ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་ཚེ་ཡི་སྒྲུབ་པ་འདོད་འཇོའི་བུམ་བཟང་༔

From Dudjom Wiki
Revision as of 09:21, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")

TTDL-ZABTER-02-KHA-044
Wylie title zab gsang mkha' 'gro'i snying thig las: yang gsang tshe yi sgrub pa 'dod 'jo'i bum bzang: TTDL-ZABTER-02-KHA-044.pdf
Location bdud 'joms gling pa zab gter
Volume 2, Text 44, Pages 445-457 (Folios 1a1 to 7a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las yang gsang tshe yi sgrub pa 'dod 'jo'i bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 445-457. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang  ·  Longevity Rituals - tshe sgrub
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་ངོ་མཚར་མིང་ཅན་གྱིས་དབང་གི་ཁ་དོག་མཛེས་པའི་དར་བཅས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rjes gter nas bton te mi lo bcu bdun bar du bka' rgyas btab ste mthar rang slob dam pa ngo mtshar ming can gyis dbang gi kha dog mdzes pa'i dar bcas nan du bskul ngor dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་ཚེ་ཡི་སྒྲུབ་པ་འདོད་འཇོའི་བུམ་བཟང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་དུས་ཀྱི་སྙིགས་མ་ལ༔ ལས་ངན་བསགས་པའི་རྣམ་སྨིན་གྱིས༔ སྐྱེ་འགྲོའི་ཚེ་ཐུང་ལོངས་སྤྱོད་དབུལ༔ ཁྱད་པར་ནག་ཕྱོགས་ཁ་དར་ནས༔ ང་ཡི་བརྒྱུད་འཛིན་ལས་ཅན་ཀུན༔ སྐུ་ཚེ་ཐུང་ཞིང་ཁས་ཀྱང་ཞན༔ དེ་དུས་ཚེ་ཡི་སྒྲུབ་པ་འདི༔ ཉམས་སུ་ལེན་ལ་བརྩོན་གྱུར་ན༔ ཚེ་བསོད་དཔལ་འབྱོར་གོང་འཕེལ་བྱེད༔ སྟོབས་ཀྱིས་གཞན་སྣང་ཟིལ་གནོན་འགྱུར༔ དེ་ཕྱིར་ཨོ་རྒྱན་པདྨ་ངས༔ སྙིང་གི་ཡང་ཐིག་ཟབ་མོ་ཀུན༔ བཅུད་དུ་དྲིལ་ནས་དགོངས་རྒྱས་བཏབ༔ མ་འོངས་ལས་ཅན་དཔལ་ཏུ་བཞག༔ བཀའ་སྲུང་རྒྱལ་ཆེན་རྣམ་མང་བུ༔ ལྷ་ཡི་བླ་མ་དང་བཅས་ལ༔ གཏད་དོ་གཉེར་རོ་ས་མ་ཡ༔ འདི་ཡི་ལག་ལེན་རིམ་པ་ནི༔ ཤིན་ཏུ་ཉམས་དགའ་དབེན་པའི་སར༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དབུས༔ རས་བྲིས་སམ་ནི་ཚོམ་བུ་དང་༔ ཡང་ན་གཏོར་མའི་དཀྱིལ་འཁོར་བརྟེན༔ སྨན་གཏོར་རཀྟ་ལ་སོགས་པའི༔ ཕྱི་ནང་མཆོད་པའི་བྱེ་བྲག་བཤམས༔ གཞི་བདག་སྲུང་མར་གཏོར་མ་འབུལ༔ ལན་ཆགས་མགྲོན་ལ་ཆངས་གླུད་བཏང་༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་མཐའ་ཡས་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ ཚེ་དཔག་མེད་མགོན་དཀྱིལ་འཁོར་ལ༔ དད་གུས་མོས་པས་སྐྱབས་སུ་མཆི༔ ལན་གསུམ་མཐར༔ སེམས་བསྐྱེད་པ་ནི༔ ཧོཿ མར་གྱུར་མཁའ་མཉམ་སེམས་ཅན་རྣམས༔ འཆི་མེད་མགོན་པོའི་གོ་འཕང་དུ༔ འགོད་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ དོན་གཉིས་ལྷུན་གྲུབ་གདིང་ཐོབ་ཤོག༔ ལན་གསུམ༔ དེ་ནས་ཡན་ལག་བདུན་པ་ནི༔ ན་མོ༔ སྐུ་དང་ཡེ་ཤེས་བདག་ཉིད་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་མཆོད་པ་འབུལ༔ ཚེ་རབས་བསགས་བའི་སྡིག་པ་བཤགས༔ རྣམ་དཀར་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་རྩ་འགྲོ་བ་ཡོངས་ལ་བསྔོ༔ བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཆོས་ཉིད་དོན་གྱི་ལྷ༔ སྒྱུ་འཕྲུལ་རོལ་པའི་རྣམ་འགྱུར་ངོམས༔ མ་རིག་གཟུང་འཛིན་རཱུ་དྲ་ཀུན༔ བདག་མེད་སྟོང་པའི་དབྱིངས་སུ་ཕཊ༔ ཅེས་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ དེ་ནས་སྲུང་བའི་གུར་ཁང་བསྒོམ་པ་ནི༔ ཧཱུྃ་ཧྲཱི༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་རཱུ་དྲའི་མིང་ཡང་མེད༔ སེམས་དང་སེམས་བྱུང་རྣམ་རྟོག་བགེགས༔ རང་གྲོལ་ཆེན་པོར་མཚམས་བཅད་དོ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱིཿརང་སྣང་དོན་གྱི་འོག་མིན་ནས༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་མདངས༔ འཆི་མེད་མགོན་པའི་སྐུར་བཞེངས་ལ༔ དབང་དང་དངོས་གྲུབ་བྱིན་ཕོབ་ཅིག༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ༔ སརྦ་ས་མ་ཡ་ཛཿཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ འདོད་ཡོན་ལྔ་ཡི་ཡུལ་སྣང་ཀུན༔ ཡེ་ཤེས་ཆེན་པོས་རྒྱས་གདབ་ནས༔ ཕྱི་ནང་མཆོད་པའི་སྤྲིན་དུ་ཤར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་ནས་ཤབྡ་ཧཱུྃ༔ ཨོཾ་རཱུ་པ་སོགས་སྤཪྴེ་དྷརྨ་ཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་སརྦ་པཱུ་ཛ་གྷ་ཎ་ཙཀྲ་ཧཱུྃ༔ དེ་ནས་གཞལ་ཡས་ལྷ་བསྒོམ་པ་ནི༔ ཨཱཿགདོད་ནས་འཁོར་འདས་ཆོས་རྣམས་ཀུན༔ མ་བཅོས་སྟོང་ཉིད་སྤྲོས་མཐའ་བྲལ༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁའ༔ ཆོས་ཉིད་ཆེན་པོར་དག་མཉམ་རིག༔ ཨོཾ་དྷརྨ་ཀཱ་ཡ་ཨ༔ དེས་ནི་འཆི་སྲིད་བག་ཆགས་སྦྱོང་༔ ཧཱུྃ༔ ཆོས་ཉིད་ཀློང་ཆེན་བརྡལ་བ་ལས༔ མཁྱེན་ཅིང་གཟིགས་པའི་ཡེ་ཤེས་ཤར༔ ཁྱབ་བྱེད་ཤེས་རབ་མངོན་གྱུར་ཏེ༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ ཨཱཿསམྦྷོ་ཀཱ་ཡ་ཨཱཿདེས་ནི་བར་སྲིད་བག་ཆགས་སྦྱོང་༔ ཧྲཱིཿཆོས་དབྱིངས་མཚན་མ་བྲལ་བ་ལས༔ བདག་རྟོག་འཁོར་བ་བསྒྲལ་བའི་ཕྱིར༔ ཐབས་ཀྱིས་གཟུགས་སྐུར་ངོམས་པ་ལ༔ རིག་པ་རྒྱུ་ཡི་ཡི་གེར་ཤར༔ ཧཱུྃ་ནིརྨཱ་ཀཱ་ཡ་ཧྲཱིཿདེས་ནི་སྐྱེ་སྲིད་བག་ཆགས་སྦྱོང་༔ རྟོག་སྒྲིབ་བག་ཆགས་སྦྱོང་བ་ནི༔ ཧྲཱིཿལས་འོད་ཟེར་རབ་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འཁོར་བ་བསྒྲལ༔ འཁོར་འདས་དྭངས་བཅུད་གཟི་བྱིན་ཀུན༔ ཚུར་འདུས་རྒྱུ་ཡི་ཡི་གེར་ཐིམ༔ ཡུལ་གྱི་བག་ཆགས་སྦྱོང་བ་ནི༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ སྣང་བ་སྣོད་ཀྱི་འཇིག་རྟེན་ཀུན༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ གཡོ་བ་བཅུད་ཀྱི་སྐྱེ་འགྲོ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་རོལ་པའི་རང་རྩལ་ལས༔ ཡེ་ཤེས་སྒྱུ་འཕྲུལ་གར་དུ་རོལ༔ ཁང་ཁྱིམ་བག་ཆགས་སྦྱོང་བ་ནི༔ སྐུ་དང་ཡེ་ཤེས་གཟི་བྱིན་ལས༔ འོད་ལྔ་མཚོན་ཆའི་སྲུང་གུར་དབུས༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ ཡངས་ཤིང་རྒྱ་ཆེ་དཔངས་མཐོ་བ༔ ཕྱི་ནང་སྒྲིབ་གཡོགས་མེད་པ་ལ༔ འཇའ་ཚོན་འོད་ཀྱི་རང་བཞིན་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས༔ གདན་ཁྲིའི་བག་ཆགས་སྦྱོང་བ་ནི༔ དེ་དབུས་རྨ་བྱས་བཏེགས་པའི་ཁྲིར༔ པདྨ་ཟླ་བའི་གདན་སྟེང་དུ༔ ལུས་ཀྱི་བག་ཆགས་སྦྱོང་བའི་ཕྱིར༔ ཧྲཱིཿལས་རང་ཉིད་ཚེ་དཔག་མེད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཉམ་བཞག་ཚེ་ཡི་བུམ་པ་བསྣམས༔ ཞི་འཛུམ་མཚན་དཔེ་འོད་ཕུང་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རྒྱན་གོས་བག་ཆགས་སྦྱོང་བ་ནི༔ ཐོར་ཚུགས་དབུ་རྒྱན་ཅོད་པན་དང་༔ སྙན་ཆ་རིན་ཆེན་མགུལ་ཆུ་དང་༔ ཕྲེང་བ་དོ་ཤལ་གདུ་བུས་སྤྲས༔ སྟོད་གཡོགས་སྨད་དཀྲིས་སྐུ་རེག་དང་༔ པང་ཁེབས་ལ་སོགས་ན་བཟས་བརྒྱན༔ ཆགས་སྦྱོར་བག་ཆགས་སྦྱོང་བ་ནི༔ གཉིས་མེད་ཡུམ་མཆོག་གོས་དཀར་མོ༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད༔ ཤིན་ཏུ་ཆགས་པས་རྒྱན་གོས་སྤངས༔ བདེ་ཆེན་འབར་བའི་ཟིལ་པ་འཁྲིགས༔ འཁོར་གྲོགས་བག་ཆགས་སྦྱོང་བ་ནི༔ ཤར་དུ་རྡོ་རྗེ་ཚེ་དཔག་མེད༔ མཐིང་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ མཱ་ཀི་དཀར་མོ་ཡུམ་དང་སྦྱོར༔ ལྷོ་རུ་རཏྣ་ཚེ་དཔག་མེད༔ སེར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ སངས་རྒྱས་སྤྱན་མ་སེར་མོས་འཁྱུད༔ ནུབ་ཏུ་སངས་རྒྱས་ཚེ་དཔག་མེད༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ ནམ་མཁའི་དབྱིངས་ཕྱུག་མཐིང་གར་སྦྱོར༔ བྱང་དུ་ཀརྨ་ཚེ་དཔག་མེད༔ ལྗང་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ དམ་ཚིག་སྒྲོལ་མ་ལྗང་མོས་འཁྱུད༔ ཀུན་ཀྱང་ཞི་འཛུམ་མཚན་དཔེས་སྤྲས༔ ཡུམ་རྣམས་རང་མདོག་མདའ་དར་དང་༔ གཡོན་པས་ཚེ་ཡི་བུམ་པ་བསྣམས༔ དབུས་དང་མཚམས་བཞིར་འབྱུང་ལྔའི་ལྷ༔ ཚེ་ཡི་ལྷ་མོ་མགྱོགས་མ་ལྔ༔ མཐིང་དཀར་སེར་དམར་ལྗང་འོད་འབར༔ རང་མདོག་དར་གྱི་ན་བཟའ་གསོལ༔ གཡས་རྣམས་ལས་མདོག་མདའ་དར་དང་༔ གཡོན་རྣམས་ཚེ་ཡི་བུམ་པ་བསྣམས༔ བཞེངས་པའི་སྟབས་ཀྱིས་པད་ཟླར་འཁོད༔ སྒོ་བཞིར་ལས་ཀྱི་ལྷ་མོ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་རང་མདོག་མདའ་དར་བསྣམས༔ དཀར་སེར་དམར་ལྗང་པད་ཟླར་བཞེངས༔ ཀུན་ཀྱང་སྣང་སྟོང་རོལ་པའི་ངང་༔ ཡེ་ཤེས་འོད་དང་འོད་ཟེར་འབར༔ འཁོར་འདས་མ་ལུས་ཡོངས་ཁྱབ་སྟེ༔ དག་མཉམ་ཆེན་པོར་ལྷུན་གྱིས་གྲུབ༔ རྒྱས་གདབ་པ་ནི༔ གནས་གསུམ་ཡི་གེ་འབྲུ་གསུམ་གསལ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ནུབ་ཕྱོགས་བདེ་བ་ཅན་ལ་སོགས༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ འཆི་མེད་མགོན་པོའི་རྣམ་རོལ་དུ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ སྤོས་བསྲེག་རོལ་མོ་སྣ་ཚོགས་བསྒྲག༔ སྤྱན་འདྲེན་གཉིས་མེད་བསྟིམ་པ་ནི༔ ཧྲཱིཿནུབ་ཕྱོགས་བདེ་ཆེན་པདྨ་འོད༔ དོན་གྱི་འོག་མིན་ཆེན་པོ་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གཉིས་མེད་རོལ་པའི་བཙུན་མོ་དང་༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཁོར༔ མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ༔ དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ བསྒྲུབ་རྫས་འདི་ལ་བཅུད་ཅིག་བསྐྱིལ༔ ཚེ་བུམ་འདི་ལ་དབང་བྱིན་བསྡུས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ རིལ་བུ་འདི་ལ་བྱིན་ནུས་བསྐྱེད༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ ཚེ་དང་ཡེ་ཤེས་གཟི་བྱིན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ན་མོ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཛྙཱ་ན་པཉྩ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ སྔགས་ལན་གསུམ༔ དེ་ནས་གདན་གསུམ་ངོ་བོར་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿཕུང་ཁམས་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་སེམས་དཔའ་སེམས་མའི་གདན༔ མུ་བཞི་ཡེ་ཤེས་སྒོ་སྐྱོང་གདན༔ གཉིས་མེད་རོལ་པར་བརྟན་བཞུགས་གསོལ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་༔ རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ གདོད་ནས་ལྷན་ཅིག་སྐྱེས་པའི་ལྷ༔ གཉིས་མེད་ལྷུན་རྫོགས་རིག་པའི་ངང་༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་པའི༔ འཆི་མེད་མགོན་པོར་ཕྱག་འཚལ་བསྟོད༔ ཕུང་ལྔ་གནས་དག་སྐུ་ལྔའི་གདངས༔ བདེ་གཤེགས་ལྔ་ལ་ཕྱག་འཚལ་བསྟོད༔ ཁམས་ལྔ་གནས་དག་སྟོང་པའི་གདངས༔ ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ འབྱུང་ཆེན་ལྔ་ཡི་དྭངས་མ་ཉིད༔ མགྱོགས་མ་ལྔ་ལ་ཕྱག་འཚལ་བསྟོད༔ མཐའ་བཞིའི་འཛིན་རྟོག་བསྒྲལ་བ་ལས༔ སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་སྣོད་བཅུད་མ་ལུས་ཀུན༔ གདོད་ནས་རང་བྱུང་ཀློང་ཆེན་མཁར༔ མ་བཅོས་ངང་གིས་རང་ཤར་བ༔ མཆོད་པའི་ཕྱག་རྒྱར་གར་བསྒྱུར་ཏེ༔ ཉེར་སྤྱོད་ལྷ་མོའི་རྣམ་རོལ་རྩེ༔ འཆི་མེད་མགོན་པོའི་དཀྱིལ་འཁོར་དུ༔ ཚོགས་གཉིས་རྫོགས་ཕྱིར་འབུལ་ལགས་ཀྱིས༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་མཆོད་པའི་བྱེ་བྲག་ཀུན༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ ཚོགས་གཉིས་རྫོགས་ཕྱིར་འབུལ་ལགས་ཀྱིས༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿབཛྲ་རཱུ་པ་ནས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ ཧོཿ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ འཁོར་བ་ཡོངས་སྒྲོལ་རཀྟའི་མཚོ༔ སྣང་སྲིད་བཅུད་དྲིལ་བ་ལིཾ་ཏ༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ ཚོགས་གཉིས་རྫོགས་ཕྱིར་འབུལ་ལགས་ཀྱིས༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ གསང་བ་མཆོག་གི་བཅུད་འཛིན་ཅིང་༔ བདེ་སྟོང་སྦྱོར་བའི་ཕོ་ཉ་མོ༔ རིག་མ་དཀར་དམར་མཐིང་སེར་ལྗང་༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་མནྡྲ་གུ་ཧྱ་མུ་དྲ་པཱུ་ཛ་ ཧོཿ ཧཱུྃ༔ སྣང་བ་ཐབས་མཆོག་རྒྱལ་པོ་ཡིས༔ སྟོང་ཉིད་རྡོ་རྗེ་བཙུན་མོའི་མཁར༔ ཟུང་འཇུག་ཆེན་པོར་སྦྱོར་བ་ལས༔ བདེ་སྟོང་ཡེ་ཤེས་བཅུད་དུ་འཁྱིལ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་ཆོས་སྐུ་སྤྲོས་དང་མཚན་མ་བྲལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རང་བྱུང་བའི༔ གདངས་ལས་གདུལ་བྱ་རྗེས་སུ་བཟུང་བའི་ཕྱིར༔ འཁོར་བའི་སྒོ་དང་བསྟུན་པའི་གཟུགས་སྐུར་ངོམས༔ གང་འདུལ་ཐབས་ཀྱིས་འདུལ་བའི་ཐུགས་རྗེ་ཅན༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དཀར་གསལ་རབ་མཛེས་འོད་ཀྱི་ཕུང་པོ་འབར༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་གསང་ཆེན་རྫོགས༔ ཞི་བའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ སངས་རྒྱས་ཚེ་དཔག་མེད་པ་ཕྱག་འཚལ་བསྟོད༔ དམར་གསལ་རབ་མཛེས་འོད་ཀྱི་ཕུང་པོ་འབར༔ རྒྱལ་བ་རྒྱ་མཚོའི་གསུང་གི་གསང་ཆེན་རྫོགས༔ དབང་གི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ པདྨ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ མཐིང་གསལ་རབ་མཛེས་འོད་ཀྱི་ཕུང་པོ་འབར༔ རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་གསང་ཆེན་རྫོགས༔ རབ་འབྱམས་ཕྲིན་ལས་ཡོངས་ལ་མངའ་དབང་བསྒྱུར༔ རྡོ་རྗེ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ སེར་གསལ་རབ་མཛེས་འོད་ཀྱི་ཕུང་པོ་འབར༔ རྒྱལ་བ་རྒྱ་མཚོའི་ཡོན་ཏན་གསང་ཆེན་རྫོགས༔ རྒྱས་པའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ རཏྣ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ལྗང་གསལ་རབ་མཛེས་འོད་ཀྱི་ཕུང་པོ་འབར༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་གསང་ཆེན་རྫོགས༔ དྲག་པོའི་ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ༔ ཀརྨ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཐབས་ཆེན་འབྱུང་བ་སྙིགས་མའི་རང་བཞིན་ཅན༔ དྭངས་མ་ཤེས་རབ་ཆེན་པོར་བདེ་རོལ་བའི༔ སྟོང་ཉིད་དབྱིངས་ཀྱི་ལྷ་མོའི་རྣམ་རོལ་རྩེ༔ གསང་བའི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ ཀ་དག་ཀུན་ཏུ་བཟང་མོའི་རྣམ་རོལ་གར༔ གདུལ་བྱའི་དཔལ་དུ་གར་བསྒྱུར་མགྱོགས་མ་ལྔ༔ ཕྲིན་ལས་རྣམ་བཞིར་དབང་བསྒྱུར་སྒོ་སྐྱོང་བཞི༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ འདི་ནི་ཚུལ་བཞིན་ཉམས་ལེན་པའི༔ སྐལ་བཟང་ལས་སྨོན་ཕུན་ཚོགས་རྣམས༔ ཚེ་དང་ཡེ་ཤེས་གོང་འཕེལ་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ༔ ལྷ་དང་གཉིས་མེད་ངང་གྲོལ་ཏེ༔ ཚེ་དབང་རིག་འཛིན་ངེས་འགྲུབ་འགྱུར༔ བཀའ་སྲུང་དྲང་སྲོང་ཆེན་པོ་དང་༔ དམ་ཅན་རྡོ་རྗེ་ལེགས་པས་གཉེར༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་བདུན་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་ངོ་མཚར་མིང་ཅན་གྱིས་དབང་གི་ཁ་དོག་མཛེས་པའི་དར་བཅས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།