ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་ཕྱག་ན་རྡོ་རྗེའི་སྲེག་བླུགས་ཞལ་ཧོམ་ཡངས་པ༔

From Dudjom Wiki
Revision as of 09:22, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-064
Wylie title zab gsang mkha' 'gro'i snying thig las: dpal chen phyag na rdo rje'i sreg blugs zhal hom yangs pa: TTDL-ZABTER-03-GA-064.pdf
Location bdud 'joms gling pa zab gter
Volume 3, Text 64, Pages 595-600 (Folios 1a1 to 3b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen phyag na rdo rje'i sreg blugs zhal hom yangs pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 595-600. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sreg blug   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Fire Offerings - sbyin sreg
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te dag par phab ba'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་ཕྱག་ན་རྡོ་རྗེའི་སྲེག་བླུགས་ཞལ་ཧོམ་ཡངས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྲེག་བླུགས་ཞལ་གྱི་ཧོམ་ཁུང་འདི༔ མ་འོངས་དུས་ཀྱིས་ཐ་མ་ལ༔ སྒྲུབ་པ་ལྷུར་ལེན་རྣལ་འབྱོར་པས༔ བྱ་བའི་དུས་ནི་འདི་ལྟ་སྟེ༔ རྟ་ཕྱུགས་ནོར་ལ་གོད་ལང་ངམ༔ གློ་བུར་ནད་དྲག་བྱུང་བ་དང་༔ དགྲ་གདོན་གློ་བུར་ལང་བྱུང་ན༔ འདི་ནི་བསྟབ་པའི་ཐབས་ཡིན་ཏེ༔ ཚོགས་བསགས་ཕྱིར་དུ་བྱེད་ཀྱང་མཆོག༔ འདི་ཡི་ལག་ལེན་རིམ་པ་ནི༔ མདུན་དུ་མེ་ཐབ་གྲུ་གསུམ་ནག༔ དབུས་སུ་ཧཱུྃ་མཚན་མེ་རི་འབར༔ སྟེང་དུ་ཚེར་མ་ཅན་གྱི་ཤིང་༔ སྒྲུབ་མཁན་རང་གི་མཐོ་གང་ཚད༔ མེ་ཧོམ་གྲུ་གསུམ་ཟུར་ལྡན་བརྩིགས༔ མེ་དར་ནག་པོ་ཤར་དུ་བཙུགས༔ མེ་ཐབ་ཤར་ལྷོའི་མཚམས་སུ་བཞག༔ འབུལ་རྫས་འབྱོར་ཚད་ཟས་སྣ་བསགས༔ མངོན་སྤྱོད་ཆེད་དུ་བྱེད་འདོད་ན༔ འབྲུ་ནག་ལིང་ག་མིང་ཤམ་བྲི༔ དེ་ནས་ལྷ་གསལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྐད་ཅིག་གིས་མེ་ཐབ་མི་དམིགས་པའི་ངང་ལས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་གྲུ་གསུམ་མཐིང་ནག་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་པདྨ་ཉི་མ་རོའི་གདན་གྱི་སྟེང་དུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ཡེ་ཤེས་ཀྱི་མེ་འབར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་མཆོད༔ ཁམས་གསུམ་གྱི་འཁོར་བ་དོང་ནས་སྤྲུགས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ དཔལ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་བ༔ ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་ཞིང་གཡོན་པས་སྡིགས་མཛུབ་ཀྱིས་སྦྲུལ་ཞགས་བསྣམས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་སྤྱན་གསུམ་ནམ་མཁར་གཟིགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་སྨ་ར་དང་སྨིན་མ་མེ་ཡི་ཚྭ་ཚྭ་གློག་ཞགས་ལྟར་འཁྱུག་པ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་རཱུ་དྲ་ཕོ་མོ་ཞབས་ཀྱིས་གནོན་པའི་སྐུར་བསྒོམ༔ སྐུ་ཡི་གནས་ལྔར་ཁྲག་འཐུང་རིགས་ལྔ༔ བ་སྤུའི་སྒོ་རྣམས་སུ་ཁྲོ་བོ་བཅུ་སྒོ་མ་བཞི༔ གཞན་ཡང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མ་འདྲེས་ཤིང་ཡོངས་སུ་རྫོགས་པར་བསམ༔ དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་ལས་འོད་དང་འོད་ཟེར་ཀུན་ཏུ་ཁྱབ་པར་འཕྲོས་པས་རང་སྣང་དོན་གྱི་འོག་མིན་ཆེན་པོའི་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བའི་བདག་པོ་གཤེགས་སུ་གསོལ༔ མ་ལ་ཡ་ཡི་རྩེ་མོ་ནས༔ རྡོ་རྗེ་འཆང་ཆེན་གཤེགས་སུ་གསོལ༔ རང་སྣང་དོན་གྱི་འོག་མིན་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ དམ་ཚིག་ཡེ་ཤེས་གཉིས་མེད་ཀྱི༔ རོལ་པ་ཆེན་པོར་བཞུགས་སུ་གསོལ༔ བདག་ཉིད་རྗེས་སུ་བཟུང་དུ་གསོལ༔ བར་ཆད་བདུད་བགེགས་དགྲ་ཡི་དཔུང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ བསྒྲལ་ནས་རོལ་པའི་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ་ཛ་ཛཿས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལ༔ བརྣག་དོན་འགྲུབ་ཕྱིར་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ དྲག་པོའི་སྣོད་དུ་ཤ་ཁྲག་རུས་པ་བཤམ་ལ༔ ཧཱུྃ༔ དམ་ཉམས་དགྲ་བགེགས་ཡོངས་བསྒྲལ་བའི༔ དམར་ཆེན་ཁྲག་གི་ཨརྒྷཾ་དང་༔ དྲི་ཆུ་ཆུ་སེར་ཞབས་བསིལ་དང་༔ དབང་པོ་རྣམ་ལྔའི་མེ་ཏོག་དང་༔ ཤ་ཆེན་བདུག་སྤོས་དུད་པ་དང་༔ ཞུན་ཆེན་མར་མེ་འབར་བ་དང་༔ མཁྲིས་པ་ཆེན་པོའི་དྲི་ཆབ་དང་༔ ཤ་རུས་རྐང་ཚིལ་ཞལ་ཟས་དང་༔ རྐང་གླིང་ཐོད་རྔའི་རོལ་མོ་དང་༔ བདུད་རྩི་རྣམ་ལྔ་བཞུས་པའི་མཚོ༔ དོན་སྙིང་ཤ་ཡི་གཏོར་ཆེན་པོ༔ རཀྟ་སྙིང་གི་ཁྲག་དང་བཅས༔ གསང་བདག་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ འབུལ་ལོ་བཞེས་ཤིག་དགྱེས་པར་མཛོད༔ དུག་ལྔ་དུག་གསུམ་ལས་ཉོན་གྱི༔ བག་ཆགས་རྟོག་སྒྲིབ་སྦྱང་བ་དང་༔ ནད་གདོན་བར་ཆད་དགྲ་བགེགས་ཀུན༔ རྗེས་ཤུལ་མེད་པར་བསྲེགས་མཛོད་རོལ༔ ཨོཾ་ཨཱཿཧཱུྃ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་མཱཾ་ས་རཀྟ་ཨརྒྷཾ་སོགས་ནས་ཤཔྡ་སརྦ་པཉྩ་བ་ལིང་ཏ་རཀྟ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ སངས་རྒྱས་ཀུན་གྱི་ཐུགས་ལ་གནས༔ སངས་རྒྱས་གསུང་དབང་སྐུ་ཡི་དཔལ༔ རྫོགས་པའི་སངས་རྒྱས་ཁྱོད་ལ་བསྟོད༔ དེ་ནས་ཚོགས་བསགས་ཆེད་དུ་བྱེད་འདོད་ན༔ ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཆང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷས༔ བདག་གི་སྡིག་སྒྲིབ་བག་ཆགས་ཀུན༔ བསྲེག་ཅིང་སྦྱང་བར་མཛད་དུ་གསོལ༔ སྲེག་བླུགས་མེ་མཆོད་འདི་བཞེས་ལ༔ བདག་ནི་རྗེས་སུ་བཟུང་དུ་གསོལ༔ ཞེས་མེ་མཆོད་ལྷར་དམིགས་ནས་ཤར་ལྷོ་མཚམས་ནས་སྦར་རོ༔ བསྲེགས་རྫས་འབུལ་བ་ནི༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་ཕུལ་ལོ༔ དགྲ་བགེགས་བསྒྲལ་བ་དྲག་པོ་མངོན་སྤྱོད་ཀྱི་ལས་བྱེད་ན་མེ་གཡོན་ནས་བསྐོར་སྟེ་བྱང་ནས་སྦར༔ མིང་ཤམ་དང་ལིང་ག་ལ་འགུགས་གཞུག་བྱ་བ་ནི༔ ན་མོ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བདེན་གཉིས་བསླུ་བ་མེད་པའི་མཐུས༔ ཆེ་གེ་མོའི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག་བསྟིམ་ཅིག༔ ཛཿཧཱུྃ་བྃ་ཧོཿ བརྒྱ་རྩ་བརྒྱད་བརྗོད་ནས་མཐར༔ ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཆང་༔ རྒྱུད་སྡེ་དཀྱིལ་འཁོར་སྲུང་མའི་ཚོགས༔ མ་ལུས་དབྱིངས་ནས་སྐུར་བཞེངས་ལ༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ རྗེས་ཤུལ་ལྷག་མ་མ་ལུས་པ༔ བཞེས་ཤིག་དྲག་པོའི་ཞལ་དུ་རོལ༔ རྩ་སྔགས་མཐར༔ ཆེ་གེ་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ ཞེས་བཏགས་ལ་བཟླའོ༔ བྱོན་པའི་དུས་སུ་སྐྱེམས་ཀྱིས་མཉེས་པར་བྱ་བ་ནི༔ ཧཱུྃ༔ རྡོ་རྗེ་ཅན་གྱི་དཀྱིལ་འཁོར་ལྷ༔ གནས་འདིར་བྱོན་ནས་བདག་སྨིན་ཕྱིར༔ བདུད་རྩི་སྐྱེམས་མཆོད་བཞེས་སུ་གསོལ༔ འཁོར་བ་མྱང་འདས་ཆེན་པོར་སྒྲོལ༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ སརྦ་སིདྡྷི་ཕ་ལ་ཨཱཿལན་བདུན་ཕུལ༔ གཤེགས་དུས་འགྲོ་ཀུན་རྗེས་བཟུང་ཕྱིར༔ བདུད་རྩིའི་སྐྱེམས་ཀྱིས་ཚིམ་པར་བྱ༔ དེ་ལ༔ ཧཱུྃ༔ རྡོ་རྗེ་ཅན་གྱི་དཀྱིལ་འཁོར་ལྷ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ འགྲོ་ཀུན་རྗེས་སུ་བཟུང་བའི་ཕྱིར༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་བཞེས༔ ཨོཾ་ཨ་མྲྀ་ཏ་ཁཱ་ཧི༔ པྲཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་སྭཱ་ཧཱ༔ ལན་བདུན་ཕུལ༔ དེ་ནས་བཟོད་གསོལ་བྱས་པའི་མཐར༔ ཧཱུྃ༔ ཡེ་ཤེས་དབྱིངས་ནས་བཞེངས་པའི་ལྷ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གཤེགས༔ རྟག་ཏུ་བདག་ནི་ཐུགས་རྗེས་ཟུངས༔ བཛྲ་མུ༔ དམ་ཚིག་པ་ཉིད་མེ་རུ་ཞུ༔ སྦྱིན་སྲེག་ཟ་བའི་གདོན་འཇོམས་གྱུར༔ རཾ་རཾ་པ་ཡེ་སྭཱ་ཧཱ༔ དགྲ་བགེགས་བསྒྲལ་ལས་བྱས་པ་ཡི༔ ཐལ་སོལ་ལམ་གྱི་ཁྲམ་མདོར་མནན༔ ཡང་ན་མཆོད་རྟེན་འོག་ཏུ་མནན༔ ཚོགས་བསགས་ཆེད་དུ་བྱས་པ་ཡི༔ ཐལ་སོལ་གཙང་མའི་ས་རུ་གཤེགས༔ འདི་ལ་རྟག་བརྩོན་རྣལ་འབྱོར་གྱིས༔ བསམ་དོན་ཐམས་ཅད་ཐོགས་མེད་འགྲུབ༔ འདི་ནི་ཤིན་ཏུ་ཟབ་པའི་གནད༔ སྐལ་ལྡན་དག་གི་སྐལ་བའོ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།