ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ གཙོ་སྒྲུབ་རྡོ་རྗེའི་ཐོད་པ༔

From Dudjom Wiki
Revision as of 10:10, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-050
Wylie title zab gsang mkha' 'gro'i snying thig las: che mchog rdo rje gro lod kyi: gtso sgrub rdo rje'i thod pa: TTDL-ZABTER-01-KA-050.pdf
Location bdud 'joms gling pa zab gter
Volume 1, Text 50, Pages 473-483 (Folios 1a1 to 6a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog rdo rje gro lod kyi gtso sgrub rdo rje'i thod pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 473-483. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gtso sgrub   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang sbas pa'i rnal 'byor bdud 'joms rdo rje gro lod rtsal gyis gser smad rnga la stag rtse'i g.yas logs rdo rje brag nas bton te mthar smar mdo bkra shis dga' 'khyil du dag par phab pa'i yi ge pa ni rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ གཙོ་སྒྲུབ་རྡོ་རྗེའི་ཐོད་པ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ གཙོ་སྒྲུབ་རྡོ་རྗེའི་ཐོད་པ་ནི༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ བརྒྱུད་འཛིན་དད་དམ་ལྡན་པ་ཡི༔ སྨོན་ལམ་ལས་ཅན་སྐལ་ལྡན་གྱི༔ དཔལ་དུ་པད་འབྱུང་བདག་གིས་བཀོད༔ པདྨའི་བརྒྱུད་འཛིན་བུ་རྣམས་ཀྱིས༔ གདམས་ངག་བཅུད་འདི་ཉམས་སུ་ལོངས༔ དཀྱིལ་འཁོར་གཏོར་མ་འདིར་མི་དགོས༔ ཕུར་པ་རྟེན་གྱི་དཔལ་དུ་བཙུག༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་སྤུངས༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ལས༔ ཡུལ་དང་བདག་པོར་ལྟོས་པ་མིན༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བདག་ནི་དེང་བཟུང་བྱང་ཆུབ་བར༔ ལྷག་པའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཁམས་དོང་ནས་སྤྲུགས་པའི་ཕྱིར༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ ལན་གསུམ༔ དེ་ནས་མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་མ་བཅོས་ངང་གིས་ཁྲོས༔ ཀ་དག་ཆོས་སྐུའི་རྒྱལ་པོ་སྟེ༔ ཉོན་ཅིག་གློ་བུར་རྣམ་རྟོག་བགེགས༔ ཡུལ་མེད་ཟང་ཐལ་ངང་དུ་ཕཊ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཨ༔ སྣང་བ་ཀ་དག་ཆོས་སྐུའི་མཁའ༔ སྲིད་པ་སྒྱུ་འཕྲུལ་རོལ་པའི་ལྷ༔ གནོད་བྱ་གནོད་བྱེད་དངོས་འཛིན་མེད༔ ཐབས་ཤེས་སྙོམས་འཇུག་སྲུང་གུར་ཆེ༔ བཛྲ་ས་མ་ཡ་རཀྵ་རཀྵ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་གཞལ་ཡས་ནས༔ ཆེ་མཆོག་རཀྴ་ཐོད་ཕྲེང་རྩལ༔ རྡོ་རྗེ་གྲོ་ལོད་རྩ་གསུམ་ལྷའི༔ དབང་བྱིན་དངོས་གྲུབ་བདག་ལ་སྤོར༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ༔ ཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ ལན་གསུམ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་གཟུང་འཛིན་ཆོས༔ སྦྱོང་བྱེད་རིག་པའི་ཀློང་རྒྱས་འདེབས༔ ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་གྷ་ཎ་ཙཀྲ་ཧཱུྃ་སྭཱ་ཧཱ༔ དེ་ནས་ཞི་བར་བསྙེན་པ་ནི༔ ཧཱུྃ༔ སྣང་སྲིད་དག་མཉམ་ཆེན་པོའི་ཀློང་༔ རྡོ་རྗེས་གཏམས་པའི་ཐོད་མཁར་དབུས༔ པདྨ་ཉི་མ་སྡེ་བརྒྱད་སྟེང་༔ རང་ཉིད་ཧྲཱིཿལས་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་སྐུ་རུ་གསལ༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཕྱག་གཡས་རྡོ་རྗེ་ས་ལ་བསྡིག༔ གཡོན་པས་བྷནྡྷ་ལྟེ་བར་འཛིན༔ རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ པད་ཞྭ་ཟ་བེར་ཐང་ཤམ་དང་༔ ཕོད་ཀ་དར་གྱི་ཆོས་གོས་གསོལ༔ འཇའ་དང་འོད་ཀྱི་ཀློང་དུ་བསྐྱེད༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་ཧཱུྃ་ཕཊ༔ བརྒྱ་བརྗོད་མཐར༔ ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས༔ ཆེ་མཆོག་དཔལ་དགུའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ བླ་མ་ཡི་དམ་དགོངས་སྦྱོར་བའི༔ གཉིས་སུ་མེད་པར་འཆོལ་བར་ཁྲོས༔ རྒྱལ་བསེན་སྡེ་བརྒྱད་བསྣོལ་བའི་སྟེང་༔ ཟ་བྱེད་སྟག་མོ་མགོ་དགུ་པའི༔ སྟེང་ཞལ་གྱེན་བསྟན་ལྷ་གདོན་འཇོམས༔ བར་ཞལ་རྒྱལ་བསེན་སྡེ་བརྒྱད་འཇོམས༔ འོག་ཞལ་ཐུར་བསྟན་ཀླུ་གདོན་འཇོམས༔ སྡེར་བཞིས་བདུད་བཞིའི་སྡེ་དཔུང་གནོན༔ རབ་འཇིགས་རྔམས་ཤིང་བརྗིད་པའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ དགྲ་བགེགས་མགོ་བོ་ཚལ་པར་འགེམ༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ དགྲ་གདོན་ལུས་སེམས་དུམ་བུར་འཐོར༔ སྤྱན་གསུམ་བར་སྣང་ཁམས་སུ་གཟིགས༔ སྣང་སྲིད་མ་ལུས་ཟིལ་གྱིས་གནོན༔ མཆེ་བ་ཟླ་ལྟར་མན་དུ་གཙིགས༔ ཨམ་གཙིགས་རབ་བསྡམས་ཁྲོ་གཉེར་བསྡུས༔ སྡེ་བརྒྱད་བདུད་བགེགས་ཟིལ་གྱིས་གནོན༔ སྨ་ར་སྨིན་མར་མེ་ཞགས་འཕྲོ༔ བར་ཆད་གནོད་བྱེད་ཐམས་ཅད་བསྲེགས༔ དབུ་སྐྲ་དམར་སེར་གཡས་སུ་འཁྱིལ༔ ཁྲག་འཐུང་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྙན་ཆ་དུང་གི་ཝང་མིག་མཛེས༔ བརྒྱུད་འཛིན་མ་ལུས་ཐར་ལམ་གཟུད༔ ཟ་བེར་ཐང་ཤམ་ཆོས་གོས་དང་༔ ཕོད་ཁ་ཁྲག་འཛག་མགོ་ཕྲེང་གསོལ༔ འཁོར་བ་མྱང་འདས་ཆེན་པོར་གཞིག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཁམས་གསུམ་མ་ལུས་ཟིལ་གནོན་མཛད༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང་༔ ཉོན་མོངས་འཁྲུལ་བའི་བག་ཆགས་བསྲེགས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས༔ སྤྲུལ་པ་ཕག་ཁྱུང་སྡིག་སེང་དང་༔ ཟ་བྱེད་སྟག་མོ་གྲུས་མ་འགྱེད༔ གནོད་བྱེད་མ་ལུས་ཧབ་ཧབ་ཟ༔ བརྒྱལ་བྱེད་དྲི་ངན་ན་བུན་འཕྲོ༔ བདུད་བགེགས་རྒྱལ་བསེན་སྡེ་བརྒྱད་ཀུན༔ བརྒྱལ་འབོག་མྱོས་ནུས་ལྡན་པར་བསམ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་དང་༔ ལྷོ་ནུབ་རྔ་ཡབ་གླིང་སོགས་ནས༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་དང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ མ་ལུས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ རྒྱུད་སྡེའི་དཀྱིལ་འཁོར་གཤེགས་སུ་གསོལ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་ཡེ་ཤེས་གཉིས་མེད་ངང་༔ བྱང་ཆུབ་བར་དུ་བརྟན་བཞུགས་གསོལ༔ མ་བཅོས་རང་བྱུང་རིག་པའི་ངང་༔ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔ ཨོཾ་བཛྲ་ས་མ་ཡ་སྟྭཾ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ རང་སྣང་གཉིས་སུ་འཛིན་པའི་འཕྲུལ༔ སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ ལྷག་པའི་ལྷ་ལ་གུས་པས་འབུལ༔ མཉམ་ཉིད་བདེ་བ་ཆེན་པོར་རོལ༔ ཧཱུྃ༔ མ་དག་སྙིགས་མའི་ལུས་གཞིག་པས༔ ཕུང་ལྔའི་རྒྱུ་ལས་བྱུང་བ་ཡི༔ ཤ་ཆེན་ལྔ་ཡི་མཆོད་པ་འབུལ༔ དུག་ལྔ་དབྱིངས་སུ་གཞིག་པ་ཡི༔ བདུད་རྩི་ལྔ་ཡི་མཆོད་པ་འབུལ༔ སེམས་སྣང་བག་ཆགས་འཁོར་ལོའི་རྩིབས༔ ཚོགས་ཡུལ་རང་བྱུང་མཆོད་པའི་སྤྲིན༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ ཡི་དམ་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་སརྦ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྲོས་བྲལ་ཆོས་དབྱིངས་ཀློང་ཆེན་བུམ་པའི་ངང་༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར༔ ཡེ་ཤེས་ལྔ་རྫོགས་ལྷུན་གྲུབ་གཞལ་ཡས་སུ༔ སྐུ་གསུམ་སྐུ་བཞི་སྐུ་ལྔ་རིགས་ལྔར་བཅས༔ ཡོངས་འདུས་ཆེ་མཆོག་དོན་གྱི་ཧེ་རུ་ཀ༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ བླ་མེད་གསང་བ་དཔལ་དགུ་མཉམ་སྦྱོར་ནས༔ མ་རུངས་བདུད་སྡེ་རཱུ་ཏྲ་ཚར་གཅོད་མཛད༔ ཞི་ཉིད་མི་འགྱུར་རབ་འཇིགས་ཁྲོ་བོར་ལངས༔ དྲག་གཏུམ་རྔམས་པ་ཟ་བྱེད་འབར་བའི་ཚུལ༔ ཁྲོས་པའི་ཡང་ཁྲོས་དྲག་ཁྲོས་འཆོལ་བར་ཁྲོས༔ དུག་མེད་དུག་ལྔའི་རང་གཟུགས་དུག་ལྔ་འཇོམས༔ གཉིས་མེད་གཉིས་སུ་འཛིན་པའི་སེམས་ཅན་གྱི༔ ལོག་པར་རྟོག་པའི་རཱུ་ཏྲ་འཇོམས་པའི་ཕྱིར༔ སྤྲུལ་པ་ཟ་བྱེད་ལས་མཁན་ཁྲ་ཐབས་འགྱེད༔ ཆེ་མཆོག་ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ མགོན་པོ་ཁྱོད་ཀྱིས་བདག་ཉིད་རྗེས་བཟུང་ནས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་ཏེ༔ མཐར་ཐུག་སྤྱི་དཔལ་ཆེན་པོའི་ས་ཐོབ་ཤོག༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ བདེ་གཤེགས་ཡོངས་རྫོགས་དགོངས་སུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་ལ༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༴ དེ་ནས་ཛབ྄་དགོངས་ཟབ་མོ་ནི༔ རང་ཉིད་རྡོ་རྗེ་གྲོ་ལོད་དུ་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བའི་སྙིང་གར་ཉི་མའི་གདན་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་བའི་ནང་དུ་དྭངས་མ་ལྔ་ལྡན་ཐིག་ལེའི་ཀློང་དུ་ཡི་གེ་ཧཱུྃ་དམར་པོའི་མཐར་བསྙེན་སྒྲུབ་ཀྱིས་གཡས་ལས་སྦྱོར་གྱིས་གཡོན་དུ་སྒ་ར་ར་འཁོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་ཐམས་ཅད་རྒྱས་པ་དང་༔ སྣང་སྲིད་འཁོར་འདས་ཐམས་ཅད་དབང་དུ་འདུ་བ་དང་༔ གནོད་བྱེད་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་རྡུལ་དུ་བརླག་ནས་ལས་ལ་ཁོལ་བར་གྱུར༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་གྲོ་བོ་ལོད་མ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ རྩ་སྔགས་མཐར༔ ཨོཾ་བཛྲ་སརྦ་དུཎྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ས་མ་ཡ༔ ལས་ལ་སྦྱོར་བའི་ཡང་སྔགས་ནི༔ རྩ་སྔགས་མཐར༔ ཨོཾ་ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཟོ་མདོག་རྒྱས་པའི་ལས་སྦྱོར་ནི༔ རྩ་སྔགས་མཐར༔ ཨ་མྲྀ་ཏེ་སྭཱ་ཧཱ༔ བཟའ་བཏུང་ཀུན་ལ་ལན་བདུན་བཏབ༔ གཉན་རྣམས་འཇོམས་པའི་ལས་སྦྱོར་ནི༔ རང་ཉིད་ཁྲོ་བོ་ཁྱུང་ཞོན་བསྒོམ༔ ཁྱུང་གིས་གཉན་རྣམས་འཇོམས་པར་བསམ༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་བཛྲ་ཁྲོཾ་ག་རུ་ཌ་ཧཱུྃ་གཉན་པཪྤ་ཏ་མཱ་ར་ཡ་ཛྭ་ལ་རཾ་རྦད་སོད༔ རྩ་སྔགས་བྱེ་བ་བཞི་བརྗོད་ཅིང་༔ སྒྲུབ་པ་གསུམ་དང་ལས་སྦྱོར་གཅིག༔ བསྒྲུབ་ནས་བསྐྱེད་རྫོགས་གདིང་ལྡན་ཅིང་༔ གཞན་དུ་ཡེངས་པར་མ་གྱུར་ན༔ མཆོག་གི་དངོས་གྲུབ་ངེས་པར་འགྲུབ༔ བསྐྱེད་རྫོགས་གདིང་དང་ལྡན་པ་ཡིས༔ འདི་ཉིད་ཉམས་སུ་ལེན་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨས་བརྒྱུད་འཛིན་བསླུས་པ་ཡིན༔ ལས་ཚོགས་རྩ་བའི་སྒྲུབ་པའོ༔ སྒྲུབ་པ་བྱེད་པའི་སྐལ་ལྡན་རྣམས༔ ལྷ་འདི་རང་རྒྱུད་མ་གོལ་ཅིག༔ གདོད་མ་གཞི་ཡི་སངས་རྒྱས་ཏེ༔ རྣམ་པ་ངོ་བོར་ལྷུམས་ཞུགས་པའི༔ མན་ངག་རང་ཚུལ་ཤེས་པ་གནད༔ གཉིས་སུ་གོལ་ན་འཁྲུལ་པར་འཕྱན༔ དུས་དང་རྣམ་པ་ཐམས་ཅད་དུ༔ བདག་དང་གཞན་དུ་མི་བལྟ་བར༔ འཁོར་འདས་རང་སྣང་རང་ཤེས་ཀྱི༔ ངང་ལས་རང་ཉིད་ཡེ་ཤེས་ལྷའི༔ ང་རྒྱལ་གདིང་དང་མི་འབྲལ་གནད༔ སྣང་སྲིད་ངོ་བོ་ཉིད་ཀྱིས་ཟླུམས༔ གནས་ལུགས་ཡིན་ལུགས་ངོ་ཤེས་ན༔ གོལ་ས་ཐམས་ཅད་དེས་གྲོལ་བྱེད༔ འདི་ནི་བདེ་གཤེགས་ཐམས་ཅད་ཀྱི༔ སྲོག་གི་ཡང་སྙིང་བཅུད་དུ་དྲིལ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ པདྨའི་སྙིང་ཐིག་ཡི་གེར་ཐོབ༔ ༠༠༠༠༠བརྡ་ཡིག༤༨༢༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ ཞིང་སྐྱོང་གཟའ་དང་མ་མོས་སྲུངས༔ དམ་ཉམས་བཀའ་ལོག་སྲོག་རྩ་ཆོད༔ དམ་ལྡན་སྐྱེས་བུ་བུ་ལྟར་སྐྱོངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྦས་པའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།