ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་ཟབ་བདེ་གཤེགས་སྙིང་པོའི་བསྐུལ་བ་རྡོ་རྗེའི་ཐོག་མདའ༔

From Dudjom Wiki
Revision as of 10:10, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-031
Wylie title zab gsang mkha' 'gro'i snying thig las: yang zab bde gshegs snying po'i bskul ba rdo rje'i thog mda': TTDL-ZABTER-05-CA-031.pdf
Location bdud 'joms gling pa zab gter
Volume 5, Text 31, Pages 277-281 (Folios 1a1 to 3a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las yang zab bde gshegs snying po'i bskul ba rdo rje'i thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 277-281. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag bskul   Verso: bdud 'joms phur pa bde gshegs snying po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡང་གསང་བདེ་གཤེགས་སྙིང་པོ་ (dpal chen rdo rje gzhon nu'i yang gsang bde gshegs snying po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བརྒྱད་བར་དུ་བཀའ་རྒྱ་བྱས་ཏེ་མཐར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di khrag 'thung bdud 'joms rdo rjes gter nas bton te mi lo nyer brgyad bar du bka' rgya byas te mthar gser shod bla ma rong du dag par phab pa'i yi ge pa ni rigs sras mkhyen brtse'i myu gu'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་ཟབ་བདེ་གཤེགས་སྙིང་པོའི་བསྐུལ་བ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསྐུལ་བ་རྡོ་རྗེ་ཐོག་མདའ་ལ༔ གསེར་སྐྱེམས་གཏོར་མ་ཅི་མང་བཤམས༔ དགྲ་བགེགས་བཀུག་བསྟིམ་ཤ་ཁྲག་གི༔ རི་དང་རྒྱ་མཚོ་ཆེན་པོར་དམིགས༔ ཛཿཞེས་བརྗོད་པས་ཆོས་ཉིད་སྤྲོས་པ་དང་བྲལ་བ་ནམ་མཁའ་རྣམ་པར་དག་པའི་དབྱིངས་ནས་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་འཕྲལ་དུ་ཤར་བ་ལྟར་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་རྡོ་རྗེ་ཕུར་པའི་རྣམ་པར་བཞེངས་ཏེ་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་མངོན་སྤྱོད་ཀྱི་ལས་ལ་ཆས་པར་བསམ༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་སྤྲུལ་པའི་དུས་ལ་བབ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ རྦད་དོ་དགྲ་དང་བགེགས་ལ་རྦད༔ ཆོས་ཤིག་མངོན་སྤྱོད་ལས་ལ་ཆོས༔ རྡོ་རྗེ་གཞོན་ནུ་སྐུར་བཞེངས་ཤིག༔ ཞིང་བཅུའི་དགྲ་བགེགས་བཀུག་ཅིང་སྒྲོལ༔ འཁོར་ལོ་རྒྱས་འདེབས་སྐུར་བཞེངས་ཤིག༔ འཁོར་བ་མྱང་འདས་ཆེན་པོར་ཆོམས༔ ཨེ་ཀ་ཙ་ཏི་སྐུར་བཞེངས་ཤིག༔ བདག་ལྟའི་རཱུ་དྲ་ཆམ་ལ་ཕོབ༔ བུདྡྷཱ་ཀཱི་ལ་སྐུར་བཞེངས་ཤིག༔ གཏི་མུག་ལས་བྱུང་དགྲ་འདྲེ་ཐུལ༔ རྡོ་རྗེ་ཀཱི་ལ་སྐུར་བཞེངས་ཤིག༔ ཞེ་སྡང་དགྲ་བགེགས་ཆམ་ལ་ཕོབ༔ རཏྣ་ཀཱི་ལ་སྐུར་བཞེངས་ཤིག༔ ང་རྒྱལ་རང་གཟུགས་དགྲ་བགེགས་སྒྲོལ༔ པདྨ་ཀཱི་ལ་སྐུར་བཞེངས་ཤིག༔ འདོད་ཆགས་རང་གཟུགས་དགྲ་བགེགས་སོད༔ ཀརྨ་ཀཱི་ལ་སྐུར་བཞེངས་ཤིག༔ ཕྲག་དོག་རང་གཟུགས་དགྲ་བགེགས་སྒྲོལ༔ སྟེང་གི་ཁྲོ་བོ་ཧཱུྃ་ཀཱ་ར༔ ལྷ་གདོན་འདུལ་ཕྱིར་སྐུར་བཞེངས་ཤིག༔ ཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ༔ དྲི་ཟ་འདུལ་ཕྱིར་སྐུར་བཞེངས་ཤིག༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད༔ གཤིན་རྗེ་འདུལ་ཕྱིར༴ ནུབ་ཕྱོགས་ཁྲོ་ཆེན་རྟ་མགྲིན་རྒྱལ༔ ཀླུ་གདོན་འདུལ་ཕྱིར༴ བྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ༔ གནོད་སྦྱིན་འདུལ་ཕྱིར༴ ཤར་ལྷོ་ཁྲོ་ཆེན་དབྱུག་སྔོན་ཅན༔ མེ་ལྷ་འདུལ་ཕྱིར༴ ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན༔ སྲིན་པོ་འདུལ་ཕྱིར༴ ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ༔ རླུང་ལྷ་འདུལ་ཕྱིར༴ བྱང་ཤར་ཁྲོ་ཆེན་ཁམས་གསུལ་རྒྱལ༔ དབང་ལྡན་འདུལ་ཕྱིར༴ འོག་ཕྱོགས་ཁྲོ་ཆེན་སྟོབས་པོ་ཆེ༔ ས་བདག་འདུལ་ཕྱིར༴ སྤྲུལ་པ་ཟ་གསོད་ཕོ་མོའི་ཚོགས༔ དགྲ་བགེགས་གཤེད་དུ་སྐུར་བཞེངས་ཤིག༔ དབང་ཕྱུག་ཕུར་སྲུང་བཀའ་སྡོད་ཚོགས༔ ཞིང་བཅུའི་སྲོག་གི་གཤེད་དུ་བཞེངས༔ དུས་ལ་བབ་པོ་ས་མ་ཡ༔ དམ་ཉམས་དགྲ་བགེགས་སྡིག་ཅན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིགས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ མཚན་ལྡན་བླ་མའི་སྐུ་ལ་བདོས༔ དམ་ཚིག་སྡོམ་པའི་ཆོས་ཁྲིམ་བཤིགས༔ ཉེས་མེད་སེམས་ཅན་ཡོངས་ལ་འཚེ༔ ཐར་པ་བསྒྲུབ་པའི་ལམ་བགགས་ཤིང་༔ རྣམ་མཁྱེན་ཡེ་ཤེས་ཉི་ཞལ་བསྒྲིབས༔ སྒྲུབ་པ་གཉན་པོའི་འབྲས་བུ་བཅོམ༔ རྣལ་འབྱོར་སྲོག་གི་གཤེད་དུ་བབ༔ དགེ་བཙུན་སྔགས་པའི་ཟས་ནོར་འཕྲོག༔ དེ་འདྲའི་ལས་སྐལ་ངན་པ་འདི༔ ལོ་ཟླར་བཞག་པའི་ལོང་མེད་ཀྱི༔ དོ་ནུབ་ཉིད་དུ་ཁུག་ལ་སྒྲོལ༔ བླ་ཁུག་ལས་ཀྱི་ལིང་གར་ཕོབ༔ ཚེ་ཡི་རྒྱུན་ཐག་རྦད་ཀྱིས་ཆོད༔ སྲོག་གི་མར་མེ་བསྣུབ་པར་མཛོད༔ སྙིང་ཁྲག་ཁ་ནས་སྐྱུགས་སུ་ཆུགས༔ ཐུན་མཚོན་ནད་མུག་ཆར་དུ་ཕོབ༔ ཚེ་ཡི་དུས་ཀྱི་མཐའ་བསྟུང་ལ༔ སྟེང་ནས་གནམ་གྱི་འཇུ་ཐག་ཆོད༔ འོག་ནས་ས་ཡི་རྟེན་ཕུར་ཕུད༔ བར་ནས་ལུས་སེམས་འབྲེལ་ཐག་ཆོད༔ མགོན་སྐྱབས་ལྷ་སྲུང་བདུད་དུ་ཕོབ༔ དཔུང་གཉེན་རྩ་ལག་གཤེད་དུ་བསྒྱུར༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ བླ་གཤེད་བླ་བདུད་བླ་གསོད་པའི༔ ཕོ་ཉ་མཚོན་ཐུན་སྤྲུལ་པ་འགྱེད༔ རྒྱལ་འགོང་གཤེད་དུ་ལྕགས་སྡིག་དང་༔ ཀླུ་གཉན་གཤེད་དུ་ཕག་ཁྱུང་སོགས༔ དགྲ་བགེགས་རང་རང་འདུལ་བྱེད་ཀྱི༔ སྤྲུལ་པ་ཁྲ་ཐབས་འགྱེད་དུ་གསོལ༔ མ་གཡེལ་མ་འགྱངས་མ་ཕྱི་བར༔ ད་ལྟ་ཉིད་དུ་ལས་མཛོད་ཅིག༔ ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དང་༔ དོན་དམ་ཆོས་ཉིད་རྣམ་དག་གི༔ བདེན་པ་དཔང་བཙུགས་གཏའ་རུ་བཞག༔ བསླུའམ་མི་བསླུ་ཁྱེད་ཀྱིས་མཁྱེན༔ དམར་གཏོར་ཁྲག་སྐྱེམས་འདི་བཞེས་ལ༔ འགུགས་བསྒྲལ་དྲག་པོའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ རྩ་སྔགས་མཐར༔ སརྦ་དྷརྨ་པཱ་ལ༔ ཀྵེ་ཊ་པཱ་ལ༔ ལོ་ཀ་པཱ་ལ༔ སརྦ་ས་མ་ཡ༔ དགྲ་བགེགས་གདུག་པ་ཅན་གྱི་བླ་ཚེ་སྲོག་གསུམ་ལ་རྦད་རྦད་བྷྱོ་བྷྱོ༔ དེ་ལྟར་དྲག་བསྐུལ་ཟབ་མོ་ཡིས༔ ཞིང་བཅུའི་དགྲ་བགེགས་ཐམས་ཅད་བརླག༔ རྣོ་ནུས་བྱིན་རླབས་དཔག་ཏུ་མེད༔ གང་ལ་བྱས་ཀྱང་ཐོག་ལས་ལྷག༔ རིག་འཛིན་མཁའ་འགྲོའི་བྱིན་གྱིས་བརླབས༔ དྲང་སྲོང་སྨོན་ལམ་སྟོབས་ཀྱིས་བརླག༔ སྐལ་པ་ཅན་གྱི་དཔལ་དུ་ཤོག༔ དྲང་སྲོང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་བརྒྱད་བར་དུ་བཀའ་རྒྱ་བྱས་ཏེ་མཐར་གསེར་ཤོད་བླ་མ་རོང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་རིགས་སྲས་མཁྱེན་བརྩེའི་མྱུ་གུའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།