ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་བདེ་གཤེགས་སྙིང་པོ་ལས༔ ཚོགས་མཆོད་འཁོར་བ་དབྱིངས་སྒྲོལ༔

From Dudjom Wiki
Revision as of 09:22, 4 September 2025 by Mort (talk | contribs) (Text replacement - "ཧོཿ" to "ཧོཿ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-027
Wylie title zab gsang mkha' 'gro'i snying thig las: dpal chen rdo rje gzhon nu'i sgrub pa bde gshegs snying po las: tshogs mchod 'khor ba dbyings sgrol: TTDL-ZABTER-05-CA-027.pdf
Location bdud 'joms gling pa zab gter
Volume 5, Text 27, Pages 265-269 (Folios 1a1 to 3a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen rdo rje gzhon nu'i sgrub pa bde gshegs snying po las tshogs mchod 'khor ba dbyings sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 265-269. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: tshogs mchod   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Feast Offering - tshogs mchod - tshogs kyi 'khor lo
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་ཡེ་ཤེས་འོད་ཟེར་གྱིས་བསྐུལ་གོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་བླ་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།། །།

zhes pa 'di ni khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te mi lo bco brgyad bar du bka' rgyas btab ste mthar rang slob dam pa ye shes 'od zer gyis bskul gor smar mdo bkra shis dga' 'khyil du dag par phab pa'i yi ge pa ni hor bla yongs grub rig pa'i rdo rje'o/_/dge'o//_//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་པ་བདེ་གཤེགས་སྙིང་པོ་ལས༔ ཚོགས་མཆོད་འཁོར་བ་དབྱིངས་སྒྲོལ་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་ཐ་མ་ལ༔ པདྨ་ང་ཡི་བརྒྱུད་འཛིན་རྣམས༔ ཡང་གསང་སྒྲུབ་པའི་སྒོར་འཇུག་ཚེ༔ ཚོགས་རྫོགས་སྒྲིབ་པ་སྦྱོང་བ་དང་༔ དངོས་གྲུབ་མྱུར་དུ་འཐོབ་པའི་ཕྱིར༔ ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱ༔ འབྱོར་ཚོགས་ཅི་རིགས་བཤམས་ནས་སུ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབ༔ ཨ༔ ཀུན་གཞི་ཡངས་པའི་མཁའ་ཀློང་དུ༔ ཀུན་རྟོག་ལྷ་མོའི་རྣམ་རོལ་རྩེ༔ ཀུན་སྣང་འདོད་ཡོན་རྒྱན་དུ་ཆེ༔ ཀུན་བཟང་མཆོད་སྤྲིན་བླ་ན་མེད༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཀུན་ཁྱབ་ཐིག་ལེའི་མཁའ་ཀློང་ནས༔ ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ སྒྱུ་འཕྲུལ་སྤྲུལ་པ་འཁོར་བཀའ་སྡོད༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ འབྲུ་གསུམ་ནུས་པས་སྦྱང་སྤེལ་བསྒྱུར༔ བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ༔ སྐུ་གསུམ་དབྱིངས་སུ་དག་མཉམ་རོལ༔ མ་ཧཱ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བར་བཤགས་བྱ་བ་ལ༔ ཧཱུྃ༔ གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱི༔ གནས་ལུགས་རྡོ་རྗེ་ཐེག་པའི་ཞལ༔ མ་རིག་གཉིས་འཛིན་སྒྲིབ་པའི་བག༔ རིག་པ་ཡེ་ཤེས་ཆེན་པོར་བཤགས༔ ཨོཾ་གྷ་ཎ་ཙཀྲ་སོགས་ཚང་བར་བརྗོད༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ༔ ཁྱབ་བདག་རྡོ་རྗེ་གཞོན་ནུ་ཡིས༔ མཁྱེན་གཉིས་ཡེ་ཤེས་རྩལ་གྱི་མཚོན༔ བདག་ལྟའི་རཱུ་དྲའི་སྲོག་ལ་གདབ༔ ཁམས་གསུམ་འཁོར་བའི་འཆིང་རྒྱ་བཅད༔ རཱུ་དྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ གཟུང་འཛིན་རཱུ་དྲ་བསྒྲལ་བ་ལས༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ ཀུན་བྱེད་རྒྱལ་པོ་ཧེ་རུ་ཀའི༔ བཀའ་ཉན་རང་རྩལ་ལྷག་སྡུད་མ༔ གཤེགས་བྱོན་མེད་དེ་ཡེ་ནས་རྫོགས༔ འཁོར་བ་མྱང་འདས་ཆེན་པོར་རོལ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ དང་པོ་མཉམ་པ་ཉིད་ཀྱི་དུས༔ གནས་ལུགས་རྡོ་རྗེ་གཞོན་ནུ་ཡིས༔ ཁམས་གསུམ་ཁྲག་ཏུ་རོལ་པའི་ཚེ༔ ཆོས་ཀུན་ཆོས་ཉིད་དམ་རྒྱར་བཅིང་༔ བར་དུ་གདུལ་བྱའི་དཔལ་མཚོ་རུ༔ གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར༔ སྟོན་དང་བསྟན་པར་ཤར་བའི་ཚེ༔ རྟེན་འབྲེལ་སྲིད་པ་སྟོང་རྒྱས་བཏབ༔ ཐ་མ་དོན་གྱི་འོག་མིན་མཁར༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔ འཁོར་འདས་དག་མཉམ་རོལ་པའི་ཚེ༔ སེམས་སྣང་བདག་མེད་ཀློང་རྒྱས་བཏབ༔ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ ཐབས་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔ འདོད་ཡོན་རྣམ་དག་གཏོར་མ་ལ༔ རྟོག་ཚོགས་གནས་དག་སྲུང་མས་རོལ༔ དེ་ནས་བརྟན་མ་ནི༔ ཧཱུྃ༔ སྲིད་པའི་རྟེན་འབྲེལ་ལུགས་འབྱུང་ལ༔ སྟོང་པའི་རྒྱས་འདེབས་བརྟན་མ་སྐྱོང་༔ བདེ་སྟོང་ཡེ་ཤེས་གཏོར་མའི་རོ༔ རོལ་ལ་འཁོར་བའི་བག་ཆགས་གཏོར༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ རང་བཞིན་རྣམ་དག་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རཱུ་དྲ་བྲབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ གདོད་མ་གཞི་ཡི་ཧེ་རུ་ཀའི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ སྒོ་གསུམ་བུམ་པའི་སྣོད་དུ་བསྐྱིལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔ བསྲུང་དུ་མེད་དེ་ཉམས་དང་བྲལ༔ བཤགས་བྱ་བཤགས་བྱའི་ཡུལ་ལས་འདས༔ མཚན་འཛིན་མཚན་མ་བྲལ་བར་བཤགས༔ བཛྲ་ས་མ་ཡ་ཨ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ དུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣལ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔ ཕཊ༔ ཕཊ༔ ཕཊ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་ལྟ་བའི་ཀློང་༔ མ་བཅོས་རང་གྲོལ་སྒོམ་པའི་ཀློང་༔ བྱ་རྩོལ་བྲལ་བ་སྤྱོད་པའི་ཀློང་༔ ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག༔ འདི་ནི་ཡང་གསང་སྒྲུབ་པ་སྟེ༔ དུས་གསུམ་སངས་རྒྱས་ཡོན་ཏན་རྫོགས༔ རིག་འཛིན་འབུམ་གྱི་སྙིང་ཁྲག་ཡིན༔ མ་དང་མཁའ་འགྲོའི་སྲོག་བཅུད་ཡིན༔ བཀའ་སྲུང་ཡོངས་ཀྱི་མིག་འབྲས་ཡིན༔ དོན་རྟོགས་ཉམས་སུ་ལེན་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ ཆོས་བདག་བར་ཆད་སེལ་བ་དང་༔ བསྟན་པའི་སྲོག་ཤིང་འཛུག་པའི་ཕྱིར༔ བླ་མེད་འདི་ནི་བཅུད་དུ་བཞག༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་ཡེ་ཤེས་འོད་ཟེར་གྱིས་བསྐུལ་གོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་བླ་ཡོངས་གྲུབ་རིག་པའི་རྡོ་རྗེའོ། །དགེའོ།། །།