྐུ་མཁར་ནས༔ ཐུགས་དམ་བསྐུལ་ལོ་རྒྱལ་ཆེན་འཕགས་སྐྱེས་པོ༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ནུབ་ཕྱོགས་རིན་ཆེན་ཟངས་ཀྱི་སྐུ་མཁར་ནས༔ ཐུགས་དམ་བསྐུལ་ལོ་རྒྱལ་ཆེན་སྤྱན་མི་བཟང་༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ བྱང་ཕྱོགས་རིན་ཆེན་གཡུ་ཡི་སྐུ་མཁར་ནས༔ ཐུགས་དམ་བསྐུལ་ལོ་རྒྱལ་ཆེན་རྣམ་ཐོས་སྲས༔ དྲག་པོ་མངོན་སྤྱོད་ལས་ལ་སྐུར་བཞེངས་ཤིག༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་ཛཿཆེ་མཆོག་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པའི༔ བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་ལྷ་འདྲེའི་ཚོགས༔ དམ་ཚིག་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་བཀུག་བསྒྲལ་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ་ཛཿསྐྱབས་གནས་དམ་པ་བླ་མ་དཀོན་མཆོག་གསུམ༔ འགྲོ་བའི་མགོན་པོ་བླ་མ་རྡོ་རྗེ་འཆང་༔ གདན་གསུམ་དཀྱིལ་འཁོར་ཡི་དམ་མཁའ་འགྲོའི་ཚོགས༔ དམ་ཚིག་དབང་གི་ལས་བྱེད་སྲུང་མར་བཅས༔ མ་ལུས་ལུས་པ་མེད་པ་བདག་ལ་དགོངས༔ དེང་སང་བསྐལ་པ་སྙིགས་མའི་སྙིགས་མ་འདིར༔ སྐྱེ་འགྲོ་སེམས་ཅན་སྡུག་བསྔལ་དྲག་པོས་གདུངས༔ རྒྱལ་བསྟན་ཉི་མ་ནུབ་ལ་ཉེ་རུ་མཆིས༔ ཐུགས་རྗེས་བརྩེ་བ་ཆེན་པོས་སྐྱོང་རེ་རན༔ ནག་ཕྱོགས་བདུད་བགེགས་དམ་སྲི་ཁ་དར་ནས༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་བློ་ཡིད་བསླུས༔ བདུད་སྤྲུལ་སྡིག་རྗེས་འབངས་དཀྲུགས་དམེ་འཁྲུགས་འགྱེད༔ བསྟན་དང་འགྲོ་ལ་མི་བདེའི་ལ་ཡོག་འདོར༔ རྒྱལ་བ་རྒྱ་མཚོས་མཐུ་ནུས་དབྱུང་རེ་རན༔ གསལ་འགྲིབ་མེད་པའི་མཁྱེན་གཟིགས་གང་ན་བཞུགས༔ བདུད་སྡེ་ཀླ་ཀློས་ཕྱི་ཡི་ཆོས་ཁྲིམས་བཤིགས༔ དམ་ལོག་སློབ་མས་ནང་གི་ཆོས་ཁྲིམས་བཤིགས༔ དམ་སྲི་བྱུར་འདྲེས་གསང་བའི་ཆོས་ཁྲིམས་བཤིགས༔ རྩ་གསུམ་སྲུང་མ་རྣམས་ཀྱིས་མ་གཟིགས་སམ༔ ཐོགས་མེད་མཐུ་ནུས་རྩལ་ཤུགས་ཕྱུངས་རེ་རན༔ བདག་ཅག་རྣལ་འབྱོར་མ་ཉེས་ཆོས་ལ་བརྩོན༔ གཏན་གྱི་བདེ་བ་ལྷུར་ལེན་བྱེད་པ་ལ༔ དགྲ་འདྲེའི་རྒོལ་བ་ངན་པས་ཁྲིམས་ཀྱིས་བཅིང་༔ རེ་སའི་སྐྱབས་གནས་རྩ་གསུམ་སྲུང་མར་འབོད༔ དཔུང་དང་ར་མདའ་དྲག་པོ་ད་མཛོད་ཅིག༔ བདག་གིས་བློ་ཕུག་དམ་པའི་ཆོས་ལ་གཏད༔ བྱ་བྱེད་ཆམ་བཞག་དགེ་བའི་ལས་ལ་བརྩོན༔ དཀའ་བ་དང་བླངས་སླ་བ་རྒྱབ་ཏུ་བོར༔ མི་ཚེའི་ལྷག་མ་ཆོས་ལ་དྲིལ་སྙམ་ཡང་༔ བར་ཆད་རྒོལ་བ་ངན་པའི་འཚུབས་མས་བཅོམ༔ ད་ནི་དཔུང་གཉེན་ར་མདའ་མགོན་པོར་སྦྲན༔ བསླུ་འམ་མི་བསླུ་རྩ་གསུམ་སྲུང་མ་རྣམས༔ བརྒྱུད་འཛིན་ཐུགས་རྗེས་འདོར་རམ་ཁྱོད་ཀྱིས་ཤེས༔ བསྐུལ་ནི་དད་དང་དམ་ཚིག་གཉན་པོས་བསྐུལ༔ སྤྱིར་ནི་སངས་རྒྱས་བསྟན་པ་གཉན་པོའི་དོན༔ སྒོས་ཀྱི་དགེ་འདུན་ཆོས་བཞིན་སྤྱོད་པའི་ཆེད༔ ཡང་སྒོས་བསྟན་གཞི་དགོན་གནས་ཆོས་འཁོར་དོན༔ ཁྱད་པར་གསང་སྔགས་བསྟན་པའི་ཆེ་མངོན་ཕྱིར༔ ལྷག་བསམ་རྣམ་པར་དག་པའི་མཐུས་བསྐུལ་ལོ༔ ཧཱུྃ་ཧཱུྃ་ཛཿཆེ་མཆོག་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿབདུད་འདུལ་པདྨ་རྒྱལ་པོ་སྐུར་བཞེངས་ཤིག༔ འགྲོ་བའི་དོན་མཛད་ཞལ་བཞེས་ཅི་བཞིན་དུ༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿཡུམ་མཆོག་རྡོ་རྗེ་ཕག་མོ་སྐུར་བཞེངས་ཤིག༔ འགྲོ་དོན་དགོངས་མཛད་རང་དམ་བཅས་པ་བཞིན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་སྐུར་བཞེངས་ཤིག༔ འགྲོ་དོན་དགོངས་མཛད་རང་དམ་བཅས་པ་བཞིན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་སྐུར་བཞེངས་ཤིག༔ འགྲོ་དོན་དགོངས་མཛད་རང་དམ་བཅས་པ་བཞིན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿནུབ་ཕྱོགས་པདྨ་མཁའ་འགྲོ་སྐུར་བཞེངས་ཤིག༔ འགྲོ་དོན་དགོངས་མཛད་རང་དམ་བཅས་པ་བཞིན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿབྱང་ཕྱོགས་ལས་ཀྱི་མཁའ་འགྲོ་སྐུར་བཞེངས་ཤིག༔ འགྲོ་དོན་དགོངས་མཛད་རང་དམ་བཅས་པ་བཞིན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་དམ་ཉམས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ད་མཛོད་ཅིག༔ ཧཱུྃ་ཛཿརྣམ་པར་སྨིན་པའི་རིག་འཛིན་ཡབ་ཡུམ་རྣམས༔ དཔའ་བོ་རྡོ་རྗེ་གིང་གི་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཞེ་སྡང་ལས་གྱུར་དགྲ་བགེགས་རྡུལ་དུ་རློག༔ ཚེ་ལ་དབང་བའི་རིག་འཛིན་ཡབ་ཡུམ་རྣམས༔ དཔའ་བོ་རཏྣ་གིང་གི་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ང་རྒྱལ་ལས་གྱུར་དགྲ་བགེགས་རྡུལ་དུ་རློག༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡབ་ཡུམ་རྣམས༔ དཔའ་བོ་པདྨ་གིང་གི་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ འདོད་ཆགས་ལས་གྱུར་དགྲ་བགེགས་རྡུལ་དུ་རློག༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཡབ་ཡུམ་རྣམས༔ དཔའ་བོ་ཀརྨ་གིང་གི་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྲག་དོག་ལས་གྱུར་དགྲ་བགེགས་རྡུལ་དུ་རློག༔ ཧཱུྃ་ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་བཅས་རྣམས༔ བཀའ་དང་དམ་ཚིག་གཉན་པོས་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གདུག་པ་ཅན་རྣམས་ཚར་གཅོད་མཛོད༔ ཧཱུྃ་ཛཿདཔལ་མགོན་ལེགས་ལྡན་ནག་པོ་འཁོར་དང་བཅས༔ བསྐུལ་ལོ་དད་དང་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་དགྲ་དམ་ཉམས་མ་ལུས་རྡུལ་དུ་བརློག༔ སྔགས་སྲུང་མ་མོ་ཨེ་ཀ་ཛ་ཊཱི་མ༔ བསྐུལ་ལོ་དད་དང་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་དགྲ་རྩད་ནས་བརླག་པའི་ཕྲིན་ལས་མཛོད༔ མ་མོ་དབྱིངས་ཀྱི་རྗེ་མོ་རེ་མ་ཏི༔ བསྐུལ་ལོ་དད་དང་དམ་ཚིག་གཉན་གྱིས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་དགྲའི་སྡེ་དཔུང་འཇོམས་པའི་ཕྲིན་ལས་མཛོད༔ ཧཱུྃ་བཻ༔ ཤར་ཕྱོགས་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དྲི་ཟའི་ཁམས་ལ་མངའ་དབང་བསྒྱུར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ དགྲ་བགེགས་བརླག་པའི་ལས་མཛོད་ཅིག༔ ལྷོ་ཕྱོགས་རྒྱལ་ཆེན་འཕགས་སྐྱེས་པོ༔ གཤིན་རྗེའི་ཁམས་ལ་མངའ་དབང་བསྒྱུར༔ དམ་ཚིག་ཐུགས་དམ་གནད་ནས་བསྐུལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ དགྲ་བགེགས་བརླག་པའི་ལས་མཛོད་ཅིག༔ ནུབ་ཕྱོགས་རྒྱལ་ཆེན་སྤྱན་མི་བཟང་༔ ཀླུ་ཡི་ཡུལ་ལ་མངའ་དབང་བསྒྱུར༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ དགྲ་བགེགས་བརླག་པའི་ལས་མཛོད་ཅིག༔ བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་ཡུལ་ལ་མངའ་དབང་བསྒྱུར༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ དམ་རྫས་རྒྱན་གྱི་གཏོར་མ་བཞེས༔ དགྲ་བགེགས་བརླག་པའི་ལས་མཛོད་ཅིག༔ ཧོཿ རྗེ་བཙུན་པདྨ་བདུད་འདུལ་གྱིས༔ བཀའ་བསྒོས་དམ་བཞག་གཉེར་གཏད་པའི༔ བཀའ་ཡི་ཆོས་སྐྱོང་སྲུང་དམ་རྣམས༔ དམ་ཚིག་གཉན་པོས་རྒྱུད་བསྐུལ་ལོ༔ ཁྱོད་ཅག་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ཀྱི༔ ཤ་ཁྲག་སྲོག་ལ་རྔམ་པར་གྱིས༔ ཤ་ཁྲག་གཏོར་མ་འདི་ལོངས་ལ༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུག༔ དགྲ་བོའི་མི་ནོར་འཁོར་དང་བཅས༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ བླ་སྲོག་དོན་སྙིང་ནང་རོལ་བཅས༔ མ་ལུས་སྤར་གྱིས་ཐོབ་ལ་ཤོག༔ གཟུགས་བྱང་རཱུ་པ་འདི་ལ་ཁུག༔ མ་ཤོར་བཀའ་དང་ཐ་ཚིག་དཔང་༔ རྒྱུག་རྒྱུག་གནོད་པའི་བགེགས་ལ་རྒྱུག༔ སྣང་ཞིང་སྲིད་པའི་ཁམས་འདི་ན༔ བདག་ཅག་རྣམས་ལ་འཚེ་བའི་བགེགས༔ སྣ་འདྲེན་རྒྱབ་བརྟེན་དཔུང་གཉེན་བཅས༔ ཁམས་གསུམ་སྲིད་པ་གར་གནས་ཀྱང་༔ སྐད་ཅིག་རང་དབང་མེད་པ་རུ༔ སོད་རྒྱོབ་དྲག་པོའི་སྒྲ་དང་བཅས༔ མི་བཟད་མཚོན་གྱི་ཆར་ཕོབ་ལ༔ རང་དབང་མེད་པར་ཁུག་ལ་ཤོག༔ གཟུགས་བྱང་ལིང་ག་འདི་ལ་ཁུག༔ མ་བཏང་མ་ཤོར་མཐུ་རྩལ་ཕྱུངས༔ བཀའ་དང་ཐ་ཚིག་གཉན་པོ་དཔང་༔ ཁྱད་པར་ཡིད་ལ་བརྣག་པ་ཡི༔ དགྲ་བགེགས་དམ་ཉམས་ལས་ངན་འདི༔ རི་བོའི་རྩེ་དང་རྒྱ་མཚོའི་གཏིང་༔ དཀོན་མཆོག་སྐྱབས་འོག་སྔགས་པའི་ཁྱིམ༔ སྒྲུབ་པའི་གནས་དང་སྲུང་བའི་གུར༔ ཉི་ཟླའི་ཁྱིམ་དང་སྤྲིན་གྱི་ཀློང་༔ སྣང་སྲིད་ལྷ་འདྲེས་སྲུང་བའི་གནས༔ གང་ན་གནས་ཀྱང་ཁུག་ལ་ཤོག༔ གཟུགས་བྱང་རཱུ་པ་འདི་ལ་ཁུག༔ མིང་ཡིག་བྱང་བུ་འདི་ལ་བསྟིམ༔ མཐུ་སྟོབས་དྲག་པོས་བརླག་པར་གྱིས༔ བཀའ་དང་ཐ་ཚིག་གཉན་པོས་བསྐུལ༔ མ་འདའ་བཛྲ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ གང་ལ་བྱས་ཀྱང་ཐོག་དང་འདྲ༔ ཟབ་གསང་བསྒྲུབ་པའི་སྐལ་ལྡན་ལ༔ ལས་ཀྱི་མཚོན་ཆར་བསྔགས་ནས་བཞག༔ བདུད་སྡེས་བསྟན་འགྲོ་དཀྲུག་པ་དང་༔ བགེགས་ཀྱི་བར་ཆད་དྲག་པོ་དང་༔ མདོར་ན་ཟོལ་མེད་རྣལ་འབྱོར་པར༔ ཕྱི་ནང་བར་ཆད་འབྱུང་བའི་ཚེ༔ དྲག་པོའི་རྦད་ལས་འདིར་བརྩོན་བྱ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མོས་པའི་བརྒྱུད་འཛིན་རྣམས་ཀྱི་དོན༔ རྦད་བསྐུལ་ཟབ་མོ་མཐར་ཐུག་འདི༔ ཏིང་འཛིན་ཆེན་པོའི་གཟེར་གྱིས་བརླབས༔ སྨོན་ལམ་དག་པའི་རྒྱས་བཏབ་ནས༔ ལས་འཕྲོ་ཅན་གྱི་དཔལ་དུ་བཞག༔ ཉམས་སུ་ལེན་པའི་དམ་ལྡན་རྣམས༔ མཐུ་རྩལ་ནམ་མཁའི་ཐོག་ལས་ཆེ༔ གྲགས་པས་ས་སྟེང་ཐམས་ཅད་ཁྱབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ དབང་ཕྱུག་ལེགས་ལྡན་ཨེ་ཀ་ཛ༔ མ་མོ་སྲིད་པའི་རྒྱལ་མོ་བཅས༔ ནང་གི་སྲུང་མར་གཉེར་གཏད་དོ༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་བདུད་འཁོར་དང་བཅས༔ ཕྱི་ཡི་སྲུང་མས་གཉེར་མཛོད་ཅིག༔ གཡུ་ཡི་ཕྲེང་བ་ཅན་གྱིས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ དམ་ལྡན་བུ་ལ་བུ་བཞིན་སྐྱོངས༔ དམ་ཉམས་སྲོག་གི་གཤེད་མ་མཛོད༔ བསྟན་པས་ས་སྟེང་ཡོངས་ཁྱབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ (བརྡ་ཡིག་) ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་ཆེན་པོ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱས་བཏབ་ནས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།