ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་གསང་བ་འདུས་པའི་བསྐུལ་བ་སྟོང་གསུམ་གཡོ་བྱེད༔

From Dudjom Wiki
Revision as of 10:10, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-026
Wylie title zab gsang mkha' 'gro'i snying thig las: bde gshegs sgrub pa bka' brgyad gsang ba 'dus pa'i bskul ba stong gsum g.yo byed: TTDL-ZABTER-06-CHA-026.pdf
Location bdud 'joms gling pa zab gter
Volume 6, Text 26, Pages 385-456 (Folios 1a1 to 36b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bde gshegs sgrub pa bka' brgyad gsang ba 'dus pa'i bskul ba stong gsum g.yo byed. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: 385-456. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag bskul   Verso: bdud 'joms bka' brgyad gsang 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle བདེ་གཤེགས་བཀའ་བརྒྱད་གསང་བ་འདུས་པ་ (bde gshegs bka' brgyad gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
Colophon

ཞེས་པ་འདི་ཉིད་གར་དབང་ཁྲག་འཐུང་བདུད་འཇོམས་གླིང་པས་ཤིང་མོ་ལུག་ལོར་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་ཅན་ནས་བཏོན་ཏེ་བཀའ་རྒྱས་བཏབ་ནས་སླར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ །།ལེགས་སོ། །སརྦ་མངྒ་ལཾ། །བཀྲ་ཤིས་སོ།།

zhes pa 'di nyid gar dbang khrag 'thung bdud 'joms gling pas shing mo lug lor rnga rol stag rtse'i g.yas logs rdo rje can nas bton te bka' rgyas btab nas slar chos kyi bdag po sna tshogs rang grol dang mkhyen rab rgya mtsho klong chen rdo rje rnams kyis nan du bskul ngor shog ser las zhal bshus te gtan la phab pa'o/_/dge'o/_/dge'o/_/dge'o_//legs so/_/sarba mang+ga laM/_/bkra shis so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་གསང་བ་འདུས་པའི་བསྐུལ་བ་སྟོང་གསུམ་གཡོ་བྱེད་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ སྤྱི་དཔལ་ཆེ་མཆོག་རྗེ་བཙན་ཆེ༔ རང་རིག་དབྱེར་མེད་མཐོང་བས་འདུད༔ མ་འོངས་དུས་ཀྱི་ཐ་མ་ལ༔ སངས་རྒྱས་བསྟན་ལ་དགྲ་དར་ཞིང་༔ ཁྲེལ་མེད་བདུད་པོ་ལང་ལ་ཤོར༔ སྔགས་བཙུན་དགེ་འདུན་ཁྲིམས་ཀྱིས་མནར༔ ནད་ཡམས་མུ་གེ་དུས་འཁྲུགས་དར༔ དཀོན་མཆོག་དབུ་འཕང་དམའ་བའི་ཚེ༔ ལས་ཀ་འདི་ལས་གཞན་མེད་ཕྱིར༔ མངོན་སྤྱོད་ལས་ལ་རྟག་བརྩོན་མཛོད༔ ལྷ་ཡི་ང་རྒྱལ་ལྡན་པ་དང་༔ ལྟ་བ་བློ་འདས་རྫོང་མཁར་ཟིན༔ དམིགས་པའི་འཁྲུལ་འཁོར་དག་ལ་མཁས༔ སྦྱོར་དངོས་རྗེས་གསུམ་ཚང་བའི་ངང་༔ དམར་གྱི་གཏོར་མ་འགུགས་གཞུག་བསྟིམ༔ དབྱིངས་ལས་ཐུན་མཚོན་ཆར་བབས་པས༔ ཤ་རི་ཁྲག་གི་རྒྱ་མཚོ་རུ༔ གྱུར་པ་བདེ་སྟོང་བདུད་རྩིར་བསྒྱུར༔ ས་མ་ཡ༔ ཧཱུྃ༔ རང་ཉིད་ཡི་དམ་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་ཕྱག་རྒྱ་ཁྲོ་བོའི་སྐུར་བཞེངས་ནས༔ སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཆས་པར་བསམ༔ རྐང་གླིང་བཤུགས་པ་རོལ་མོའི་སྒྲ་དང་བཅས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ མ་སྐྱེས་མཉམ་ཉིད་རྫོགས་པ་སྐུ་གསུམ་དབྱིངས༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ ལྷུན་གྲུབ་བདེ་ཆེན་འགྱུར་མེད་གཞལ་ཡས་ཁང་༔ བཀོད་པ་ཕུན་ཚོགས་རྒྱ་ཁྱོན་དཔག་ལས་འདས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་དང་༔ གཟུང་འཛིན་རཱུ་ཏྲ་བསྣོལ་བའི་བམ་སྟེང་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཁྲོ་གཏུམ་རྔམས་བརྗིད་ཁྲོ་བོའི་རྒྱལ༔ ཉི་ཤུ་རྩ་གཅིག་དབུ་ནི་ས་དང་སྦྱོར༔ གཡས་དཀར་གཡོན་དམར་དབུས་མཐིང་སྟེང་ཞལ་ཞི༔ བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན༔ བྱ་བྱེད་རིགས་ལྔ་ཡབ་ཡུམ་སེམས་དཔའ་དང་༔ སེམས་མ་ཐུབ་དྲུག་སྒོ་སྐྱོང་ཡབ་ཡུམ་མཛེས༔ རྣམ་ཐར་བཅོ་བརྒྱད་ཞབས་ཀྱིས་ལྷ་ཀླུ་མནན༔ གཉིས་མེད་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་སྐྱ་ཐེག་རིམ་དགུ་རྫོགས་དབུ་དགུ་དང་༔ བཅོ་བརྒྱད་ཕྱག་ན་ཀཽ་སེང་ཕྲ་མེན་བསྣམས༔ ཞབས་དྲུག་བརྐྱང་བསྐུམ་ལོག་འདྲེན་གདན་ལ་བརྫིས༔ དུར་ཁྲོད་དཔལ་ཆས་རབ་རྫོགས་ཡེ་ཤེས་སྐུ༔ བཞེངས་ཤིག་ཐིག་ལེ་འབར་བའི་ཀློང་ནས་བཞེངས༔ དུག་གསུམ་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ དཔའ་སྐྱེམས་དམ་རྫས་དམར་གྱི་གཏོར་མ་དང་༔ དམར་ཆེན་ཨརྒྷཾ་བསྒྲེང་བ་འདི་བཞེས་ཤིག༔ མ་རིག་གདོན་ལ་དྲག་པོའི་ལས་མཛོད་ཅིག༔ ཧཱུྃ༔ འོད་ལྔ་ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་ནས༔ མ་བཅོས་རྫོགས་པའི་ཁྲོ་རྒྱལ་ཆེན་པོ་ནི༔ མཐིང་ནག་འབར་བ་དབུ་དགུ་ཕྱག་བཅོ་བརྒྱད༔ གཡས་དཀར་གཡོན་དམར་སྟེང་ཞལ་དཀར་བའི་མདངས༔ གཡས་ཕྱག་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ རྩེ་གསུམ་རྩེ་གཅིག་ཐོང་གཤོལ་མདའ་པདྨ༔ གྲི་གུག་རལ་གྲི་གཡོན་ཕྱག་ཁ་ཊྭཱྃ་དབྱུག༔ བྷནྡྷ་ཐོད་ཕྲེང་མེ་དང་སྦྲུལ་ཞགས་དང་༔ བྱ་ཁྱུང་གླང་ཆེན་དུར་ཕག་མགོ་དགུ་བསྣམས༔ ཞབས་བརྒྱད་དུག་ལྔའི་གདན་སྟེང་དགྱེས་པར་རོལ༔ གནམ་ཞལ་མཐིང་སྐྱ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་ལྗང་རལ་པ་ལྟག་པར་འཕྱང་༔ ཕྱག་གཡས་དྲིལ་བུ་བྷནྡྷ་མེ་ལོང་དང་༔ ཕྱག་གཡོན་རིན་ཆེན་ཁ་ཊྭཱྃ་གྲི་གུག་འཁྱུད༔ ཞབས་བཞི་བརྐྱང་བསྐུམ་ཡབ་དང་གཉིས་མེད་སྦྱོར༔ ཁྲོ་མཆོག་ཡབ་ཡུམ་དུར་ཁྲོད་དཔལ་ཆས་རྫོགས༔ ཐུགས་ལས་ཡེ་ཤེས་སྤྲུལ་པའི་མཚོན་ཐུན་འགྱེད༔ མི་མངོན་མི་འགགས་ལོངས་སྐུའི་དབྱིངས་ནས་བཞེངས༔ ཤ་ཁྲག་རུས་པ་དོན་སྙིང་དཔའ་སྐྱེམས་འབུལ༔ གཟུགས་ཁམས་གདོན་ལ་བཀའ་ཡི་ཆད་པ་ཆོད༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་པར་སྦྱོར་བ་ལས༔ སྣ་ཚོགས་ཀུན་སྣང་བཀོད་པའི་ཞིང་ཁམས་ནས༔ ཆེ་བའི་ཆེ་མཆོག་ཀུན་བཟང་ཐུགས་ཀྱི་ལྷ༔ མཐིང་ནག་འབར་བ་དབུ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྔམས་གཤེ་རྒོད་པའི་ཞལ༔ ཧ་ཧ་ཧཱུྃ་ཕཊ་ནམ་མཁའི་འབྲུག་ལྟར་སྒྲོགས༔ གཡས་ཕྱག་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ རྩེ་གཅིག་གདེངས་ཤིང་གཡོན་ཕྱག་བྷནྡྷ་ནི༔ སྐམ་པོ་ར་རི་རློན་པ་ཁྲག་འཛག་བསྣམས༔ ཞབས་བཞི་མི་སྲུན་ཕོ་མོའི་སྟེང་དུ་བརྗིད༔ དབྱིངས་ཕྱུག་མཐིང་སྐྱ་སྐུ་ཡི་གཡོན་ནས་འཁྲིལ༔ ཕྱག་གཉིས་ཁ་ཊྭཱྃ་ཐོད་ཁྲག་ཡབ་ལ་སྟོབ༔ ཞབས་གཡོན་ཡབ་ཀྱི་སྐེད་འཁྲིལ་གཡོན་བརྐྱང་མནན༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་རྣམས་རྫོགས༔ ཐོད་སྐམ་དབུ་རྒྱན་རིགས་ལྔའི་ཅོད་པན་འཕུར༔ སྤྱི་བོར་ཡེ་ཤེས་ཁྱུང་གི་ཚྭ་ཚྭ་འཕྲོ༔ ལོག་རྟོག་མི་སྲུན་རབ་བསྲེགས་མེ་དཔུང་འབར༔ བཞེངས་ཤིག་ཐུགས་རྗེ་རྔམས་པའི་སྐུར་བཞེངས་ཤིག༔ ཞིང་བཅུའི་ཕུང་ཁམས་སྐྱེ་མཆེད་ཚོགས་ཡུལ་འབུལ༔ འདོད་ཁམས་དགྲ་འདྲེ་ཐལ་བའི་རྡུལ་བཞིན་རློག༔ ཤར་ཕྱོགས་ཟླ་གམ་འབར་བའི་གདན་སྟེང་ནས༔ རཀྴ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ཞེ་སྡང་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་ཟླ་གམ་འབར་བའི་གདན་སྟེང་ནས༔ གུ་ཧྱ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ང་རྒྱལ་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཟླ་གམ་འབར་བའི་གདན་སྟེང་ནས༔ བྷི་ཤ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ འདོད་ཆགས་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ བྱང་ཕྱོགས་ཟླ་གམ་འབར་བའི་གདན་སྟེང་ནས༔ ཡཀྴ་ཧེ་རུ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་ཨརྒྷཾ་འདི་བཞེས་ལ༔ ཕྲག་དོག་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱོགས་བཅུ་རབ་རྣོ་འབར་བའི་གདན་སྟེང་ནས༔ དྲི་ཟ་མེ་ལྷ་གཤིན་རྗེ་སྲིན་པོ་དང་༔ ཀླུ་གདོན་རླུང་ལྷ་གནོད་སྦྱིན་དབང་ལྡན་རྗེ༔ ས་བདག་སྟེང་གདོན་འདུལ་མཛད་ཁྲོ་བོའི་རྒྱལ༔ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྱོགས་བཅུའི་གདོན་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཤར་ཕྱོགས་ཞི་བའི་ཕྲིན་ལས་ཀུན་གྲུབ་བདག༔ པྲཛྙཱ་ཏ་ཀྲྀཏ་ཁྲོ་རྒྱལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་དགྲ་བགེགས་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་རྒྱས་པའི་ཕྲིན་ལས་ཀུན་སྒྲུབ་བདག༔ ཡ་མཱནྟ་ཀྲྀཏ་ཁྲོ་རྒྱལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཚེ་བསོད་ཡོན་ཏན་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་དབང་གི་ཕྲིན་ལས་ཀུན་སྒྲུབ་བདག༔ པདྨ་ཏ་ཀྲྀཏ་ཀྲོ་རྒྱལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ བྱང་ཕྱོགས་དྲག་པོའི་ཕྲིན་ལས་ཀུན་སྒྲུབ་བདག༔ བིགྷྣཱན་ཏ་ཀྲྀཏ་ཁྲོ་རྒྱལ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ལྕེ་སྤྱང་ཆེན་མོ་སེང་གེའི་མགོ་བོ་ཅན༔ མཐིང་ནག་མི་སྲུན་ཐོད་པའི་ཕྲེང་བ་འཛིན༔ མི་ལྤགས་གོས་གསོལ་ཁྲག་གི་ཁ་ཕྲུ་འདེབས༔ རང་རང་ལས་བྱེད་སྤྲུལ་པ་བསམ་མི་ཁྱབ༔ ལྕེ་སྤྱང་ཆེན་མོ་སྟག་གི་མགོ་བོ་ཅན༔ ཞིང་གི་བ་སུ་གསོལ་ཞིང་ཉི་ཟླ་འཕེན༔ རེ་ལྡེའི་སྨད་ཤམ་སྦྲུལ་ནག་སེ་རལ་ཁ༔ འཇིགས་གཟུགས་མི་སྡུག་སྟོན་པའི་ཕོ་ཉ་འགྱེད༔ ལྕེ་སྤྱང་ཆེན་མོ་གཟིག་གི་མགོ་བོ་ཅན༔ རལ་གྲི་ཕྱར་ཞིང་དགྲ་བོའི་ཙིཏྟ་གསོལ༔ མི་མགོ་ལྔ་བཅུའི་ཕྲེང་བ་སེ་རལ་ཁ༔ དུག་རླངས་འཚུབ་ནས་དགྲ་ལ་ནད་ཡམས་གཏོང༔ ལྕེ་སྤྱང་ཆེན་མོ་དོམ་གྱི་མགོ་བོ་ཅན༔ ལྗང་ནག་ཆུ་དར་སྔོན་པོའི་གོ་ཟུ་གསོལ༔ མིག་ནས་གློག་འགྱུ་ཕྱག་གཉིས་ཐོག་མདའ་འཕེན༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ལྕེ་སྤྱང་ཆེན་མོ་སྤྱང་མོའི་མགོ་བོ་ཅན༔ དམར་ནག་ཁྲོ་གཏུམ་སྤུ་གྲི་ནད་རྐྱལ་འཛིན༔ དུས་གཅིག་སྤྲུལ་པ་ཕོ་ཉ་འབུམ་འབུམ་འགྱེད༔ དམ་ཉམས་དགྲ་ལ་སྣ་དགུའི་ལ་ཡོག་འདེབས༔ ལྕེ་སྤྱང་ཆེན་མོ་དྲེད་ཀྱི་མགོ་བོ་ཅན༔ སྔོ་ནག་ཤེལ་གྱི་རྔ་ཆུང་བརྡུང་བ་ཡིས༔ སྲིད་པ་གསུམ་པོ་བྲན་དུ་འཆིང་བར་བྱེད༔ བ་སྤུ་ཀུན་ནས་མེ་ཡི་ཚྭ་ཚྭ་འཕྲོ༔ ཉམས་བྱེད་དགྲ་བོའི་ལུས་ངག་ཡིད་གསུམ་བསྲེགས༔ ལྕེ་སྤྱང་ཆེན་མོ་ཀངྐའི་མགོ་བོ་ཅན༔ དཀར་གསལ་དུང་གི་ཞགས་པ་དགྲ་ལ་འདེབས༔ ཞལ་ནས་དུག་གི་བུན་རླངས་འཕྲོ་བ་ཡིས༔ གདོན་བགེགས་འབྱུང་པོ་རྨོང་བླུན་མྱོས་པར་བྱེད༔ རང་རང་ལས་བྱེད་སྤྲུལ་པ་བསམ་ཡས་འགྱེད༔ ལྕེ་སྤྱང་ཆེན་མོ་ཁ་ཁའི་མགོ་བོ་ཅན༔ སྨུག་ནག་བཞད་པའི་སྒྲ་ཡིས་ལྷ་ལྔ་དཀྲོག༔ ཐུགས་ལས་འགྱེད་པའི་ཕྲ་མེན་གྲངས་མེད་པའི༔ འགུགས་དབྱེ་བཅིང་མྱོས་གསོད་པའི་ཕྲིན་ལས་མཛོད༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རང་བྱུང་ལྷུན་གྲུབ་ཨེ་ཡི་དཀྱིལ་འཁོར་ནས༔ རྒྱལ་བ་ཀུན་གྱི་ཐུགས་གསང་འདུས་པའི་བདག༔ ཁྲོ་རྒྱལ་ཆེ་མཆོག་ཡང་དག་ཁྲོས་པའི་རྒྱལ༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ དཀར་དམར་མཐིང་ནག་རྔམས་ཁྲོས་གཏུམ་པའི་ཞལ༔ གཡས་གཡོན་ཕྱག་ན་རྡོ་རྗེ་ཁ་ཊྭཱྃ་དང༔ རྔེའུ་ཆུང་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ ཞབས་བཞི་མེ་ལྷ་གདུག་པའི་གདན་ལ་བརྫིས༔ བཛྲ་ཀྲོ་ཏ་སྔོ་སྐྱ་གཡོན་ནས་འཁྲིལ༔ གྲི་གུག་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ དུར་ཁྲོད་ཆས་རྫོགས་འབར་བའི་ཀློང་ནས་བཞེངས༔ དགྲ་བགེགས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ ཨརྒྷཾ་དམར་ཆེན་དཔའ་སྐྱེམས་འདི་གསོལ་ལ༔ ཤར་ཕྱོགས་དགྲ་གདོན་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱོགས་བཞི་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ བུདྡྷ་ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ བུདྡྷ་ཀྲོ་ཏི་ཡུམ་དང་གཉིས་མེད་སྦྱོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འདུལ་བའི་ཕྲིན་ལས་མཛོད༔ རཏྣ་ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ རཏྣ་ཀྲོ་ཏི་ཡུམ་དང་གཉིས་མེད་སྦྱོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འདུལ་བའི་ཕྲིན་ལས་མཛོད༔ པདྨ་ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ པདྨ་ཀྲོ་ཏི་ཡུམ་དང་གཉིས་མེད་སྦྱོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འདུལ་བའི་ཕྲིན་ལས་མཛོད༔ ཀརྨ་ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ ཀརྨ་ཀྲོ་ཏི་ཡུམ་དང་གཉིས་མེད་སྦྱོར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་བམ་སྟེང་ནས༔ ཀཽ་རཱི་ཙཽ་རཱི་པྲ་མོ་བཻ་ཏ་ལི༔ པུསྐ་གསྨ་སྨེ་ཤ་ཙནྡྷ་ལི༔ ཀུན་ཀྱང་མི་ལྤགས་གཡང་གཞི་སྟོད་དུ་ཀླུབ༔ ཕྱག་མཚན་གདུག་པའི་མཚོན་ཆ་འབར་བ་བསྣམས༔ དུར་ཁྲོད་གནས་ཡུལ་ཀུན་ནས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཉོན་མོངས་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སེང་ཧ་བྱཱ་གྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྐ་ཁ་ཁ་ཧུ་ལུ་མ༔ སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རང་རང་དུར་ཁྲོད་གནས་ནས་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གཉིས་སྣང་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཡེ་ཤེས་རོལ་པ་ཆེན་པོའི་སྒོ་བཞི་དང་༔ ཁྲག་མཚོ་རྔམས་གཡོ་འཁྲུགས་པའི་ད་ལ་ནས༔ རྟ་གདོང་ཕག་གདོང་སེང་གདོང་སྤྲེལ་གདོང་དང་༔ དབང་ཕྱུག་སྲིན་མོ་མི་སྲུན་ཉི་ཤུ་བདུན༔ ཡེ་ཤེས་སྒྱུ་འཕྲུལ་རྔམས་པའི་སྐུར་བཞེངས་ཤིག༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་དམ་རྫས་བཞེས༔ མི་མཐུན་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རང་བྱུང་ལྷུན་གྲུབ་ལྷོ་ཕྱོགས་དཀྱིལ་འཁོར་ནས༔ རྒྱལ་བ་ཀུན་གྱི་སྐུ་མཆོག་འདུས་པའི་དཔལ༔ ཁྲོ་རྒྱལ་ཆེན་པོ་འཇམ་དཔལ་གཤིན་རྗེ་གཤེད༔ སེར་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་འཇིགས་པའི་གད་རྒྱངས་སྒྲོགས༔ གཡས་གསུམ་བེ་ཅོན་རལ་གྲི་དགྲ་སྟྭ་དང་༔ གཡོན་གསུམ་ཐོད་ཁྲག་སྡིགས་མཛུབ་མདུང་ཐུང་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཆུ་གླང་མནན༔ བཻ་ཏ་ནག་མོ་ཞལ་གཅིག་ཕྱག་གཉིས་པ༔ དགྲ་སྟྭ་ཐོད་ཁྲག་འཛིན་ཅིང་ཡབ་ལ་འཁྱུད༔ དུར་ཁྲོད་ཆས་རྫོགས་རབ་འཇིགས་རྔམས་པའི་སྐུ༔ སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཙ་ཏི་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཞིང་དབྱུག་དང་༔ དགྲ་བོའི་ཙིཏྟ་ཞལ་གསོལ་འདོར་སྟབས་སུ༔ བསྟན་དགྲ་ཕོ་མོའི་སྟེང་དུ་བརྗིད་པར་འགྱིང་༔ སྤྲིན་དཀར་ན་བཟའ་གསོལ་ཞིང་མི་མགོས་བརྒྱན༔ རལ་གཅིག་ཚེམས་གཅིག་ནུ་གཅིག་རྐང་གཅིག་མ༔ ཐུགས་ལས་ལྕགས་སྤྱང་ཚྭ་ཚྭ་སྐར་ལྟར་འཁྲིགས༔ ཞིང་བཅུའི་དགྲ་ལ་མི་མཐུན་ཆོ་འཕྲུལ་འགྱེད༔ རྒྱལ་བ་ཀུན་གྱི་ཡུམ་མཆོག་ཁམས་གསུམ་བདག༔ སྐྱེ་འགྲོ་རྩིས་འདེབས་སྲང་ལ་གཞོལ་མཛད་མ༔ ཐུགས་དམ་དབང་གི་མི་མངོན་དབྱིངས་ནས་བཞེངས༔ བསྟན་དགྲ་བསྒྲལ་བའི་ཤ་རུས་ཁྲག་གི་མཚོ༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་དང་༔ ཕྱི་ནང་གསང་བ་བླ་མེད་མཆོད་པའི་ཚོགས༔ བཞེས་ནས་གློག་ལྟར་མྱུར་བའི་སྟོབས་ཤུགས་ཀྱིས༔ ཕ་རོལ་མི་མཐུན་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ གཤེད་ཆེན་ཡ་མ་རཱ་ཙ་ཁྲོ་བོའི་རྒྱལ༔ མཐིང་ནག་སྟག་ལྤགས་འདུང་གསོལ་དགྲ་སྟྭ་དང་༔ ཞགས་པ་འཛིན་ཅིང་ཆུ་གླང་སྟེང་ན་བརྗིད༔ སྦྱོར་བའི་ཡུམ་མཆོག་བདུད་ཀྱི་ལྕམ་གཅིག་མ༔ བེ་ཅོན་ཐོད་ཁྲག་འཛིན་ཅིང་སྦལ་པ་ཞོན༔ སྒྲོལ་ཡུམ་དཔལ་གྱི་བཀའ་ཉན་ཁྲོས་པའི་རྒྱལ༔ མདུང་ཐུང་ཞིང་གི་རྒྱལ་མཚན་ཕྱག་ན་བསྣམས༔ མི་ལྤགས་གོས་གསོལ་དགྱེས་སྡེ་བྲན་མོ་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཞིང་བཅུའི་དགྲ་གདོན་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ གཤེད་ཆེན་མྱོས་བྱེད་འབར་བ་དམར་ནག་རྔམས༔ ཕྱག་གཉིས་ཁ་ཊྭཱྃ་དུག་གི་ཕུར་པ་འཛིན༔ གཟིག་ལྤགས་འདུང་གསོལ་མ་ཧེའི་སྟེང་ན་བརྗིད༔ གཏུམ་མོ་དུག་ཧྲུལ་དམར་སྐྱ་རལ་གྲི་ཕྱར༔ སྡིག་པ་མགོ་དགུ་ཆིབས་བཅིབས་མི་ལྤགས་གསོལ༔ སྒྲོལ་ཡུམ་ཆགས་བཞི་དལ་ཡམ་བདག་མོ་ཆེ༔ མི་ཐོད་འཛིན་ཅིང་རྒྱུ་མའི་ཞགས་པ་འཕེན༔ ལས་བྱེད་དགྱེས་སྡེ་ཕོ་མོའི་ཚོགས་དང་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་གདོན་བགེགས་རྣམས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ གཤེད་ཆེན་ཁྲོ་རྒྱལ་ཨཱཪྻ་རྨེ་རུ་རྩེ༔ དུད་མདོག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ རེ་འབྱམས་སྟེང་ནས་བརྗིད་ཅིང་རྔམས་པར་འགྱིང་༔ མི་ལྤགས་འདུང་གསོལ་གཡོན་དུ་སྦྱོར་བའི་ཡུམ༔ འོད་ཟེར་ཅན་མ་སྔོ་ནག་དུར་མོ་སྡེབ༔ གློ་སྙིང་ཞལ་གསོལ་སྲིན་བྱ་འུག་པ་ཞོན༔ སྒྲོལ་ཡུམ་གླིང་བཞི་གཙུག་འབྱམས་ཞིང་ཆུང་འཛིན༔ ལས་བྱེད་སྤྲུལ་པ་ཕོ་ཉ་བསམ་ཡས་འགྱེད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ བར་ཆད་གདོན་ལ་དྲག་པོའི་ལས་མཛོད་ཅིག༔ ཧཱུྃ༔ གཤེད་ཆེན་རལ་པ་ཚར་དགུ་སེར་ནག་འབར༔ ཕྱག་གཉིས་སྤུ་གྲི་གློག་གི་ཞགས་པ་འཕེན༔ མ་ཧེའི་འདུང་གསོལ་སྲིད་པའི་གློག་དམར་ཞོན༔ སྦྱོར་ཡུམ་ནག་མོ་ཆེན་མོ་རེ་མ་ཏཱི༔ ཁྲོས་ཤིང་ཐོད་ཁྲག་ཞལ་གསོལ་རྒྱུ་མས་བརྒྱན༔ བོང་བུ་ལ་ཞོན་སྟོང་གསུམ་ཡུད་ཀྱིས་བསྐོར༔ སྒྲོལ་ཡུམ་སྲིན་མོ་མགོ་འཕྱང་རལ་པ་ཕྱར༔ རང་རང་ལས་བྱེད་མི་སྡུག་ཆོ་འཕྲུལ་འགྱེད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་གདོན་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ གཤིན་རྗེ་ནག་པོ་བསྟན་དགྲ་འཇོམས་མཛད་པ༔ ཡུམ་མཆོག་ནག་མོ་ཁྲག་གི་རལ་པ་ཅན༔ གཤིན་རྗེ་ཕྱྭ་སངས་སྲོག་བདག་ཀུན་གྱི་རྗེ༔ ཡུམ་ཆེན་ཤེལ་གྱི་གདོང་དགུ་གློག་ཕྲེང་ཅན༔ གཤིན་རྗེ་གོང་ཆོ་བྲག་འཇོམས་ཐོད་ཚལ་དང་༔ ཡུམ་མཆོག་རལ་གཅིག་ཤེལ་མིག་ལྟེ་ཞལ་ཅན༔ གཤིན་རྗེ་ལས་མཁན་ཨ་ཝ་གླང་གི་མགོ༔ ཡུམ་མཆོག་དཀར་སྐྱ་མཆེ་གཅིག་རལ་པ་ཅན༔ གཤིན་རྗེ་ཡ་བ་ལྗང་ནག་དབུགས་ཀྱི་བདག༔ ཡུམ་མཆོག་དྲེད་ཀྱི་རྔམས་སྟབས་ཆོ་འཕྲུལ་ཅན༔ གཤིན་རྗེ་མིག་དམར་ཧ་ལ་ཆེན་པོ་དང་༔ ཡུམ་མཆོག་ཁྲག་གི་རལ་པ་ནད་རིམས་བདག༔ གཤིན་རྗེ་རྨིག་པ་སྦལ་སྦྲུལ་སྡོམ་སྡིག་འགྱེད༔ ཡུམ་མཆོག་པུས་འགྲོ་རོ་ལ་རྔམས་པ་མོ༔ གཤིན་རྗེ་ཏེལ་པ་འཇིགས་པ་བརྒྱད་ལ་དབང་༔ ཡུམ་མཆོག་སྤྱན་གསུམ་མཆེ་གཙིགས་ཐོག་གི་བདག༔ གཤིན་རྗེ་བདུད་ཀྱི་བདུད་འཇོམས་ཁྲོས་པའི་རྒྱལ༔ ཡུམ་མཆོག་སྨུག་ནག་རལ་གཅིག་གློག་ཤ་སྡེབ༔ གཤིན་རྗེ་ཆོས་རྒྱལ་དགེ་སྡིག་ཡོ་ཤན་འགྱེད༔ ཡུམ་མཆོག་ཁྲག་མདོག་ཁྲག་གི་རལ་པ་ཅན༔ གཤིན་རྗེ་གཤེད་དམར་དུས་རྔམས་འཇིགས་པའི་གཟུགས༔ ཡུམ་མཆོག་དུག་གི་རལ་པས་སྲིད་གསུམ་གཡོ༔ གཤིན་རྗེ་ཐོད་དབྱུག་སྟོང་གསུམ་ཁྱབ་པར་ཉུལ༔ ཡུམ་མཆོག་ནག་མོ་ཕག་གདོང་སྲོག་གི་བདག༔ རང་རང་ལས་དང་རྫུ་འཕྲུལ་སྣ་ཚོགས་སྟོན༔ འབྱུང་བ་གཡོ་འཁྲུགས་བྱེད་ཅིང་ཕྲིན་ལས་བདག༔ ཕྱོགས་སྐྱོང་བཅུ་ཡི་ཕོ་ཉ་གིང་དང་བཅས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དུས་དབྱིག་འཇིགས་པའི་མི་སྡུག་དགྲ་ལ་སྟོན༔ འགུགས་ཆིངས་སྡོམ་མྱོས་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ ཤར་ཕྱོགས་སྒོ་བ་བྱ་རྒོད་མགོ་བོ་ཅན༔ ལྕགས་ཀྱུ་ཞགས་པས་དགྲ་བགེགས་འགུག་ཅིང་འཆིང་༔ ལྷོ་ཡི་སྒོ་བ་སྟག་གདོང་མི་སྲུན་རྔམས༔ ཞགས་པ་ཐོད་དབྱུག་དགྲ་བགེགས་བཅིངས་ཤིང་བཅོམ༔ ནུབ་ཀྱི་སྒོ་བ་ཀངྐའི་མགོ་བོ་ཅན༔ ལྕགས་སྒྲོགས་བྷནྡྷ་དགྲ་བགེགས་སྡོམ་ཤིང་གཞོམ༔ བྱང་གི་སྒོ་བ་ལྕགས་སྤྱང་མགོ་བོ་ཅན༔ དྲིལ་བུ་དགྲ་སྟྭས་དགྲ་བགེགས་མྱོས་ཤིང་འདེབས༔ ཐུགས་དམ་དབང་གི་གློག་ལྟར་མྱུར་བས་དགོངས༔ རྔམས་བརྗིད་གཏུམ་དྲག་འབར་བའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ་དང་༔ ཉམས་པ་བདུན་ལྡན་རྣལ་འབྱོར་སྒོས་ཀྱི་དགྲ༔ དོ་བདོ་ཕོད་བཙུག་ཡོན་མཆོད་ལ་སྡང་བའི༔ དམ་ཉམས་དགྲ་བགེགས་གནོད་བྱེད་མ་ལུས་པ༔ འགུགས་བསྒྲལ་བསྐྲད་གཟིར་མནན་པའི་ལས་མཛོད་ཅིག༔ ཧཱུྃ༔ ཤར་བདུད་དཀར་པོ་དུང་གི་རལ་པ་ཅན༔ ལྷོ་བདུད་སེར་པོ་གསེར་གྱི་སྟྭ་རེ་ཅན༔ ནུབ་བདུད་དམར་པོ་བསྭེ་ཡི་ཞགས་པ་ཅན༔ བྱང་བདུད་ལྗང་ནག་དུག་གི་མཆེ་བ་ཅན༔ འཁོར་བཅས་ཐུགས་དམ་དབང་གིས་སྐུར་བཞེངས་ལ༔ མི་སྲུན་དགྲ་བགེགས་རྣམས་ལ་མི་སྡུག་སྟོན༔ ཆོ་འཕྲུལ་དུ་མས་སྣང་བ་མྱོས་སུ་ཆུག༔ གློ་བུར་ཡེ་འདྲོག་ལྟས་ངན་དགྲ་ལ་སྟོན༔ དམ་རྫས་བདུད་རྩི་འབར་བའི་དཔའ་སྐྱེམས་བཞེས༔ བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་པར་མཛོད༔ ཧཱུྃ༔ ཤར་ཕྱོགས་རྒྱལ་པོའི་གིང་ཆེན་ཚལ་དགུ་དང་༔ ལྷོ་ཕྱོགས་གཤིན་རྗེའི་གིང་ཆེན་རལ་པ་ཅན༔ ནུབ་ཕྱོགས་ཀླུ་ཡི་གིང་ཆེན་ཁྲག་གི་མདངས༔ བྱང་ཕྱོགས་གནོད་སྦྱིན་གིང་ཆེན་ཐོར་གཙུག་འབར༔ ཐུགས་དམ་གཉན་གྱིས་བསྐུལ་ལོ་དབྱིངས་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་དུས་ཀྱི་གཡོ་འཁྲུགས་ཐོང་༔ དྲག་པོའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཉི་མ་དང་པོའི་རྩིས་བྱེད་གིང་དབང་ཕྱུག༔ ཉི་མ་གཉིས་པའི་རྩིས་བྱེད་གིང་དབང་ཕྱུག༔ ཉི་མ་གསུམ་པའི་རྩིས་བྱེད་གིང་དབང་ཕྱུག༔ ཉི་མ་བཞི་པའི་རྩིས་བྱེད་གིང་དབང་ཕྱུག༔ ཐུགས་དམ་དབང་གིས་འཇིགས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ལོག་རྟོག་དགྲ་བགེགས་འགུགས་བཅིང་ལས་མཛོད་ཅིག༔ མངོན་སྤྱོད་དུས་ལ་བབ་པོ་ས་མ་ཡ༔ ནད་གཏོང་མ་མོའི་ཤན་པ་ནད་རྐྱལ་ཅན༔ མྱོས་པ་བཙན་གྱི་ཤན་པ་ཐུན་དུང་འབེབས༔ གླེན་པ་ཀླུ་ཡི་ཤན་པ་གྲུ་གུ་འཛིན༔ གདུག་རྩུབ་གཟའ་ཡི་ཤན་པ་མེ་དབལ་ཐོགས༔ རང་རང་ལས་ལ་དབང་བའི་དུར་ཁྲོད་ནས༔ རྔམས་ཆེན་དྲག་པོ་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་བཞེས༔ ཕྱོགས་བཅུའི་དགྲ་གདོན་གཟུགས་ལ་འགུགས་པ་དང་༔ དབྱེ་བཅིང་མྱོས་སྡོམ་བསྐྲད་གཟིར་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཟླ་གམ་འབར་བའི་ཨེ་སྟེང་ནས༔ ཀླུ་དབང་གདན་དུ་བསྣོལ་བའི་བམ་ཆེན་སྟེང་༔ པདྨ་གཟི་ལྡན་རྒྱལ་ཀུན་གསུང་གི་བདག༔ དམར་ནག་སྔོ་དཀར་ཞལ་གསུམ་ཕྱག་དྲུག་པ༔ གཡས་ཕྱག་རྡོ་རྗེ་ཁ་ཊྭཱྃ་སྦྲུལ་ཞགས་དང་༔ གཡོན་ཕྱག་དྲིལ་བུ་ཐོད་ཁྲག་ལྕགས་སྒྲོག་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བསྒྲད༔ པདྨ་གཟི་ལྡན་ཁྲོ་མོ་གཡོན་ནས་འཁྲིལ༔ དམར་སྐྱ་ཁ་ཊྭཱྃ་ཐོད་ཁྲག་ཡབ་ལ་སྟོབ༔ གཡས་བརྐྱང་གཡོན་བསྐུམ་ཧེ་རུ་ཀ་དང་སྦྱོར༔ དུར་ཁྲོད་དཔལ་ཆས་མ་ལུས་ཡོངས་སུ་རྫོགས༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ་བོ་ཅན༔ ལྕགས་ཀྱུ་ཐོད་ཞགས་རྡོ་རྗེ་གཏུན་ཤིང་འཛིན༔ ཐུགས་ལས་སྤྲུལ་པའི་སྣ་ཚོགས་ཁྲོ་བོ་དང་༔ ཁྲོ་མོ་མི་སྲུན་ཁྲོས་པའི་ཚོགས་དང་བཅས༔ སྐར་ལྟར་འཁྲིགས་པས་མ་རུངས་དགྲ་གདོན་བརླག༔ རྒྱལ་ཀུན་གསུང་གི་དབང་ཕྱུག་ཁྲོ་བོའི་རྒྱལ༔ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཁྲག་འཐུང་འབར་བའི་སྐུར་བཞེངས་ཤིག༔ བསྟན་པའི་རཱུ་ཏྲའི་ཤ་རི་ཁྲག་གི་མཚོ༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན་འཕྲོ་བ༔ ཀུན་སྣང་མི་ཟད་རྒྱན་གྱི་འཁོར་ལོ་འདི༔ དཔའ་ཤུགས་སྐྱེམས་སུ་བཞེས་ནས་ལོག་རྟོག་དགྲ༔ མ་རིག་གདོན་གྱི་སྦྱོར་བ་རྩུབ་མོ་འགྱེད༔ དུག་དང་རྦོད་གཏོང་མི་ཁ་བྱུར་བའི་སྲི༔ མནན་གཟིར་བཅིངས་དང་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཞི་བ་ཟིལ་གནོན་ཁྲོ་བོ་དཀར་ཞིང་འཚེར༔ ཕྱག་གཉིས་རྡོ་རྗེ་དུང་ཁྲག་དཀྲུག་ཅིང་འཐུང་༔ ཡུམ་མཆོག་མི་ཕམ་རྒྱལ་མོར་གཉིས་མེད་སྦྱོར༔ ཐུགས་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོ༔ མི་མཐུན་གནོད་པའི་ཚོགས་རྣམས་ཞི་བར་བྱེད༔ ཁྲོ་བོ་ཟིལ་གནོན་མཐིང་ནག་ཐོད་དབྱུག་འཛིན༔ སྐུ་ལས་དགྱེས་བསྐྱེད་ཁྲོ་གཉེར་ཅན་ལ་འཁྲིལ༔ ཐུགས་ལས་འོད་ཟེར་མཐིང་ནག་ཀུན་ནས་འཕྲོ༔ ཕྱོགས་བཅུ་ཁྲོ་བོའི་སྦྱོར་བ་བཤིག་པར་བྱེད༔ ཡེ་ཤེས་མ་མོ་ཟིལ་གནོན་ཁྲོ་བོའི་རྒྱལ༔ སྣ་ཚོགས་ལུས་ལ་དུ་མའི་ཕྱག་མཚན་འཛིན༔ ཡུམ་མཆོག་ཟ་བྱེད་དགྱེས་མཛད་གཡོན་ནས་འཁྲིལ༔ ཐུགས་ལས་སྣ་ཚོགས་འོད་འཕྲོས་མ་མོ་བསྐུལ༔ མི་མཐུན་ཕྱོགས་བསྒྱུར་དགེ་ལེགས་ཡོན་ཏན་སྤེལ༔ ཁྱུང་ཆེན་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ ལྗང་ནག་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས༔ ཡུམ་མཆོག་སྤྱན་གཅིག་མ་མོ་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་གདུག་པའི་ནུས་སྟོབས་བཅོམ༔ ཐམས་ཅད་མ་ལུས་བྲན་དུ་འཆིང་བར་བྱེད༔ ཞི་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ལ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཕྱོགས་བཅུའི་དགྲ་བགེགས་འགུག་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ ཕོ་རྒྱུད་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ དམར་ནག་རྔམས་ཁྲོས་བ་དན་དྲིལ་བུ་འཛིན༔ ཡུམ་མཆོག་བདེ་བ་ལས་བྱེད་མ་དང་འཁྲིལ༔ ཐུགས་ལས་འོད་འཕྲོས་ལྷ་སྲིན་དྲེགས་པ་བསྡུས༔ ཅི་བགྱིའི་བཀའ་ཉན་བསྒྲུབ་མཛད་སྟོབས་དབང་ཕྱུག༔ མོ་རྒྱུད་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ དཀར་གསལ་ལྕགས་ཀྱུ་ཞགས་པའི་ཕྱག་རྒྱ་འཛིན༔ ཡུམ་མཆོག་གཤིན་རྗེའི་ལས་བྱེད་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་འདོད་ཁམས་གཙོ་མོ་བསྐུལ༔ ལས་ཀུན་བསྒྲུབ་ལ་དབང་བསྒྱུར་སྟོབས་པོ་ཆེ༔ ཀླུ་གདོན་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ མཐིང་སྔོན་ཕྱག་ན་སྦྲུལ་ཞགས་བྷནྡྷ་འཛིན༔ ཡུམ་མཆོག་ཀླུ་མོ་ལས་བྱེད་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་ནཱ་ག་དབང་དུ་བསྡུས༔ དགོས་འདོད་ལོངས་སྤྱོད་གཏེར་གྱི་གཞི་འཛིན་བྱེད༔ གཟའ་གདོན་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ སེར་ལྗང་ཕྱག་ན་གནམ་ལྕགས་ཐོག་མདའ་འཕེན༔ ཡུམ་མཆོག་གནོད་སྦྱིན་ལས་བྱེད་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་གཟའ་གདོན་སྡེ་བརྒྱད་བཅིང་༔ དྲེགས་པ་བྲན་ཁོལ་ནུས་པའི་སྟོབས་དབང་ཕྱུག༔ སྲིད་གསུམ་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ དཀར་སྔོན་ཕྱག་ན་རྡོ་རྗེ་སྦྲུལ་ཞགས་འཛིན༔ ཡུམ་མཆོག་སྡེ་བརྒྱད་ལས་བྱེད་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་སྲིད་གསུམ་གཡོ་ཞིང་བསྔངས༔ མ་ལུས་སྐུ་གསུང་ཐུགས་སུ་བསྒྱུར་བའི་སྟོབས༔ སྡེ་བརྒྱད་ཟིལ་གནོན་ཡེ་ཤེས་ཁྲོ་བོའི་རྒྱལ༔ མུན་པའི་མདོག་ཅན་སྤུ་གྲི་འཁོར་ལོ་འཛིན༔ ཡུམ་མཆོག་ཡེ་ཤེས་ལས་བྱེད་སྐུ་ལ་འཁྲིལ༔ ཐུགས་ལས་འོད་འཕྲོས་སྡེ་བརྒྱད་བྲན་དུ་བཅིང་༔ ལས་ལ་སྡུད་ཅིང་གཡོག་ཏུ་བསྐུལ་བར་བྱེད༔ ཡེ་ཤེས་བཅུ་ཡི་རང་གཟུགས་ཁྲོ་བོའི་རྒྱལ༔ ཐུགས་དམ་དབང་གིས་དྲག་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཕྱོགས་བཅུ་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཀུན༔ འགུགས་འཆིང་གཞོམ་བཅོམ་བརླག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་སྒོ་མ་ཁྲོ་མོ་ལྕགས་ཀྱུ་མ༔ དགྲ་བགེགས་འགུགས་ཤིང་བསྒྲལ་འདྲེན་ཕྲིན་ལས་མཛོད༔ ལྷོ་ཡི་སྒོ་མ་མྱུར་མཛད་ཞགས་པ་མ༔ དགྲ་བགེགས་ཆིངས་ཤིང་བསྒྲལ་བའི་ཕྲིན་ལས་མཛོད༔ ནུབ་ཀྱི་སྒོ་མ་འོད་ལྡན་ལྕགས་སྒྲོག་མ༔ དགྲ་བགེགས་སྡོམས་ཤིང་བསྒྲལ་བའི་ཕྲིན་ལས་མཛོད༔ བྱང་གི་སྒོ་མ་གཟི་ལྡན་དྲིལ་བུ་མ༔ དགྲ་བགེགས་མྱོས་ཤིང་བསྒྲལ་འདྲེན་ཕྲིན་ལས་མཛོད༔ དམ་རྫས་བདུད་རྩི་འབར་བའི་ཨརྒྷཾ་དང་༔ དགྲ་བགེགས་ཤ་ཁྲག་རུས་པ་དོན་སྙིང་འབུལ༔ དཔའ་སྐྱེམས་བཞེས་ལ་མ་གཡེལ་ལས་ལ་ཆོས༔ གང་ལ་བྱ་བའི་དགྲ་བགེགས་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ རང་བྱུང་གདོད་མའི་ལྷ་མཆོག་ཀུན་ཏུ་བཟང་༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ གཡས་ཕྱག་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་ཕྱག་ཁ་ཊྭཱྃ་འབར་བའི་མེ་དཔུང་འཛིན༔ མཐའ་གཉིས་རི་རབ་ཕུར་པ་དགྲ་ལ་འདྲིལ༔ ཞབས་བཞི་གཟུང་འཛིན་བདུད་བཞིའི་སྟེང་ན་བརྗིད༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་གཡོན་ནས་འཁྲིལ༔ མཐིང་སྐྱ་ཁ་ཊྭཱྃ་ཐོད་ཁྲག་ཡབ་ལ་སྟོབ༔ ཞབས་གཡོན་ཡབ་འཁྲིལ་གཡས་པས་རཱུ་ཏྲ་མནན༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་གསོལ༔ སྤྱི་བོར་ཡེ་ཤེས་ཁྱུང་གིས་ཀླུ་གདོན་ཟ༔ རྭ་བར་ཀུན་བཟང་ཡབ་ཡུམ་མཉམ་པར་སྦྱོར༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ཉིད་དུ༔ གར་དགུའི་ཉམས་ལྡན་མ་རུངས་ཁྲོས་པའི་སྐུ༔ ཐུགས་རྗེ་ཞི་ལ་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་དང་༔ དགྲ་བགེགས་རཱུ་ཏྲའི་སྙིང་ཁྲག་རླངས་པ་ཅན༔ དགྱེས་པར་བཞེས་ལ་འཇིགས་པའི་གད་རྒྱངས་སྒྲོགས༔ སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ ཁྱེད་ཀྱི་མཐུ་རྩལ་དྲག་པོའི་ཤུགས་ཀྱིས་སྒྲོལ༔ འགུགས་མནན་བསྡམ་བཅིང་དྲག་པོའི་ལས་མཛོད་ཅིག༔ ཧཱུྃ༔ གནམ་ལྕགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ སྐུ་ཡི་སྲས་མཆོག་བུདྡྷ་ཧེ་རུ་ཀ༔ ཐུགས་ཀྱི་སྲས་མཆོག་བཛྲ་ཧེ་རུ་ཀ༔ ཡོན་ཏན་སྲས་མཆོག་རཏྣ་ཧེ་རུ་ཀ༔ གསུང་གི་སྲས་མཆོག་པདྨ་ཧེ་རུ་ཀ༔ ཕྲིན་ལས་སྲས་མཆོག་ཀརྨ་ཧེ་རུ་ཀ༔ སྒྲོལ་བའི་ཡུམ་ཆེན་ཨེ་ཀ་ཙ་ཏི་མ༔ ཡབ་ཡུམ་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ལ༔ དུག་ལྔའི་དགྲ་བགེགས་ཤ་ཁྲག་རུས་པ་དང་༔ ནང་རོལ་ཕུང་པོ་ལྷག་མ་མེད་པར་བཞེས༔ དུག་ལྔ་ལས་བྱུང་དགྲ་གདོན་བགེགས་ཀྱི་ཚོགས༔ རྔམས་པའི་བཞད་སྒྲ་སྒྲོགས་དང་ལྷན་ཅིག་ཏུ༔ དཔའ་བར་འགྲོ་བའི་རྫུ་འཕྲུལ་ནུས་པའི་མཐུས༔ སྐད་ཅིག་ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ ཧཱུྃ༔ སྟེང་ཕྱོགས་ལྷ་གདོན་བསྣོལ་བའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་ཧཱུྃ་ཀཱར་སྒྲ་འབྱིན་ཡུམ༔ རྡོ་རྗེ་དུང་ཁྲག་མདའ་གཞུ་ཕུར་པ་འདྲིལ༔ སྤྲུལ་པ་ཟ་གསོད་ཕག་དང་སྨིག་བུའི་གདོང་༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ སྟེང་གི་ལྷ་གདོན་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་ཕྱོགས་དྲི་ཟ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་རྣམ་རྒྱལ་མདའ་སྙེམས་ཡུམ༔ རྡོ་རྗེ་དུང་ཁྲག་ཏྲི་ཤུལ་འཁོར་ལོ་ཕུར༔ སྤྲུལ་པ་ཟ་གསོད་སྟག་དང་བྱ་རྒོད་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ཤར་ཕྱོགས་དྲི་ཟ་འགུགས་བསྒྲལ༴ ཧཱུྃ༔ ཤར་ལྷོ་མེ་ལྷ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་དབྱུག་སྔོན་སྡེར་མོ་ཡུམ༔ རྡོ་རྗེ་དུང་ཁྲག་དབྱུག་མེ་ཕུར་པ་འདྲིལ༔ སྤྲུལ་པ་ཟ་གསོད་གཡག་དང་བྱ་རོག་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ཤར་ལྷོ་མེ་ལྷ་འགུགས་བསྒྲལ༴ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་འཇམ་དཔལ་དུར་བདག་ཡུམ༔ རྡོ་རྗེ་དུང་ཁྲག་བེ་ཅོན་དབྱུག་ཏོ་ཕྱར༔ སྤྲུལ་པ་ཟ་གསོད་ཤ་བ་འུག་པའི་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ལྷོ་ཕྱོགས་གཤིན་རྗེ་འགུགས་བསྒྲལ༴ ཧཱུྃ༔ ལྷོ་ནུབ་སྲིན་པོ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་མི་གཡོ་གཏུན་ཁུང་ཡུམ༔ རྡོ་རྗེ་དུང་ཁྲག་སྤུ་གྲི་ཞགས་པ་ཕུར༔ སྤྲུལ་པ་ཟ་གསོད་གཟིག་དང་ཁྭ་ཏའི་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ལྷོ་ནུབ་སྲིན་པོ་འགུགས་བསྒྲལ༴ ཧཱུྃ༔ ནུབ་ཕྱོགས་ཆུ་ལྷ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་རྟ་མགྲིན་གཏུམ་མོ་ཡུམ༔ རྡོ་རྗེ་དུང་ཁྲག་རལ་གྲི་སྦྲུལ་ཞགས་ཕུར༔ སྤྲུལ་པ་ཟ་གསོད་བྱི་ལ་པུ་ཤུད་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ནུབ་ཕྱོགས་ཆུ་ལྷ་འགུགས་བསྒྲལ༴ ཧཱུྃ༔ ནུབ་བྱང་རླུང་ལྷ་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་འདོད་རྒྱལ་སྙེམས་མ་ཡུམ༔ རྡོ་རྗེ་དུང་ཁྲག་བ་དན་རྔ་ཡབ་ཕུར༔ སྤྲུལ་པ་ཟ་གསོད་སྤྱང་ཀུ་ཁྲ་ཡི་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ ནུབ་བྱང་རླུང་ལྷ་འགུགས་བསྒྲལ༴ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་བདུད་འཁྱིལ་རླུང་འབྱིན་ཡུམ༔ རྡོ་རྗེ་དུང་ཁྲག་རྒྱ་གྲམ་དྲིལ་བུ་ཕུར༔ སྤྲུལ་པ་ཟ་གསོད་སེང་གེ་ཕ་ཝཾ་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ བྱང་ཕྱོགས་གནོད་སྦྱིན་འགུགས་བསྒྲལ༴ ཧཱུྃ༔ བྱང་ཤར་དབང་ལྡན་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་ཁམས་གསུམ་གསོད་བྱེད་ཡུམ༔ རྡོ་རྗེ་དུང་ཁྲག་ཁ་ཊྭཱྃ་ཕུར་པ་འདྲིལ༔ སྤྲུལ་པ་ཟ་གསོད་དྲེད་དང་སྲེ་མོའི་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ བྱང་ཕྱོགས་དབང་ལྡན་འགུགས་བསྒྲལ༴ ཧཱུྃ༔ འོག་ཕྱོགས་ས་བདག་ཕོ་མོའི་གདན་སྟེང་ནས༔ ཁྲོ་རྒྱལ་ཆེ་མཆོག་སྟོབས་ཆེན་བསྐུལ་བྱེད་ཡུམ༔ རྡོ་རྗེ་དུང་ཁྲག་ཐོ་བ་གཏུན་ཤིང་ཕུར༔ སྤྲུལ་པ་ཟ་གསོད་དོམ་དང་བྱི་བའི་གདོང་༔ དྲག་ཁྲོས་རྔམས༴ ཤ་ཁྲག་དམར༴ འོག་ཕྱོགས་ས་བདག་འགུགས་བསྒྲལ༴ ཧཱུྃ༔ དཀྱིལ་འཁོར་ཕྱི་རིམ་ཟླ་གམ་ཉེར་གཅིག་སྟེང་༔ གཡས་སུ་སྐུ་ཡི་སྲས་མཆོག་དཀར་ལ་འཚེར༔ གཡོན་དུ་གསུང་གི་སྲས་མཆོག་དམར་ཞིང་རྒོད༔ མདུན་དུ་ཐུགས་ཀྱི་སྲས་མཆོག་མཐིང་ནག་རྔམས༔ སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་ཞིང་གཏུམ༔ རྡོ་རྗེ་ཕུར་པ་ཁ་ཊྭཱྃ་མེ་དཔུང་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ་དང་ལྡན༔ དུག་གསུམ་རཱུ་ཏྲའི་གདོན་གྱི་སྙིང་གར་འབིགས༔ སྐུ་གསུམ་ཡེ་ཤེས་ཆེན་པོའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དུག་གསུམ་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་སྒོ་མ་དཀར་མོ་པུ་ཤུད་གདོང་༔ ལྷོ་ཡི་སྒོ་མ་སེར་མོ་ཀངྐའི་གདོང་༔ ནུབ་ཀྱི་སྒོ་མ་དམར་མོ་སྲིན་བྱའི་གདོང་༔ བྱང་གི་སྒོ་མ་ལྗང་ནག་ཁྲ་ཡི་གདོང་༔ ཀུན་ཀྱང་སྲིན་མོ་ཁྲོས་པའི་ཆ་བྱད་ཅན༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ བྷནྡྷ་འབར་བ་རཱུ་ཏྲའི་ཁྲག་བཀང་འཛིན༔ སྐུ་ལ་གཟིག་ཤམ་སྦྲུལ་དང་མི་ལྤགས་གསོལ༔ ཚད་མེད་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་དང་༔ དགྲ་བགེགས་ཤ་ཁྲག་རུས་པའི་ཕུང་པོ་འབུལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས༔ གནོད་ཅིང་གདུག་པའི་བསམ་སྦྱོར་འཆང་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ བཀུག་བསྒྲལ་མནན་བཅིང་སྡོམ་མྱོས་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་ཕྱོགས་དུང་གི་སྐྱེས་བུ་འཇིིགས་པའི་གཟུགས༔ ཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་འདྲིལ༔ སྤྱང་དཀར་སློག་གསོལ་རྔ་མོང་གྭ་པ་ཆིབས༔ མི་སྲུན་དགྲ་ལ་དུས་དབྱིག་འཇིགས་པ་སྟེར༔ ལྷོ་ཕྱོགས་བསྭེ་ཡི་སྐྱེས་བུ་འཇིགས་པའི་གཟུགས༔ ཕྱག་གཉིས་ཟངས་གྲི་ཟངས་ཀྱི་ཕུར་པ་འདྲིལ༔ བཙན་རྟ་དམར་པོ་ཟེ་སྔོན་ཅན་ལ་ཆིབས༔ དམ་ཉམས་དགྲ་ལ་སྨྱོ་འབོག་ནད་རིམས་གཏོང་༔ ནུབ་ཕྱོགས་ལྕགས་ཀྱི་སྐྱེས་བུ་འཇིགས་པའི་གཟུགས༔ ཕྱག་གཉིས་ལྕགས་ཀྱུ་ཕུར་པ་དགྲ་ལ་གཟིར༔ གདོང་ལྔ་འཇིགས་ཤིང་བརྗིད་པའི་སྟེང་ན་འགྱིང་༔ བར་ཆད་དགྲ་འདྲེ་ཐལ་བའི་རྡུལ་བཞིན་བརླག༔ བྱང་ཕྱོགས་ཏ་ཀི་ནག་པོ་འཇིགས་པའི་གཟུགས༔ ཕྱག་གཉིས་མགོ་ཕྲེང་སྤུ་གྲི་འབར་བ་བསྣམས༔ རོ་ལངས་གད་མོ་སྒྲོགས་པའི་སྟེང་ན་བརྗིད༔ མི་སྲུན་བགེགས་ལ་བྱོལ་གཏོའི་ལྟས་ངན་གཏོང་༔ འཇིགས་ཤིང་རྔམས་བརྗིད་འཁྲུགས་པའི་སྐུར་བཞེངས་ཤིག༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་གདོན་བགེགས་ཀྱི་སྦྱོར་བ་ཤིག༔ རྣམ་བཞིའི་ལས་ཀུན་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཤར་ཕྱོགས་ཤྭ་ན་མུ་ཁ་འཇིགས་པའི་གཟུགས༔ ཕྱག་གཉིས་ཐོད་བྱུག་སྤུ་གྲི་འབར་བ་བསྣམས༔ ལྕགས་སྤྱང་མགོ་དགུའི་སྟེང་ན་རྔམས་པར་བཞུགས༔ དམ་ཉམས་དགྲ་ལ་མིག་འཕྲུལ་སྣ་ཚོགས་འགྱེད༔ ལྷོ་ཕྱོགས་ཤྭ་ན་མུ་ཁ་འཇིགས་པའི་གཟུགས༔ ཕྱག་གཉིས་གྲི་གུག་དུར་མོ་ས་ལ་སྡེབ༔ ལྕགས་ཀྱི་ཁྱི་མོ་རྐང་གསུམ་ཆིབས་སུ་བཅིབས༔ དམ་ཉམས་དགྲ་ལ་ཆག་ཆེ་ཉམ་ང་སྟེར༔ ནུབ་ཕྱོགས་སྲི་ལ་མུ་ཁ་འཇིགས་པའི་གཟུགས༔ ཕྱག་གཉིས་ནད་རྐྱལ་ཐུན་གྱི་ཆར་པ་འབེབས༔ ཟངས་ཀྱི་ཝ་མོ་རྐང་གསུམ་ཆིབས་སུ་བཅིབས༔ དམ་ཉམས་དགྲ་ལ་གློ་བུར་ཡེ་འདྲོག་གཏོང་༔ བྱང་ཕྱོགས་སྲི་ལ་མུ་ཁ་འཇིགས་པའི་གཟུགས༔ ཕྱག་གཉིས་དུང་ཕུར་རྒྱ་གྲམ་འབར་བ་བསྣམས༔ གསེར་གྱི་འཕར་བ་ལྕེ་བརྒྱད་ཆིབས་སུ་བཅིབས༔ དམ་ཉམས་དགྲ་ལ་འཇིགས་གཟུགས་སྣ་ཚོགས་སྟོན༔ རྔམས་ཁྲོས་དྲག་པོའི་གཟུགས་ཀྱི་སྐུར་བཞེངས་ཤིག༔ དཔའ་སྐྱེམས་དམ་རྫས་དམར་གྱི་གཏོར་མ་རོལ༔ ཞིང་བཅུའི་རཱུ་ཏྲ་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་ཕྱོགས་དེ་བྱིན་གཟའ་ཡི་བུ་མོ་ནི༔ སེར་ནག་ཁྲག་གི་རལ་པས་སྲིད་གསུམ་ཁྱབ༔ ཕྱག་གཉིས་ཕུར་པ་དར་ནག་དྲག་སྔགས་འབེབས༔ ཆིབས་སུ་གཟའ་རྟ་ཀ་ཞུར་སྟེང་ནས་བྱོན༔ ལྷོ་ཕྱོགས་བསྭེ་བྱིན་བཙན་གྱི་བུ་མོ་ནི༔ དམར་ནག་མིན་ནས་ཐོག་མདའ་གློག་འོད་འབེབས༔ ཕྱག་གཉིས་རལ་གྲི་དུག་གི་རྐྱལ་པ་འཛིན༔ ཆིབས་སུ་བཙན་རྟ་བྲ་བོ་སྒབ་ནག་ཆིབས༔ ནུབ་ཕྱོགས་ཡ་བྱིན་བདུད་ཀྱི་བུ་མོ་ནི༔ མཐིང་ནག་སྐུ་ལས་ནད་མཚོན་ཡོ་ལངས་འགྱེད༔ ཕྱག་གཉིས་གྲུ་གུ་གསེར་གྱི་འཁོར་ལོ་བསྣམས༔ ཆིབས་སུ་བདུད་རྟ་སྔོ་ལྗང་སྟེང་ན་བརྗིད༔ བྱང་ཕྱོགས་ཕག་བྱིན་ཀླུ་ཡི་བུ་མོ་ནི༔ ལྗང་ནག་ཁ་ནས་དམོད་སྔགས་འཁོར་ལོ་བོར༔ ཕྱག་གཉིས་རྩེ་གསུམ་ཐོད་པ་ཁྲག་བཀང་བསྣམས༔ ཆིབས་སུ་ཀླུ་རྟ་ལྗང་ཁྲའི་སྟེང་ནས་བྱོན༔ མི་མངོན་ཆོས་དབྱིངས་འབར་བའི་ཀློང་ནས་བཞེངས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མི་སྲུན་དགྲ་བགེགས་ལོག་རྟོགས་འདུལ་བ་དང་༔ རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔ ཧཱུྃ༔ ཤར་ཕྱོགས་བདག་ཉིད་ཆེན་མོ་རེ་མ་ཏཱི༔ ཕྱག་གཉིས་ཁྲམ་ཤིང་ཐོད་པ་ཁྲག་བཀང་གསོལ༔ ཆིབས་སུ་བྱ་རྒྱལ་ཁྱུང་གི་སྟེང་ན་ཆིབས༔ རྫུ་འཕྲུལ་སྣ་ཚོགས་ལས་ལ་མངའ་དབང་མཛད༔ ལྷོ་ཕྱོགས་བདག་ཉིད་ཆེན་མོ་རེ་མ་ཛ༔ ཕྱག་གཉིས་ཚོན་གྲུ་ནད་ཀྱི་རྒྱལ་པ་བསྣམས༔ ཆིབས་སུ་ཤ་བ་ཡུ་མོའི་སྟེང་ན་བརྗིད༔ དུས་གཅིག་འཛམ་གླིང་མ་ལུས་ཡུད་ཙམ་བསྐོར༔ ནུབ་ཕྱོགས་བདག་ཉིད་ཆེན་མོ་རེ་མ་ཛུ༔ ཕྱག་གཉིས་གྲི་གུག་ཐོད་པའི་ཕྲེང་བ་བསྣམས༔ ཆིབས་སུ་ཆུ་གླང་སྔོན་པོ་ཤུགས་ལྡན་ཞོན༔ འགྲོ་ཁམས་སྲོག་དབུགས་སྡུད་པའི་ལས་མཛད་མོ༔ བྱང་ཕྱོགས་བདག་ཉིད་ཆེན་མོ་རེ་མ་དུ༔ ཕྱག་གཉིས་མི་རྐང་གླིང་བུ་ཞིང་དབྱུག་འཕྱར༔ ཆིབས་སུ་དྲེལ་རྟ་རྐང་གསུམ་སྟེང་ན་འགྱིང་༔ ཐུགས་རྗེ་ཁྲོས་པའི་ཚུལ་གྱི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་བཞེས༔ དགྲ་བགེགས་བདུད་སྡེ་མ་ལུས་འདུལ་བ་དང་༔ གང་བཅོལ་ལས་རྣམས་ཐོགས་མེད་འགྲུབ་པར་མཛོད༔ ཧཱུྃ༔ ཤར་ལྷོ་སྲིད་པ་བདེ་འགྲོའི་དཀྱིལ་འཁོར་ནས༔ གདུག་པའི་མ་མོ་བསྣོལ་བའི་གདན་གྱི་སྟེང་༔ དཔའ་བརྗིད་འཇིགས་རུང་བླ་མེད་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ གཡས་ཕྱག་རྡོ་རྗེ་བྱ་ཁྱུང་སྦྲུལ་ཞགས་དང་༔ གཡོན་ཕྱག་ཐོད་ཁྲག་ཐོད་པའི་གའུ་འཛིན༔ ཞབས་བཞི་ལོག་རྟོགས་བགེགས་ཀྱི་སྙིང་གར་བརྫིས༔ མུ་ཁ་སྔོན་མོ་ཞལ་ལྔ་གཡོན་ནས་འཁྱུད༔ གཡས་ཕྱག་རྡོ་རྗེ་དྲིལ་ཞགས་བུམ་པ་དང་༔ གཡོན་ཕྱག་དྲིལ་བུ་ཐོད་ཁྲག་གཡང་གཞི་བསྣམས༔ ཞབས་བཞི་བསྒྲད་པས་ཡབ་དང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་ན་བཞུགས༔ རྡོ་རྗེའི་གཤོག་པས་སྟོང་གསུམ་རླབས་ཀྱིས་གཅོད༔ སྤྱན་མིག་བསྒྲད་པས་ཉི་ཟླ་ཙོག་པོར་འཕེན༔ ཤངས་ནས་གླུ་ལེན་ཞལ་ནས་ཕཊ་སྒྲ་སྒྲོགས༔ གཡོ་བ་ཙམ་གྱིས་ཁྲོ་ཚོགས་སྐར་ལྟར་འཁྲིལ༔ བདེ་སྟོང་དབྱེར་མེད་ཐུགས་རྗེའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་དང་༔ ཕྱི་ནང་གསང་བ་བླ་མེད་རྫས་ཀྱིས་མཆོད༔ དགྲ་བགེགས་གནོད་བྱེད་འགུགས་འཆིང་མནན་པ་དང་༔ སྡོམ་མྱོས་བསྐྲད་གཟིར་ལས་རྣམས་ལྷུན་གྲུབ་མཛོད༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡི༔ བདེ་བ་ཆེན་པོའི་རྩལ་ལས་ཡོངས་ཤར་བ༔ རྟག་པའི་རྒྱལ་མོ་རྣམ་པར་སྣང་མཛད་ཡུམ༔ དབུ་དགུ་བཅོ་བརྒྱད་ལྡན་པའི་ཕྱག་དང་ནི༔ ཞབས་དྲུག་མ་རུངས་གདུག་པའི་གདན་ལ་བརྫིས༔ ཡེ་ཤེས་འབར་བའི་ཕྱག་མཚན་སྣ་ཚོགས་བསྣམས༔ བདེ་བ་ཆེན་མོ་འོད་གསལ་མི་བསྐྱོད་ཡུམ༔ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་བསྣམས༔ ཞབས་བཞི་ལོག་རྟོག་རཱུ་ཏྲའི་སྟེང་ན་བརྗིད༔ མི་སྲུན་སྲིན་མོ་ཁྲོས་པའི་ཆ་བྱད་ཅན༔ ཡེ་ཤེས་འོད་འཕྲོས་གཉན་གསལ་རིན་འབྱུང་ཡུམ༔ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་འཛིན༔ ཞབས་དྲུག་མ་རུངས་གདུག་པའི་སྙིང་གར་བརྫིས༔ ཆ་ལུགས་རྒྱན་ཆ་ཁྲོ་མོའི་ཆས་སུ་རྫོགས༔ པདྨའི་མདངས་འཛིན་ཡང་གསལ་སྣང་མཐའི་ཡུམ༔ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་འཛིན༔ ཞབས་དྲུག་བདུད་དང་དམ་སྲི་གར་གྱིས་མནན༔ སྦྲུལ་དང་རྒྱུ་མ་ཐོད་པའི་ཕྲེང་བ་གསོལ༔ གསལ་སྟོང་གཉིས་མེད་བཀྲག་གསལ་དོན་གྲུབ་ཡུམ༔ དབུ་དགུ་བཅོ་བརྒྱད་ཕྱག་ན་མཚོན་ཆ་བསྣམས༔ ཞབས་དྲུག་འབྱུང་པོ་ཕོ་མོའི་སྙིང་གར་བརྫིས༔ གཟིག་ལྤགས་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ ཞི་བ་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ མི་སྲུན་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྲིད་པ་བདེ་འགྲོ་ཁམས་གསུམ་སྤྱི་འདུལ་ཡུམ༔ ཉི་ཟླ་ཐོད་ཕྲེང་སྟོང་གསུམ་དབང་བསྒྱུར་མ༔ རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ༔ སྲིད་གསུམ་བདེ་སྐྱོང་ཁྲོས་པའི་དབང་མོ་ཆེ༔ པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ༔ ཁམས་གསུམ་འཚེ་བྱེད་ཁྲོས་པའི་དབང་མོ་ཆེ༔ ཁྲག་འཐུང་ཁྲོ་མོ་ཁྲོས་པའི་དབང་མོ་བཞི༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་དཔའ་སྐྱེམས་འབུལ༔ དམ་ཉམས་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དབྱིངས་ཀྱི་ལྷ་མོ་སྲིད་པ་ཀུན་གྱི་བདག༔ རྒྱན་གྱི་རྒྱལ་མོ་འབར་མ་ནག་མོ་ཆེ༔ འཁོར་འདས་སྲིད་པ་བདེ་སྦྱོར་བདག་ཉིད་མ༔ རྫུ་འཕྲུལ་འགྲན་བྲལ་དབང་ཆེན་གཅིག་པ་མོ༔ སྦས་པ་ནང་གི་ལྷ་མོ་མཆེད་བཞི་རྣམས༔ ཞི་བ་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཀར་མོ་མིག་གཅིག་གསོན་སྙིང་འབྱིན་པ་མོ༔ ནག་མོ་རལ་གཅིག་འཁོར་འདས་ཀུན་གྱི་བདག༔ དམར་མོ་དབང་སྡུད་འགྲོ་ཁམས་སྣང་བ་སྡུད༔ སེར་མོ་ལས་མཁན་སྡེ་བརྒྱད་བྲན་དུ་འཆིང་༔ ཐུགས་རྗེ་དགྱེས་སྡེ་ལྷ་མོ་མ་བཞི་རྣམས༔ ཞི་ལས་ཐུགས་རྗེ་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཨ་ཕྱི་ཆེན་མོ་སྲིད་པ་གཡོ་འཁྲུགས་བདག༔ རྣལ་འབྱོར་ཆེན་མོ་ཆགས་པའི་མདངས་འཛིན་མ༔ ཨེ་ཀ་ཙ་ཏི་མ་མོ་ཡོངས་ཀྱི་གཙོ༔ ཨེ་ཀ་ཙ་ར་འབྱུང་བ་ལྔ་ཡི་བདག༔ མ་བཅོས་ཐུགས་རྗེ་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོཿམདོག་བཟང་ནག་མོ་བདུད་ཀྱི་ལྕམ་གཅིག་མ༔ མདོག་བཟང་རིན་ཆེན་སྲིད་པ་འདེགས་བྱེད་མ༔ མདོག་བཟང་དཀར་མོ་གླིང་བཞི་སྤྱི་འགྲོའི་བདག༔ རྫུ་འཕྲུལ་ལས་ལ་དབང་བའི་མཐུ་མོ་ཆེ༔ མི་མངོན་མི་འགགས་ཆོས་སྐུའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཀར་མོ་མཆེ་གཅིག་སྲིད་གསུམ་ཟས་སུ་ཟ༔ ནག་མོ་ཁ་འཕྱལ་དགྲ་བོ་ལྷ་དང་དབྱེ༔ དམར་མོ་མཆུ་འཇིབ་འཁོར་བ་ཁྲག་ཏུ་བསྐྱིལ༔ སེར་མོ་རྐང་ལྡག་གཟུགས་མཚན་སྣ་ཚོགས་སྟོན༔ བདེ་ཆེན་ཆོས་ཉིད་དབྱིངས་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཧར་ཏིང་དཀར་མོས་དགྲ་བོ་ལྷ་དང་དབྱེ༔ དུན་ཏིང་ནག་མོས་སྲིད་པའི་སྐྱེ་རྒྱུན་གཅོད༔ ཤན་ཏིང་དམར་མོས་རྒྱུ་སྐར་ཁྲ་ཚ་འགྱེད༔ གྲུ་ཏིང་སེར་མོས་བླ་འགུགས་ཕོ་ཉ་འགྱེད༔ མི་མངོན་མི་སྣང་ཆོས་ཉིད་དབྱིངས་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྡོ་རྗེ་ཀུན་གྲགས་དཀར་མོ་འབྲུག་ལ་ཞོན༔ རྡོ་རྗེ་ཀུན་བཟང་མཐིང་གསལ་རྒྱལ་མཚན་འཕྱར༔ རྡོ་རྗེ་རྟག་སྙེམས་རྡོ་རྗེ་ཐོ་བས་འཇོམས༔ རྡོ་རྗེ་ཡེ་ཤེས་མིག་མང་སྲིད་གསུམ་གསལ༔ རྡོ་རྗེ་འོད་གསལ་སྐྱེ་འགྲོ་རྩིས་ལ་འདེབས༔ རྡོ་རྗེ་གསལ་འཕྲོ་ནོར་གྱི་དངོས་གྲུབ་སྟེར༔ རྡོ་རྗེ་གཡུ་སྒྲོན་བདེ་བ་རོ་སྙོམས་བྱེད༔ མ་བཅོས་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གླིང་བཞི་སྤྱི་འབྱམས་ལྷ་ཡི་སྲིང་གཅིག་མ༔ མཁའ་ལ་ཁྱུང་ལྡིང་གསོད་བྱེད་གཤིན་རྗེའི་སྲིང་༔ དམར་མོ་གཡག་ཐོད་མཛེ་གྲུམ་སྐུ་ཡི་ལྕམ༔ ནག་མོ་སྡེར་འཛིང་གནོད་སྦྱིན་འཕྱོ་བའི་ཡུམ༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ དཀར་མོ་དབུ་དགུ་སྡེ་བརྒྱད་ཀུན་གྱི་ལྕམ༔ སྨུག་མོ་དབུ་ལྔ་གཉན་རིགས་སྤྱི་ཡི་ཡུམ༔ མཚོ་སྨན་རྒྱལ་མོ་ཀླུ་དང་ས་བདག་འཕྱོ༔ ཤྲཱི་ཛ་མིན་དྲི་པ་བཀྲག་གི་བདག༔ ཆོས་ཉིད་སྐྱེ་མེད་དབྱིངས་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོདཿཧཱུྃ་བྷྱོ༔ མ་ཅིག་ཁྲམ་ཁ་སྟོང་གི་དབང་མོ་ཆེ༔ རི་རབ་གླིང་བཞི་ཀུན་གྱི་དབང་ཕྱུག་མོ༔ ཐོག་ཆེན་འབེབས་པ་ས་གཞིར་མངའ་མཛད་མོ༔ རྒྱ་མཚོ་ཆུ་ཕྲན་གླིང་ལ་དབང་བསྒྱུར་མོ༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཤར་གྱི་ཟོར་སྲིན་སྟག་གི་གདོང་པ་ཅན༔ ལྷོ་ཡི་བམ་སྲིན་དྲེད་ཀྱི་གདོང་པ་ཅན༔ ནུབ་ཀྱི་རྐོང་སྲིན་བ་གླང་མགོ་བོ་ཅན༔ བྱང་གི་འབྲོག་སྲིན་ཆུ་སྲིན་མགོ་བོ་ཅན༔ འགགས་མེད་ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གནམ་གྱི་ཡེ་བརྡར་ལྟས་ངན་ཡོ་ཐན་འབེབས༔ ཤར་གྱི་གློག་ཞགས་སད་དང་སེར་བའི་བདག༔ ས་ཡི་ཕུང་བྱེད་ནད་རིམས་དལ་ཁ་འབེབས༔ མ་བཅོས་སྐྱེ་མེད་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཛ་མི་ཏྲི་ནི་བརྡའ་ཐན་ཀུན་གྱི་བདག༔ ཛན་ཏྲི་མ་ནི་སྟོང་གསུམ་གཡོ་འཁྲུགས་བྱེད༔ རེ་མ་ཏཱི་ནི་སྲིད་པ་སྤྱི་འདུལ་ཡུམ༔ མི་མངོན་མི་འགགས་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྦོད་བྱེད་མ་མོ་ཐལ་རྡེབ་བྱོལ་གཏོ་འཕེན༔ འཁྲུགས་བྱེད་མ་མོ་སྡང་མིག་ཉི་ཟླ་བསྒྱུར༔ གསོད་བྱེད་མ་མོ་དབུགས་དང་བླ་ལ་རྒྱུ༔ སྐྱེ་མེད་ཆོས་དབྱིངས་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ སངས་རྒྱས་བསྟན་དང་དགེ་འདུན་ཆོས་སྡེ་བཤིག༔ བླ་མའི་སྐུ་དགྲ་སེམས་ཅན་ཡོངས་ལ་འཚེ༔ རྣལ་འབྱོར་སྒོས་དགྲ་ཞིང་བཅུ་ཚང་བ་རྣམས༔ མྱུར་དུ་བསད་མནན་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ནུབ་རིག་འཛིན་ས་ལ་མངའ་དབང་མཛད༔ ཕྲིན་ལས་རྣམ་བཞིའི་འགྲོ་བ་ཐབས་ཀྱིས་འདུལ༔ དར་ཟབ་རིན་ཆེན་འབར་བའི་གདན་སྟེང་ནས༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཐོད་པ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ༔ ཞབས་གཉིས་གར་སྟབས་དར་དང་རིན་ཆེན་བརྒྱན༔ བདེ་འབྱིན་ལྷ་མོ་དབྱིངས་ཕྱུག་མ་དང་འཁྲིལ༔ སྐུ་ཡི་འོད་ཀྱིས་ངན་སོང་འཁོར་བ་འཇིགས༔ གསུང་གསང་ཆོས་སྒྲས་གདུལ་བྱ་རྗེས་སུ་འཛིན༔ ཐུགས་རྗེ་འཕོ་འགྱུར་མེད་པར་རྟག་ཏུ་བཞུགས༔ གང་འདུལ་འགྲོ་ཀུན་འདྲེན་པའི་གཉེན་གཅིག་པོ༔ བླ་མ་རིག་འཛིན་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་ཀུན་ཕྲིན་ལས་དབང་ཕྱུག་ཧེ་རུ་ཀ༔ དཀྱིལ་འཁོར་ཡོངས་ཀྱི་སྤྲོས་བསྡུས་བྱེད་པོ་མཆོག༔ དངོས་གྲུབ་འབྱུང་གནས་རྡོ་རྗེ་སློབ་དཔོན་དགོངས༔ སྙིགས་མའི་དུས་འདིར་ཐུགས་རྗེ་མྱུར་དུ་གཟིགས༔ ལས་ངན་སེམས་ཅན་བསྒྲལ་བའི་ཞིང་གྱུར་རྣམས༔ ལས་ངན་རྒྱུན་འབྱམས་ངན་སོང་དུཿཁས་གཟིར༔ བཟོད་མེད་སྡུག་བསྔལ་དྲག་པོའི་འོབས་སུ་ལྷུང་༔ དཀར་ནག་རྣམ་སྨིན་འབྲས་བུ་དུས་སུ་སྨིན༔ ཐུགས་བསྐྱེད་དམ་བཅའ་དབྱིངས་སུ་མི་བཞུགས་པར༔ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་ལ༔ དམ་རྫས་བདུད་རྩི་འདོད་ཡོན་སྣ་ཚོགས་བཞེས༔ ཞིང་བཅུ་ཚང་བའི་གདུག་ཅན་དགྲ་བགེགས་ཚོགས༔ གང་ན་གནས་ཀྱང་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ མཐུ་སྟོབས་ནུས་པས་འགུགས་བསྒྲལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྒྱལ་ཀུན་ཐུགས་རྗེའི་བདག་ཉིད་བླ་མ་རྗེ༔ དཀྱིལ་འཁོར་ཡོངས་ཀྱི་འཁོར་ལོའི་དབང་ཕྱུག་ཏུ༔ ཡེ་སངས་རྒྱས་ཀྱང་སྒྲུབ་སྡེའི་དཀྱིལ་འཁོར་དུ༔ དངོས་གྲུབ་སྟོན་ཕྱིར་སྐུ་ཡི་རིག་པ་འཛིན༔ མཉྫུ་མི་ཏྲ་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་གསུང་གི་རིག་པ་འཛིན༔ ཀླུ་སྒྲུབ་སྙིང་པོ་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་ཡོན་ཏན་རིག་པ་འཛིན༔ པདྨ་ཐོད་ཕྲེང་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་ཕྲིན་ལས་རིག་པ་འཛིན༔ པྲ་བྷ་ཧསྟི་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་དངོས་གྲུབ་རིག་པ་འཛིན༔ དྷ་ན་སཾསྐྲྀ་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་བྱིན་རླབས་རིག་པ་འཛིན༔ བི་མ་མི་ཏྲ་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་མཐུ་སྟོབས་རིག་པ་འཛིན༔ རཾ་བུ་གུ་ཧྱ་ཡབ་ཡུམ་སྐུར་བཞེངས་ཤིག༔ རྒྱལ་བ་ཀུན་གྱི་དྲག་སྔགས་རིག་པ་འཛིན༔ ཤཱནྟིཾ་གརྦྷ་ཡབ་ཡུམ་སྐུར་བཞེངས་ཤིག༔ རིག་འཛིན་ཐུགས་ལས་སྤྲུལ་པ་གྲངས་མེད་འཕྲོས༔ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཁྱབ་པར་བརྡལ༔ ཡེ་ཤེས་རོལ་པའི་མཚོན་ཐུན་ཕོ་ཉ་འགྱེད༔ གློག་ཞགས་ལས་མྱུར་ཐུགས་རྗེའི་ཤུགས་ལྡན་རྣམས༔ དགྲ་བགེགས་ཕུང་པོ་ལྔ་དང་ཉོན་མོངས་ལྔ༔ རྒྱུ་དང་འབྲས་བུར་གྱུར་པ་ཐམས་ཅད་ཀུན༔ ཡེ་ཤེས་མཆོག་གི་དམ་རྫས་རྨད་པོ་ཆེ༔ ཕྱི་ནང་གསང་གསུམ་འདོད་ཡོན་མཆོད་སྤྲིན་འཁྲིགས༔ དགྱེས་པར་བཞེས་ལ་ལོག་རྟོགས་མི་སྲུན་སྡེ༔ གཟུགས་ཅན་གཟུགས་མེད་གང་གི་ཆར་གཏོགས་ཀྱང་༔ ལྕགས་ཀྱུས་སྙིང་ཟུངས་ཞགས་ནག་སྐེ་ནས་ཆིངས༔ ལྕགས་སྒྲོག་ཡན་སྡོམ་དྲིལ་བུས་མྱོས་སུ་ཆུག༔ ཡེ་ཤེས་ཐུན་མཚོན་འབར་བས་ཕུང་ཁམས་ཤིག༔ རྣམ་པར་ཤེས་པ་འཁྲུལ་མེད་དབྱིངས་སུ་སྒྲོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ་བྷྱོ༔ ཆུ་ཁམས་དབང་བསྒྱུར་རྡོ་རྗེ་རིགས་ཀྱི་བདག༔ མཁའ་འགྲོ་དཀར་མོ་བྱེ་བ་འབུམ་དང་བཅས༔ ཀུན་ཀྱང་ལྕགས་ཀྱུ་གྲི་གུག་ཕྱག་མཚན་ཅན༔ སྙིང་རྗེ་ཆེན་པོའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ས་ཁམས་དབང་བསྒྱུར་རིན་ཆེན་རིགས་ཀྱི་བདག༔ མཁའ་འགྲོ་སེར་མོ་བྱེ་བ་འབུམ་དང་བཅས༔ ཀུན་ཀྱང་རྡོ་རྗེ་ཞགས་པའི་ཕྱག་མཚན་ཅན༔ བྱམས་པ་ཆེན་པོའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་འཆིང་བའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ མེ་ཁམས་དབང་བསྒྱུར་པདྨ་རིགས་ཀྱི་བདག༔ མཁའ་འགྲོ་དམར་མོ་བྱེ་བ་འབུམ་དང་བཅས༔ ཀུན་ཀྱང་པདྨ་ལྕགས་སྒྲོག་ཕྱག་མཚན་ཅན༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་སྡོམ་པའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ རླུང་ཁམས་དབང་བསྒྱུར་ལས་ཀྱི་རིགས་ཀྱི་བདག༔ མཁའ་འགྲོ་ལྗང་མོ་བྱེ་བ་འབུམ་དང་བཅས༔ ཀུན་ཀྱང་རྒྱ་གྲམ་དྲིལ་བུའི་ཕྱག་མཚན་ཅན༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་མྱོས་པའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ ཐུགས་ཀྱི་དགྱེས་བསྐྱེད་རྡོ་རྗེ་རིགས་ཀྱི་གིང་༔ བུ་ག་དགུ་ནས་བཙན་དུག་རླངས་པ་འཕྱོ༔ ནམ་མཁའ་བར་སྣང་ཀུན་ཏུ་ཁྱབ་པར་རྒྱུ༔ གཅིག་ལས་བརྒྱ་སྟོང་བྱེ་བ་གྲངས་མེད་འཕྲོ༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་དལ་ཡམ་དབལ་ཁ་ཕོབ༔ ཧཱུྃ་བྷྱོ༔ ཡོན་ཏན་དགྱེས་བསྐྱེད་རིན་ཆེན་རིགས་ཀྱི་གིང་༔ སྨིན་མར་གློག་འཁྱུག་སྣང་བའི་གོ་སྐབས་འབྱེད༔ ཕྱོགས་བཅུ་ཀུན་ཏུ་ལས་བྱེད་ཕོ་ཉ་འགྱེད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་སྨྱོ་འབོག་བརྒྱལ་ནད་ཐོང་༔ ཧཱུྃ་བྷྱོ༔ གསུང་གི་དགྱེས་བསྐྱེད་པདྨ་རིགས་ཀྱི་གིང་༔ རྡོ་རྗེ་གཤོག་པས་སྲིད་གསུམ་རླབས་ཀྱིས་གཅོད༔ རང་རང་སྤྲུལ་པ་དུས་གཅིག་བསམ་ཡས་འགྱེད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དམ་ཉམས་དགྲ་ལ་མིག་འཕྲུལ་དྲན་པ་སློང་༔ ཧཱུྃ་བྷྱོ༔ ཕྲིན་ལས་དགྱེས་བསྐྱེད་ཀརྨ་རིགས་ཀྱི་གིང་༔ སྣང་དང་མི་སྣང་འཇིག་རྟེན་ཁྱབ་པར་ཉུལ༔ ལས་ལ་དབང་བསྒྱུར་རྫུ་འཕྲུལ་སྣ་ཚོགས་སྟོན༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ དམ་ཉམས་དགྲ་བོ་རྒྱུག་འགྱེལ་ཧུར་ཐུམ་སོད༔ ཧཱུྃ་བྷྱོ༔ རིག་འཛིན་བླ་མའི་བྱིན་རླབས་ནུས་པའི་སྟོབས༔ ལས་བྱེད་བཀའ་སྲུང་དམ་ཅན་སྟོབས་ལྡན་རྣམས༔ དགྲ་ཤ་ཁྲག་གི་མཚོ་མོ་འདི་ལ་རོལ༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ དགེ་འདུན་རྒྱུད་དཀྲུགས་རྣལ་འབྱོར་སྒོས་ཀྱི་དགྲ༔ གཟུགས་ཅན་གཟུགས་མེད་གང་ཞིག་སུ་ཡང་རུང་༔ སྲིད་གསུམ་གར་གནས་གར་ཡོད་ས་དེ་ནས༔ སྐད་ཅིག་འདར་ཆུམ་ཡེད་ཡེད་བརྒྱལ་ཞིང་བསྔངས༔ གློག་ཞགས་འཁྱུགས་པའི་ཡུན་ཙམ་དབང་བསྡུས་ཏེ༔ མངོན་སྤྱོད་དྲག་པོས་བསྒྲལ་ཞིང་བརླག་པ་དང་༔ རྣམ་ཤེས་འཁྲུལ་མི་ཤེས་པའི་དབྱིངས་སུ་སོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ ནུབ་བྱང་གནམ་ལྕགས་འཁོར་ལོ་འབར་བའི་དབུས༔ རིན་ཆེན་ཁྲི་རྐང་པད་ཉི་དྲེགས་པའི་སྟེང་༔ རྔམས་བརྗིད་ཁྲོས་པའི་སྐུར་བཞེངས་ཁྲོ་བོའི་རྒྱལ༔ གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་བདག༔ མཐིང་ནག་ཁམ་སྨུག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་སྡེ་བརྒྱད་དྲེགས་པའི་གདན་ལ་བརྫིས༔ གཡས་ཕྱག་རྡོ་རྗེ་ལྷ་བརྒྱད་མགོ་བོ་དང་༔ གཡོན་ཕྱག་ཐོད་ཁྲག་ཀླུ་བརྒྱད་མགོ་བོ་བསྣམས༔ ཁམས་གསུམ་སྤྱི་འདུལ་ཁྲོ་མོ་གཡོན་ནས་འཁྲིལ༔ རྡོ་རྗེ་ཐོད་ཁྲག་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་གར་སྟབས་ཐབས་དང་གཉིས་མེད་སྦྱོར༔ དུར་ཁྲོད་དཔལ་གྱི་ཆས་རྣམས་ཡོངས་སུ་རྫོགས༔ སྐུ་ཡི་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བའི་གཏོར་མ་དང་༔ ཉམས་པའི་ཤ་ཁྲག་རུས་པའི་གྲམ་ཁྲོད་འབུལ༔ དགྱེས་པར་བཞེས་ནས་ཐུགས་རྗེའི་རྩལ་ཤུགས་བྱུང་༔ སྟེང་འོག་བར་གསུམ་ཕྱོགས་བཞི་མཚམས་བརྒྱད་ནས༔ གནོད་ཅིང་གདུག་པའི་བསམ་སྦྱོར་གནག་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་ཚོགས༔ སྟོང་གསུམ་རི་རབ་གླིང་བཞི་གར་གནས་ཀྱང་༔ སྐད་ཅིག་རང་དབང་བརྟན་པ་དང་བྲལ་བར༔ ལྕགས་ཀྱུས་སྙིང་ཟུངས་ཞགས་ནག་སྐེ་ནས་ཆིངས༔ ལྕགས་སྒྲོག་ཡན་སྡོམ་དྲིལ་བུས་མྱོས་སུ་ཆུག༔ ཡེ་ཤེས་ཐུན་མཚོན་འབར་བས་ཕུང་ཁམས་ཤིག༔ རྣམ་པར་ཤེས་པ་ཆོས་སྐུར་སངས་རྒྱས་ཤིང་༔ འཁོར་བ་ཀ་ནས་དག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཕོ་རྒྱུད་དྲེགས་པ་ཡོངས་ཀྱི་སྤྱི་རྗེ་བོ༔ འཁོར་འདས་སྣང་སྲིད་ཀུན་ལ་མངའ་དབང་བསྒྱུར༔ དབང་ཕྱུག་མ་ཧཱ་དཱེ་ཝ་ལྷ་ཆེན་པོ༔ དམར་ནག་ཞི་མ་ཁྲོ་འཛུམ་ཉམས་དང་ལྡན༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་བློ་ཡིད་འགུགས༔ གཡོན་པས་ཞགས་པ་དམར་པོས་ལྷ་སྲིན་འཆིང་༔ ཞབས་གཉིས་འདོར་སྟབས་རིན་ཆེན་རྒྱན་ཕྲེང་གསོལ༔ གཡོན་དུ་མོ་རྒྱུད་ཡོངས་ཀྱི་སྤྱི་རྗེ་མོ༔ ཡུམ་མཆོག་ཨུ་མ་དཱེ་ཝི་དམར་ཞིང་གསལ༔ ཕྱག་གཉིས་ལྕགས་ཀྱུ་གཏེར་གྱི་བུམ་པ་འཛིན༔ ནུ་འབུར་གསང་བའི་པདྨོ་རབ་ཏུ་རྒྱས༔ མེ་ཏོག་མནྡྷ་ར་བའི་ཆུན་འཕྱང་མཛེས༔ ཕོ་རྒྱུད་མོ་རྒྱུད་སྣང་སྲིད་བྲན་དུ་འགྱེད༔ ཟླ་གམ་འབར་བ་དབང་གི་གཞལ་ཡས་ནས༔ ཤིན་ཏུ་རྔམས་བརྗིད་དྲག་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གཤིན་རྗེ་ཡོངས་ཀྱི་རྗེ་དཔོན་ཡ་མ་ཛ༔ མཐིང་ནག་ཁྲོ་གཏུམ་ཐོད་པ་ཞགས་པ་འཛིན༔ ཞབས་གཉིས་གྱད་སྟབས་ཆུ་གླང་སྟེང་ན་བརྗིད༔ སྟག་ལྤགས་སླག་གསོལ་མི་སྲུན་ཁྲོས་པའི་སྐུ༔ གཤིན་རྗེ་མ་མོའི་དེད་དཔོན་གསོད་བྱེད་ནག༔ ཆར་སྤྲིན་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ༔ ལྕགས་ཀྱུ་ཐོད་ཁྲག་དོམ་གྱི་འདུང་མ་གསོལ༔ བྱ་རྒྱལ་ཁྱུང་ཆིབས་མི་ལྤགས་གཡང་གཞི་གསོལ༔ ལས་གཤིན་ཕྱོགས་སྐྱོང་ཤ་ཟ་བྲན་དུ་འགྱེད༔ གྲུ་གསུམ་མཐིང་ནག་འབར་བའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྣང་སྲིད་ཁྲག་ཏུ་འཁྱིལ་བའི་དུར་ཁྲོད་ནས༔ མ་ཅིག་སྲིད་རྒྱལ་ཞལ་གཅིག་ཕྱག་བཞི་པ༔ གྲི་གུག་ཐོད་ཁྲག་ཐོད་དབྱུག་རལ་གྲི་དང་༔ ནད་རྐྱལ་མཆན་བཙུག་བོང་དམར་གྭ་པ་ཆིབས༔ ཡེ་ཤེས་མ་མོ་སྣང་སྲིད་མ་མོས་བསྐོར༔ ཁྲག་མཚོ་རླུང་ནག་འཚུབས་མའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རབ་འཇིགས་རྔམས་བརྗིད་ཧ་ཧ་སྒྲོགས་པའི་ཞིང་༔ ཉིན་མཚན་མེད་པར་མཚོན་ཆས་བུ་ཡུག་འཚུབས༔ དེ་ན་བཞུགས་པ་ཨེ་ཀ་ཙ་ཏི་མ༔ མཐིང་ནག་ཕྱག་གཉིས་དགྲ་སྙིང་ལྕགས་སྤྱང་འགྱེད༔ མིག་གཅིག་ཚེམས་གཅིག་ནུ་གཅིག་རྐང་གཅིག་མ༔ རུས་པའི་རྒྱན་གསོལ་བམ་ཉི་པད་གདན་བརྫིས༔ སྔགས་སྲུང་མ་མོ་འབུམ་འབུམ་འཁོར་གྱིས་བསྐོར༔ ཐུགས་རྗེ་ཁྲོས་པའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནད་ཡམས་དུག་རླུང་འཚུབས་མའི་ཀློང་དཀྱིལ་ནས༔ སྐོས་རྗེས་བྲང་དཀར་དུད་མདོག་ཁྲོ་ཞིང་གཏུམ༔ ཕྱག་གཉིས་གྲུ་གུ་ཁྲམ་ཤིང་དགྲ་ལ་འདེབས༔ བདུད་ཀྱི་ཆས་རྫོགས་བདུད་རྟ་ལྗང་ནག་ཆིབས༔ ཤན་པ་གྲི་ཐོགས་འཆིང་བྱེད་ཞགས་ཐོགས་འགྱེད༔ སྣང་སྲིད་བདུད་ཀྱི་སྡེ་ཚོགས་འབུམ་གྱིས་བསྐོར༔ དཔའ་བརྗིད་འཇིགས་རུང་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཕུང་བྱེད་སད་དང་སེར་པའི་སྣ་འདྲེན་མ༔ མ་ངེས་གནས་རྒྱུ་མི་སྲུན་ཁྲོས་པའི་རྒྱལ༔ བདུད་མོ་རེ་ཏཱི་ཞལ་གཅིག་ཕྱག་གཉིས་པ༔ ཐོད་ཁྲག་ལྕགས་ཀྱུ་འབར་བའི་ཕྱག་མཚན་ཅན༔ གསེར་ཕག་མགོ་དགུའི་སྟེང་ན་དཔའ་བར་བཞུགས༔ ཁྲོ་མོའི་ཆས་རྫོགས་སྲིད་པའི་ལེགས་ཉེས་འགྱེད༔ མོ་རྒྱུད་མ་ཡི་སྣང་སྲིད་བདུད་མོས་བསྐོར༔ གཏུམ་ཆེན་འབར་བ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐྱེ་འགྲོའི་སྲོག་དབུགས་སྡུད་པའི་བསྟན་གྲལ་ནས༔ རྒྱལ་ཆེན་པེ་ཧར་ཞལ་གཅིག་ཕྱག་གཉིས་པ༔ གསེག་ཤང་ལྷུང་བཟེད་སག་ཞུ་དགེ་བཙུན་ཆས༔ སེང་དཀར་ལ་ཆིབས་ཆོ་འཕྲུལ་སྣ་ཚོགས་འགྱེད༔ རྒྱལ་པོ་རྒྱལ་ཕྲན་འབུམ་ཕྲག་བསམ་ཡས་འགྱེད༔ གཏུམ་ཆེན་རྔམས་པའི་ལས་ལ་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྣང་སྲིད་འཇིག་རྟེན་ཁམས་ཀུན་ཡོངས་ལ་དབང་༔ ཚངས་པ་དཀར་པོ་ཞི་མ་ཁྲོ་འཛུམ་ཞལ༔ དར་དཀར་འདུང་གསོལ་རྩེ་གསུམ་ཐོད་ཁྲག་འཛིན༔ རྟ་དཀར་ལ་ཆིབས་གིང་དང་སྲོག་བདག་འབུམ༔ སྣང་སྲིད་ལྷ་སྲིན་དྲེགས་པའི་འཁོར་གྱིས་བསྐོར༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འགྲོ་ཁམས་ཁ་རྗེ་དབང་ཐང་སྤེལ་མཛད་པ༔ དགྲ་ལྷ་སྐུ་ལྷ་གསང་བ་དཀར་ཞིང་གསལ༔ ཕྱག་གཉིས་བ་དན་ཁྲུས་ཀྱི་བུམ་པ་འཛིན༔ གངས་རིའི་མདངས་འཛིན་ཅང་ཤེས་སྟེང་ན་བརྗིད༔ དར་དཀར་སློག་པ་རིན་ཆེན་རྒྱན་གྱིས་སྤྲས༔ དགྲ་ལྷ་སུམ་བརྒྱ་དྲུག་ཅུ་འཛིན་གིང་བཞི༔ བཀའ་སྡོད་སྣང་སྲིད་དྲེགས་པའི་ཚོགས་ཀྱིས་བསྐོར༔ ཐུགས་རྗེ་ཞི་བ་ཆེན་པོའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དུར་ཁྲོད་རྩུབ་འགྱུར་ཁྲག་མཚོ་འཁྱིལ་བ་ནས༔ དྲང་སྲོང་གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ དབུ་དགུ་བྱ་རོག་གདོང་དང་བཅུ་ཡིས་བརྒྱན༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་རྒྱལ་མཚན་ཞགས༔ ཁྲོ་ཞལ་འཇིགས་པས་སྲིད་གསུམ་ཟས་སུ་ཟ༔ སྐུ་སྨད་སྦྲུལ་འཁྱིལ་དུར་ཁྲོད་ཆོས་ཀྱིས་བརྒྱན༔ སྲིན་པོ་དྲག་པོའི་གཟའ་དམག་འབུམ་གྱིས་བསྐོར༔ ཁ་རླངས་ནད་དུག་གཏིབས་པའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐྱེ་འགྲོ་སྲོག་དབུགས་སྡུད་པའི་གཉེར་ཁ་བྱེད༔ སྲིན་པོ་ནག་པོ་གློག་གི་ཕྲེང་བ་ཅན༔ མཐིང་ལྗང་བདུད་རྟ་མེ་འབར་སྟེང་ན་བརྗིད༔ ཕྱག་གཉིས་ཞིང་དང་ཐོད་པ་ཁྲག་བཀང་ཐོགས༔ སྲིན་པོའི་ཆ་ལུགས་རབ་རྫོགས་འཇིགས་རྔམས་ཁྲོས༔ སྲིན་པོ་ཤ་ཟ་ཁྲག་འཐུང་ཕོ་ཉར་འགྱེད༔ གདུག་རྩུབ་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མི་འཇིགས་ཐོད་མཁར་རྔམས་པའི་ནང་ཤེད་ནས༔ སྲིན་མོ་སྦལ་མགོ་ཁྲག་མིག་ཐོད་དབྱུག་དང་༔ དགྲ་བམ་ཞལ་གསོལ་རོ་ཡི་སྟེང་ན་ཆིབས༔ སྲིན་མོའི་ཆས་རྫོགས་སྲིན་མོ་འབུམ་གྱིས་བསྐོར༔ གདུག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྨིན་མ་གློག་འོད་འཁྱུད་པའི་མཚམས་ཤེད་ན༔ མུན་དགུང་གཉིས་སུ་དུས་སྟོན་ལྔ་ལྔ་འགྱེད༔ གནོད་སྦྱིན་ཡཀྴ་མེ་དབལ་དམར་ནག་ཁྲོས༔ ཕྱག་གཉིས་རལ་གྲི་གློ་སྙིང་དྲོན་མོ་གསོལ༔ དོམ་ནག་ཐུགས་དཀར་སྟེང་ན་རྔམས་སྟབས་བཞུགས༔ གནོད་སྦྱིན་གདུག་བྱེད་འབུམ་ཕྲག་ལས་ལ་འགྱེད༔ ཧ་ཧེའི་གད་རྒྱངས་སྒྲོགས་པའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དུག་ཁྲག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་ནས༔ གནོད་སྦྱིན་མོན་མོ་ནག་མོ་ཁྲོ་ཞིང་གཏུམ༔ ཕྱག་གཉིས་གློག་ཕྲེང་སྤུ་གྲི་འབར་བ་བསྣམས༔ གདུག་པ་གཟིག་ཆིབས་ཁྲོ་མོའི་ཆས་ཀུན་རྫོགས༔ གནོད་སྦྱིན་མོ་དང་སྲོག་གཅོད་འབུམ་གྱིས་བསྐོར༔ མེ་རླུང་དམར་ནག་འཚུབས་མའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མཐིང་ནག་འབར་བ་ཨེ་ཡི་གཞལ་ཡས་ནས༔ མ་ཧཱ་ཀཱ་ལ་མཐིང་ནག་ཆར་སྤྲིན་མདོག༔ ཁྲོ་གཏུམ་རྔམས་བརྗིད་བིང་དང་ཐོད་ཁྲག་འཛིན༔ ཞབས་གཉིས་གྱད་སྟབས་བམ་ཆེན་སྟེང་ན་བརྗིད༔ བེར་ནག་སག་ལྷྭམ་མི་མགོའི་ཕྲེང་བས་སྤྲས༔ ཕོ་རྒྱུད་མོ་རྒྱུད་ཆོས་སྐྱོང་རྒྱ་མཚོས་བསྐོར༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང་ནས་བཞེངས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཟ་བྱེད་ཕོ་ཉ་འཁྲིགས་པའི་ཚང་ཚིང་ནས༔ བན་ཆེན་རྡོ་རྗེ་བདུད་འདུལ་དམར་ལྗང་ཁྲོ༔ ཕྱག་གཉིས་དར་ནག་གནམ་ལྕགས་ཕུར་པ་འདྲིལ༔ བེར་ནག་སྤྱི་བླུགས་ཞྭ་དང་སག་ཏིའི་ལྷྭམ༔ རྟ་ནག་ལ་ཆིབས་རྫུ་འཕྲུལ་སྣ་ཚོགས་སྟོན༔ རལ་ནག་ཅན་དང་ཞིང་ལྤགས་རྡེབ་པ་འབུམ༔ ཕོ་ཉར་འགྱེད་ཅིང་གདུག་བྱེད་མང་པོ་བཀོལ༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུ་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རླུང་ནག་འཚུབས་མ་ཆེན་པོའི་ཀློང་དཀྱིལ་ནས༔ དམུ་བདུད་ནག་པོ་བཀྲག་མེད་ཁྲོ་ཞིང་གཏུམ༔ ཕྱག་གཉིས་རྒྱུ་ཞགས་གློ་སྙིང་ཞལ་དུ་གསོལ༔ དམུ་བདུད་རྗེ་བདུད་འབུམ་ཕྲག་འཁོར་གྱིས་བསྐོར༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཁ་རླངས་དུག་ཏུ་གཏིབས་པའི་ལྡིང་ཁང་ནས༔ མུ་སྟེགས་གུ་ལང་ནག་པོ་ཁྲོ་ཞིང་གཏུམ༔ ཕྱག་གཉིས་ཞིང་ལྤགས་རྡོ་ཡི་ཆར་པ་འབེབས༔ བར་སྣང་གློག་མ་སྤྲིན་གྱི་སྟེང་ན་བརྗིད༔ མུ་སྟེགས་ནག་པོ་འབུམ་སྡེ་ཕོ་ཉར་འགྱེད༔ གཏུམ་དྲག་ཁྲོས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་ལྷ་ལམ་ཡངས་པའི་ཀློང་དཀྱིལ་ནས༔ ལྷ་རབ་ཤམ་པོ་རྡོ་རྗེ་དུང་དཀར་འཛིན༔ གཡུ་འབྲུག་ལ་ཆིབས་དར་དང་རིན་ཆེན་བརྒྱན༔ ལྷ་དམག་བྱེ་བ་འབུམ་སྡེའི་འཁོར་གྱིས་བསྐོར༔ ཐུགས་རྗེ་གཏུམ་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལོངས་སྤྱོད་གཏེར་གྱི་འབྱོར་བའི་བརྒྱན་པ་ནས༔ གནམ་སྨན་ཐོག་གི་བུ་ཡུག་མཐིང་དཀར་ཞལ༔ ཕྱག་གཉིས་སྒྲོལ་མདའ་མཚོན་ཆའི་འཁོར་ལོ་འཛིན༔ གློག་མ་སྤྲིན་ཆིབས་དར་དང་རིན་ཆེན་བརྒྱན༔ གནམ་སྨན་དམུ་སྨན་འབུམ་ཕྲག་འཁོར་གྱིས་བསྐོར༔ མི་མངོན་ནམ་མཁའི་ཀློང་ནས་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐོག་དང་བུ་ཡུག་འཚུབས་མའི་ད་ལ་ནས༔ སྤྱི་བདུད་རྒྱལ་པོ་ཆེན་པོ་དགུ་རིམ་རྩེ༔ ཕྱག་གཉིས་ཐོག་ཁ་མེ་དབལ་ནག་པོ་འཛིན༔ མི་ལྤགས་གོས་གསོལ་རླུང་ཞགས་འཚུབ་མ་ཆིབས༔ མ་སངས་སྤུན་དགུ་སྟོང་དཔོན་མཆེད་ལྔ་སོགས༔ སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས་ཀྱིས་བསྐོར༔ མི་མངོན་དབྱིངས་ནས་འབར་བའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྲག་རི་མེ་ལྟར་འབར་བའི་སྐྱིད་ཚལ་ནས༔ སྲོག་བཙན་དམར་མོ་མདུང་དར་ཞགས་པ་འཛིན༔ རྟ་དམར་ལ་ཆིབས་འཁོར་གསུམ་ལུས་ལ་བསྐོར༔ མི་དམར་སྔོན་རྒྱུག་བྱ་དམར་ཀླད་ན་ལྡིང་༔ ཁྱི་དམར་རྗེས་འབྲང་བཙན་ཆེན་ཁ་བཞི་དང་༔ མགྱོགས་པ་སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བསྐོར༔ འབར་བ་ཁྲོ་གཏུམ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྲག་ཤིང་མཚོ་གླིང་ལ་སོགས་མ་ངེས་གནས༔ སྐྱེས་བུ་གནམ་ཐིལ་དཀར་པོ་དགེ་བསྙེན་ཆས༔ རྡོ་རྗེ་དགྲ་སྙིང་སག་ཞུ་དབུ་ལ་གསོལ༔ ར་ཐུང་ལ་ཆིབས་ཐེ་བྲང་འབུམ་སྡེ་འགྱེད༔ གདུག་རྔམས་ཁྲོས་འཁྲུགས་གཏུམ་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྐྱེ་འགྲོ་ཀུན་གྱི་རྗེས་འབྲངས་སྲི་རྐུན་འགྱེད༔ འགོང་པོ་ཁུ་ལེ་ལག་དགུ་འབྲིང་ཞགས་འབེབས༔ རྔ་མོང་ལ་ཞོན་མི་ལྤགས་སྟག་ཤམ་གསོལ༔ འགོང་དམར་འབུམ་ཁྲི་ལས་ལ་རབ་འགྱེད་ཅིང་༔ དུག་དང་ནད་མཚོན་ཀུན་གྱི་མངའ་བདག་པོ༔ གཏུམ་རྔམས་འབར་བ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བསྐལ་པ་མུན་ལྟར་གཏིབས་པའི་ཀློང་དཀྱིལ་ནས༔ བགེགས་རྒྱལ་བཱི་ན་ཡ་ཀ་དབུ་དགུ་པ༔ ཕྱག་དྲུག་འབར་བའི་མཚོན་ཆ་སྣ་ཚོགས་བསྣམས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལས་ལ་འགྱེད༔ རྔམས་བརྗིད་ཁྲོས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འོག་མིན་ལ་སོགས་རྒྱུ་ཡི་དུར་ཁྲོད་ཞིང་༔ མཁའ་འགྲོ་མགྱོགས་བྱེད་ནག་མོ་གྲི་ཐོད་འཛིན༔ མི་ལྤགས་གོས་གསོལ་མེ་དཔུང་ཀློང་ནས་འགྱིང་༔ མཁའ་འགྲོ་འབུམ་ཕྲག་བརྟན་མ་བཅུ་གཉིས་འགྱེད༔ དམར་ནག་ཁྲོས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྒྱ་མཚོ་དགུ་རིམ་འཁྲུགས་པའི་ད་ལ་ནས༔ ཀླུ་བདུད་ནག་པོ་མགོ་དགུ་སྦྲུལ་ཞགས་འཛིན༔ ཆུ་སྲིན་ལ་ཆིབས་ཀླུ་བརྒྱད་ཀླུ་གཉན་འབུམ༔ ཕོ་ཉར་འགྱེད་ཅིང་མི་སྡུག་འཇིགས་གཟུགས་སྟོན༔ ཤིན་ཏུ་མི་སྲུན་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འོག་ཕྱོགས་མུན་པ་ནག་པོའི་ཀློང་དཀྱིལ་ནས༔ ཡཀྴ་ནག་མོ་དུག་གི་རྐྱལ་པ་འཛིན༔ རེ་འབྱམས་ལ་བཅིབས་སྦྲུལ་རིགས་ལྔ་ཡིས་བརྒྱན༔ མཚོ་སྨན་མཆེད་དགུ་ཀླུ་མོ་སྤུན་དགུས་བསྐོར༔ འཇིགས་རུང་གཏུམ་དྲག་ཁྲོས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དྲེགས་པ་རབ་འདུལ་དྲག་སྔགས་དཀྱིལ་འཁོར་ནས༔ མཐུ་ཆེན་བདུད་འདུལ་མི་སྲུན་ཁྲོས་པའི་གཟུགས༔ སྟོབས་ལྡན་ནག་པོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྒོད་གཤེ་གཏུམ་པའི་ཞལ༔ གཡས་ཕྱག་རྡོ་རྗེ་ལྷ་བརྒྱད་ཙིཏྟ་དང་༔ གཡོན་ཕྱག་ཐོད་ཁྲག་ཀླུ་བརྒྱད་ཙིཏྟ་བསྣམས༔ ཞབས་བཞི་དགྲ་བགེགས་གདུག་པ་སྟབས་ཀྱིས་མནན༔ འབྱུང་ལྔའི་བདག་མོ་མཐིང་ནག་ཡབ་ལ་འཁྱུད༔ གཡས་པ་མཁའ་འདེགས་གཡོན་པས་ས་གཞི་མནན༔ ཞབས་གཉིས་བཞེངས་སྟབས་ཡབ་གསང་གཉིས་མེད་སྦྱོར༔ དུར་ཁྲོད་ཆས་རྫོགས་རབ་བརྗིད་ཁྲོ་བོའི་རྒྱལ༔ སྐུ་ལ་སྣ་ཚོགས་མཚོན་གྱི་ཡོ་ལང་འཕྲོ༔ དགྲ་གདོན་བགེགས་ཚོགས་ཐལ་བའི་རྡུལ་དུ་བརླག༔ མི་མངོན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ འབར་བ་ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་ངོམས༔ དམ་ཉམས་དགྲ་གདོན་ཤ་ཁྲག་དོན་སྙིང་དང་༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས༔ གནོད་ཅིང་གདུག་པའི་བསམ་པ་གནག་བྱེད་པའི༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་རྣམས༔ འགུགས་བསྒྲལ་དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་གཤིན་རྗེ་ནག་པོ་འཇིགས་པའི་གཟུགས༔ བོང་དམར་ལ་ཆིབས་ཁྲམ་ཤིང་ཕུར་ཐུན་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་སྲོག་གི་བདག་མོ་དམར་ནག་རྔམས༔ རེ་བའི་བ་དན་དུག་ཐུན་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་མུ་སྟེགས་ཀཱ་ལ་ཡཀྴ་ནི༔ ནག་པོ་རལ་གྲི་ཡུངས་ཐུན་དགྲ་ལ་འདེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་མུ་སྟེགས་ཀཱ་ལ་ནག་པོ་ནི༔ ཚོན་གྱི་གྲུ་གུ་གློག་ཞགས་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་ཕོ་མོའི་ཁ་རླངས་གཏུམ་ཁྲོ་འབར༔ རྡོ་རྗེ་དང་ནི་ཐོད་དབྱུག་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་བདུད་མོ་ནག་མོ་ཁྲག་འཛག་མ༔ གཅེར་བུ་ཞིང་དབྱུག་དམོད་ཐལ་དགྲ་ལ་རྡེབ༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་མ་ཧཱ་དཱེ་ཝ་དམར་ནག་འབར༔ དུར་སྤྱང་མ་ཞོན་དུག་མདའ་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་སྲིན་པོ་ནག་པོ་རོ་ལངས་ཞོན༔ དམོད་སྔགས་ཚིག་གི་ཐུན་ཟོར་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་སྲིན་མོ་ནག་མོ་ཆུ་སྲིན་ཞོན༔ དུར་མོ་སར་རྡེབ་དྲག་སྔགས་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་གཟའ་བདུད་ནག་པོ་རཱ་ཧུ་ལ༔ ཕྱག་གཉིས་རྭ་ཡི་མདའ་གཞུ་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་རཱུ་ཏྲ་ནག་པོ་དུར་ཕག་ཞོན༔ རལ་པ་བསིགས་ཤིང་སྡང་མིག་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་གནོད་སྦྱིན་གང་བཟང་ལྷ་ཡི་ཆས༔ རི་རབ་ས་འཕོས་དགྲ་ལ་དྲག་ཏུ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་ཤ་ཟ་རལ་གཅིག་ཁྲག་མིག་འདེབས༔ བྲམ་ཟེའུ་དམོད་པས་དགྲ་ལ་དུས་དབྱིག་འགྱེད༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་རྒྱལ་མོ་ལི་བྱིན་ཧ་ར་མཐིང་༔ བིང་དང་རུ་མཚོན་དགྲ་བགེགས་སྙིང་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་ཡམ་ཤུད་དམར་པོ་རྟ་དམར་ཞོན༔ མདུང་དར་འཕྲུལ་གྱི་ཞགས་པ་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་དམུ་རྗེ་ནག་པོ་འབྲོང་ལ་ཆིབས༔ ཕྱག་གཉིས་སྦྲུལ་ཞགས་ཏྲི་ཤུལ་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་རྡོ་རྗེ་ལེགས་པ་སེང་དཀར་ཆིབས༔ ཐོ་བ་གནམ་ལྕགས་རྡོ་རྗེ་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་འགོང་པོ་ལག་དགུ་རེ་འབྱམས་ཆིབས༔ མི་སྲུན་མཚོན་ཆ་སྣ་ཚོགས་དགྲ་ལ་འབེབས༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྔགས་བདག་ཀླུ་རྒྱལ་གཏུམ་པོ་ཆུ་སྲིན་ཞོན༔ དགྲ་ཟོར་མཛེ་ཡི་རྒང་ཟོར་དགྲ་ལ་འབེབས༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཕྱི་རིམ་ཁྲག་མཚོ་འཁྱིལ་བ་ནས༔ བདེ་གཤེགས་རྒྱ་མཚོ་སྤྱི་ཡི་བཀའ་སྲུང་ནི༔ འཇིགས་བྱེད་དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ སྲིན་མོ་སྨུག་ནག་ཚངས་པ་དམར་སེར་དང་༔ ལྷ་ཆེན་མོ་དང་གཏོགས་འདོད་ཆེན་མོ་དང་༔ གཞོན་ནུ་མོ་དང་རྡོ་རྗེ་དཀར་མོ་དང་༔ བརྒྱ་བྱིན་མོ་སོགས་ཤར་གྱི་མ་བདུན་རྣམས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྡོ་རྗེ་སེར་མོ་ཞི་བ་དམར་སེར་དང་༔ བདུད་རྩི་མོ་དང་ཟླ་བ་དཀར་ལྗང་དང་༔ བེ་ཅོན་མོ་དང་སྲོག་བདག་མོ་དང་ནི༔ ཟ་བ་མོ་སོགས་ལྷོ་ཡི་མ་བདུན་རྣམས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ང་རེ་མོ་དང་དགའ་བ་མོ་དང་ནི༔ སྟོབས་ཆེན་མོ་དང་གཅིག་སྤྱོད་མོ་དང་ནི༔ ཡིད་འཕྲོག་མོ་དང་ནོར་སྲུང་མོ་དང་ནི༔ རླུང་ལྷ་མོ་སོགས་ནུབ་ཀྱི་མ་བདུན་རྣམས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེགས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྡོ་རྗེ་དམར་མོ་གསོད་བྱེད་མོ་དང་ནི༔ མི་མོ་མོ་དང་ཕག་མོ་མོ་དང་ནི༔ རྒན་བྱེད་མོ་དང་སྣ་ཆེན་མོ་དང་ནི༔ ཆུ་ལྷ་རྡོ་རྗེ་ལྗང་ནག་མོ་ལ་སོགས༔ བྱང་གི་དབང་ཕྱུག་མ་བདུན་འཁོར་དང་བཅས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གཞན་ཡང་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དང་༔ རིན་ཆེན་པདྨ་ལས་ཀྱི་མཁའ་འགྲོ་སྟེ༔ སུམ་ཅུ་རྩ་གཉིས་རང་རང་ཕྱག་མཚན་འཛིན༔ དཀར་སེར་དམར་ལྗང་རུས་པའི་རྒྱན་གྱིས་སྤྲས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྡོ་རྗེ་རིགས་ཀྱི་དཔའ་བོ་གིང་ཆེན་བཞི༔ རིན་ཆེན་རིགས་ཀྱི་དཔའ་བོ་གིང་ཆེན་བཞི༔ པདྨ་རིགས་ཀྱི་དཔའ་བོ་གིང་ཆེན་བཞི༔ ལས་ཀྱི་རིགས་ཀྱི་དཔའ་བོ་གིང་ཆེན་བཞི༔ གིང་གི་གཙོ་བོ་སྐུ་མཆོག་དམར་པོ་དང་༔ གིང་གི་ཕྱག་བརྙན་ཚང་ཆེན་རྡོ་རྗེའི་ཕྲེང་༔ གིང་ཆེན་བཅོ་བརྒྱད་རང་རང་ལས་བྱེད་བཅས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འབར་མ་ཆེན་མོ་ཉི་མའི་ཞགས་པ་ཅན༔ མེ་ཁྱེར་གློག་ཕྲེང་གཤིན་རྗེ་སྐར་མདའ་གདོང་༔ སྲིན་མོ་མདུན་འཛིན་ཀླུ་མོ་ལྕེ་འབེབས་མ༔ རླུང་བདག་རལ་གྲི་གནོད་སྦྱིན་ཁྱུང་ཐོགས་མ༔ འབར་མ་གནོད་སྦྱིན་བ་གླང་སྣ་ཅན་མ༔ འབར་མ་ཆེན་མོ་གཙོ་འཁོར་གཡོག་དང་བཅས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཡེ་ཤེས་མཁའ་འགྲོ་རྟག་འགྲོ་ཟ་བྱེད་མ༔ ཁ་འབར་མ་དང་ནག་མོ་རེ་མ་ཏཱི༔ བྱིས་པའི་དུར་བྱེད་འཇོམས་བྱེད་ཆེན་མོ་དང་༔ སྲིན་མོ་འཚོ་བྱེད་མིག་འབྱིན་བསྣམས་བྱེད་མ༔ རླུང་འབྱིན་མ་སྟེ་མ་བདུན་སྲིང་བཞི་རྣམས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རྡོ་རྗེ་རིིན་ཆེན་པདྨ་ལས་ཀྱི་རིགས༔ ཕོ་ཉ་ཆེན་མོ་དྲུག་ཅུ་རྩ་བཞི་དང་༔ ས་བདག་བདུད་འདུལ་གནོད་སྦྱིན་གཟའ་འདུལ་དང་༔ ཀླུ་འདུལ་མ་སོགས་ས་བདག་སུམ་ཅུ་གཉིས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཚངས་པ་དྲི་ཟ་དྲང་སྲོང་གྲུལ་བུམ་དང་༔ སྲིན་མོ་ཀླུ་མོ་རླུང་བདག་གནོད་སྦྱིན་དང་༔ དབང་ལྡན་ས་བདག་སྨན་ཕྲན་ཤ་ཟ་མོ༔ བདུད་མོ་ཆེན་མོ་དཀར་སྔོན་སེར་མོ་དང་༔ དམར་མོ་ནག་མོ་སྨུག་མོ་འབུམ་ཕྲག་རེ༔ ཀུན་ཀྱང་ཡེ་ཤེས་ལས་ཀྱི་མཁའ་འགྲོ་སྟེ༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་པའི༔ བོད་ཁམས་སྐྱོང་བར་ཞལ་གྱི་བཞེས་མཛད་མ༔ བརྟན་མ་བཅུ་གཉིས་བྲན་གཡོག་བཅས་པ་རྣམས༔ དྲག་ཁྲོས་རྔམས་པ་ཆེན་པོའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཡེ་ཤེས་དང་ནི་ལས་ལ་གྲུབ་པ་ཡི༔ ཆོས་སྐྱོང་ཕོ་རྒྱུད་སྲུང་མ་མོ་རྒྱུད་དང་༔ ཡེ་ཤེས་འཇིག་རྟེན་བཀའ་སྐྱོང་དྲེགས་པའི་སྡེ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན༔ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ འབར་བ་ཁྲག་འཐུང་རྔམས་པའི་སྐུར་བཞེངས་ཤིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་འགུགས་སྒྲོལ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་ཀུན་ཐུགས་རྗེའི་ཀློང་ནས་བཞེངས༔ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་མངོན་དུ་ཕྱུང་༔ མ་གཡེལ་མ་འགྱངས་དྲག་པོའི་ལས་ལ་དགོངས༔ འདའ་མེད་ཐུགས་བསྐྱེད་སྨོན་ལམ་དགོངས་བསྐྱོད་འཚལ༔ གཟུང་འཛིན་གཉིས་སྣང་རྟོག་པ་ལས་བྱུང་བའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་སྡེ༔ ཁྱད་པར་སངས་རྒྱས་བསྟན་ལ་ལྡང་བ་ཡི༔ མཐའ་དམག་ཀླ་ཀློ་དུས་འཁྲུགས་མཚོན་ལས་འགྱེད༔ མི་དགེ་སྡིག་སྤྱོད་དཔོན་བློན་འབངས་འཁོར་སྡེ༔ ཆོས་ཁྲིམས་འཇིགས་དང་རྣལ་འབྱོར་སྒོས་ཀྱི་དགྲ༔ ཡོན་གྱི་བདག་པོའི་ཚེ་དང་སྲོག་ལ་རྒོལ༔ མི་ཕྱུགས་ནད་རིམས་འགྱེད་དང་རྐུ་འཕྲོག་བརྙས༔ དོ་བསྡོ་ཕོད་བཙུག་གནོད་བྱེད་དགྲ་གདོན་ཚོགས༔ སྟོང་གསུམ་རི་རབ་གླིང་བཞི་གར་གནས་ཀྱང༔ མ་ཤོར་གློག་ཞགས་འཕེན་སྡུད་ལས་མྱུར་བའི༔ མཐུ་སྟོབས་ནུས་པས་སྐད་ཅིག་འདིར་ཁུག་ཅིག༔ དཔལ་ཤུགས་ལས་ལ་རྔམས་པའི་བསྟན་སྲུང་དང་༔ དཔའ་ཆེན་ཐུགས་ལས་སྤྲུལ་པའི་ཕོ་ཉ་ཡིས༔ རྣམ་ཤེས་མིང་གཟུགས་སོ་སོར་ཕྱེས་ཤིང་གཞོམ༔ ཤ་ཁྲག་རུས་པ་དོན་སྙིང་རྔམས་པར་རོལ༔ མཐུ་སྟོབས་ནུས་པའི་སྟོབས་ཤུགས་མི་བྱུང་ན༔ ཐུགས་བསྐྱེད་དམ་བཅའ་འབྲས་བུ་གང་དུ་ཐལ༔ རྒྱལ་རྣམས་འགྲོ་དོན་ལྷུར་ལེན་རྫུན་དུ་ཟད༔ བདག་ཅག་རྗེས་འཇུག་ཐུགས་རྗེས་འདོར་རམ་ཀྱཻ༔ མ་གཡེལ་མ་འགྱངས་མངོན་སྤྱོད་ལས་ལ་བཞེངས༔ བླ་འགུགས་ཕོ་ཉ་འགྱེད་པའི་དུས་ལ་བབ༔ གསོད་བྱེད་ལག་དམར་སྦྲན་པའི་དུས་ལ་བབ༔ དམག་དཔུང་རུ་མཚོན་ངོམས་པའི་དུས་ལ་བབ༔ འཇིགས་གཟུགས་མི་སྲུན་སྟོན་པའི་དུས་ལ་བབ༔ ཆོ་འཕྲུལ་སྣ་ཚོགས་འགྱེད་པའི་དུས་ལ་བབ༔ མཐུ་རྩལ་ནུས་ཤུགས་དབྱུང་བའི་དུས་ལ་བབ༔ དགྲ་བོའི་ཡུལ་དུ་ལྟས་ངན་ཆོ་འཕྲུལ་ཐོངས༔ ཐོག་སེར་གཟའ་ནད་གློ་བུར་རྒྱུག་འགྱེལ་ཕོབ༔ བླ་འཛིན་ལྕགས་ཀྱུས་ཟུངས་ལ་དྲྭ་བས་ཆིང་༔ སྙིང་ཁྲག་དམར་པོ་བྲུབ་དོང་ཁ་རུ་ཕོབ༔ ཕོ་རྒྱུད་གྲིར་སོད་མོ་རྒྱུད་འགགས་གྲིར་སོད༔ བདུད་སྡེ་གདུག་པའི་འབངས་འཁོར་རྩ་ལག་ཀུན༔ ནམ་ལངས་སྐར་མ་བཞིན་དུ་ཕྱག་མས་ཐོབ༔ འབྱུང་ལྔའི་ཁམས་ཀུན་སྤྲུལ་པའི་དམག་གིས་ཁོངས༔ དུས་འཁྲུགས་ཡོ་ལང་གཏོང་བའི་བདུད་སྡེའི་ཚོགས༔ འབྱུང་པོ་མེ་ཞོན་ཧ་ལ་རླུང་ཞོན་དང་༔ ཀྱ་ཕུ་མུ་སྟེགས་ཧོར་སོགས་ཚན་སྡེ་ལྔ༔ དཔུང་དང་སྡེ་རིས་བཅས་པ་ཐམས་ཅད་ཀུན༔ སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་བཞིན་རློག༔ སླན་ཆད་ལྡང་མེད་གཞོམ་གཞིག་ཕྲིན་ལས་མཛོད༔ སངས་རྒྱས་བསྟན་དང་དེར་འཛིན་གོང་འཕེལ་རྒྱས༔ ཡོན་སྦྱོར་མི་ནོར་འཁོར་བཅས་རྟག་ཏུ་སྐྱོང༔ ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་དཔལ་དང་ལྡན༔ འཁྲུག་དང་འཐབ་དང་རྩོད་པ་མེད་པར་མཛོད༔ ཡི་དམ་ལྷ་ཡི་ང་རྒྱལ་དང་༔ ལྡན་པའི་ངང་ནས་དཔའ་ཤུགས་བསྐྱེད༔ རྒྱལ་དང་རྒྱལ་སྲས་དཔུང་ལ་བསྐུལ༔ བཀའ་སྲུང་ཆོས་སྐྱོང་གྲོགས་སུ་སྦྲན༔ ནམ་མཁའ་བར་སྣང་ཐམས་ཅད་ཀུན༔ དམག་དཔུང་ཆེན་པོ་བཞིན་དུ་གང་༔ རྔམས་པའི་ཤུགས་ཡུས་དང་བཅས་པར༔ དཔའ་སྐྱེམས་གཏོར་མ་བཞེས་ནས་སླར༔ སྡང་དགྲ་གནོད་བྱེད་སྟེང་དུ་ནི༔ སེར་རླུང་འཚུབ་བཞིན་སོད་རྒྱོབ་སྒྲས༔ སྣང་སྲིད་གཡོ་ཞིང་གང་བཞིན་དུ༔ སོང་ནས་རྗེས་མེད་བརླག་པར་བསམ༔ སྐྲ་བསིགས་དམོད་པའི་ཐལ་མོ་རྡེབ༔ གཏོར་མ་དགྲ་བོའི་ཕྱོགས་སུ་དོར༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དྲག་སྔགས་རྡོ་རྗེའི་མཚོན་ཆ་ཡིན༔ དགྲ་བོ་གཞོམ་པའི་ཐོ་བ་ཡིན༔ རྣལ་འབྱོར་ལྡན་པའི་ལས་སྐལ་ཡིན༔ དམིགས་པ་ངར་དང་ལྡན་པ་དང་༔ ལྟ་བ་རྦད་ཁམས་མཐོ་བ་དང་༔ གསང་སྔགས་སྦྱོར་བའི་མཚན་མ་མཐོང་༔ ཡུལ་གསུམ་གྱད་དུ་གྱུར་པ་དང་༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རྫོགས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བསྒྲུབ༔ གསལ་བ་གསུམ་གྱི་ངང་དང་ལྡན༔ ཚེ་ཁྲུས་གནས་གསུམ་གནད་དང་ལྡན༔ རྫོགས་འཕྲང་སྲོག་གསུམ་གོ་དང་ལྡན༔ ཚད་མེད་བཞི་ཡི་གདིང་དང་ལྡན༔ ལྷ་གསུམ་རྫོགས་པའི་ངར་དང་ལྡན༔ བསྙེན་བསྒྲུབ་ལས་སྦྱོར་ཚད་དང་ལྡན༔ སྦྱོར་དངོས་རྗེས་གསུམ་ལག་ལེན་ལྡན༔ ལྡན་པ་བདུན་ལྡན་རྣལ་འབྱོར་གྱིས༔ འདི་ལྟར་མངོན་སྤྱོད་ལས་བརྩོན་ན༔ ཉམས་པ་བསྒྲལ་ཞིང་འདྲེན་པ་དང་༔ སངས་རྒྱས་བསྟན་པ་རྒྱས་པ་དང་༔ དགེ་འདུན་དབུ་འཕང་མཐོ་ཞིང་བཙན༔ ཆོས་ཁྲིམས་མི་འཇིགས་ཁྲིམས་གཙང་ཞིང་༔ རྣལ་འབྱོར་དོན་གཉིས་ལྷུན་གྲུབ་ནས༔ རྒྱལ་བའི་ཕྲིན་ལས་འབད་མེད་གྲུབ༔ དེ་ལྟར་གནད་དང་མི་ལྡན་ཞིང་༔ གསང་སྔགས་སྦྱོར་བའི་ལས་མི་ཤེས༔ བསྐྱེད་དམིགས་ལྟ་བའི་གདིང་མི་ལྡན༔ ཞེ་སྡང་དྲག་བོའི་ཀུན་སློང་དང་༔ རང་དོན་ཕུག་བཅོལ་ཆོས་བརྒྱད་གཉེར༔ བྱང་ཆུབ་སེམས་བྲལ་ཕྱོགས་རིས་ཆད༔ སྡོམ་དང་དམ་ཚིག་ལ་མི་གནས༔ དུས་ངན་སྙིགས་མའི་སྔགས་བསླུས་འགས༔ ལས་ཀ་འདི་ལ་བརྩོན་ན་ཡང་༔ ཚེ་འདིར་དགྲ་གདོན་བགེགས་ཀྱིས་འཚེ༔ ཕྱི་མ་བདུད་དང་རཱུ་ཏྲར་སྐྱེ༔ རྣམ་སྨིན་སྡུག་བསྔལ་ཁོལ་མོར་སྤྱོད༔ ཞེ་སྡང་བསམ་སྦྱོར་རང་ལ་སྨིན༔ གསང་སྔགས་རྫུན་ཁྱེར་ལོག་པར་ལྟ༔ ནམ་ཡང་གསང་སྔགས་སྒོ་མི་མཐོང་༔ དེ་ཕྱིར་དེ་ལྟར་མི་ཕྱེད་པར༔ དང་པོ་ལྷ་སྔགས་གསང་ཐབས་སྒྲུབ༔ གྲུབ་འབྲས་མངོན་དུ་མ་གྱུར་བར༔ དམ་བཅའ་ལྷོད་མེད་སྲོག་དང་བསྡོས༔ བར་ཆད་བདུད་ཀྱི་དབང་མི་གཏོང་༔ གྲུབ་འབྲས་མངོན་དུ་གྱུར་པའི་ཚེ༔ སངས་རྒྱས་བསྟན་པའི་ཆེད་དང་ནི༔ སེམས་ཅན་བདེ་སྐྱིད་འཕྲོག་པ་དང་༔ བླ་མའི་སྐུ་དགྲར་གྱུར་པ་རྣམས༔ བྱུང་ཚེ་དྲག་ལས་འདིར་བརྩོན་ན༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ རྣལ་འབྱོར་བསམ་སྦྱོར་ཡིད་བཞིན་འགྲུབ༔ ས་མ་ཡ༔ བཀའ་འདི་བདེ་གཤེགས་སྤྱིའི་བཀའ་སྲུང་༔ ཁྱད་པར་གནོད་སྦྱིན་ཤན་དམར་དང་༔ གཟའ་བདུད་དུག་གི་སྤུ་གྲིར་གཉེར༔ སྐལ་མིན་ལོག་ལྟ་ཅན་ལ་གསང་༔ གཤེ་སྐུར་མཁན་ལ་ཆད་པ་ཆོད༔ སྐལ་བཟང་སྐྱེས་བུ་རྣམས་ལ་སྤྲོད༔ སྐུ་ཚེ་སྤེལ་ཞིང་བསྟན་དགྲ་སྒྲོལ༔ བར་ཆད་གཡུལ་ལས་རྒྱལ་བར་མཛོད༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་གར་དབང་ཁྲག་འཐུང་བདུད་འཇོམས་གླིང་པས་ཤིང་མོ་ལུག་ལོར་རྔ་རོལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་ཅན་ནས་བཏོན་ཏེ་བཀའ་རྒྱས་བཏབ་ནས་སླར་ཆོས་ཀྱི་བདག་པོ་སྣ་ཚོགས་རང་གྲོལ་དང་མཁྱེན་རབ་རྒྱ་མཚོ་ཀློང་ཆེན་རྡོ་རྗེ་རྣམས་ཀྱིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་ཞལ་བཤུས་ཏེ་གཏན་ལ་ཕབ་པའོ། །དགེའོ། །དགེའོ། །དགེའོ །།ལེགས་སོ། །སརྦ་མངྒ་ལཾ། །བཀྲ་ཤིས་སོ།། །།