ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་དངོས་གྲུབ་རྒྱ་མཚོ༔

From Dudjom Wiki
Revision as of 10:11, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-034
Wylie title chos nyid nam mkha'i klong mdzod las: bla ma'i sgrub pa dngos grub rgya mtsho: TTDL-ZABTER-12-NA-034.pdf
Location bdud 'joms gling pa zab gter
Volume 12, Text 34, Pages 183-204 (Folios 1a1 to 11b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bla ma'i sgrub pa dngos grub rgya mtsho. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 183-204. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bla sgrub   Verso: bdud 'joms klong snying
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Guru Yoga Texts - bla ma'i rnal 'byor
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཡང་སློབ་བུ་ཀུན་བཟང་བསྟན་འཛིན་གྱིས་དུས་མཆོད་ཀྱི་སྐབས་རྣམས་སུ་འདོན་རྒྱུའི་བླ་སྒྲུབ་འདི་འདྲ་དགོས་ཞེས་རིང་མོ་ནས་ནན་ཆེར་བསྐུལ་བ་དང་། ཉེ་ཆར་ཀུན་བཟང་ཆོས་གྲགས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang slob bu kun bzang bstan 'dzin gyis dus mchod kyi skabs rnams su 'don rgyu'i bla sgrub 'di 'dra dgos zhes ring mo nas nan cher bskul ba dang /nye char kun bzang chos grags kyis bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མའི་སྒྲུབ་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༔


དྡྂ།༔ སརྦ་མ་ཧཱ་གུ་རུ་ན་མོ་ན་མ་ ཧོཿ (བརྡ་ཡིག་) དུས་གསུམ་རྒྱལ་བ་སྲས་བཅས་དུས་གཅིག་ཏུ༔ དཀྱིལ་འཁོར་གཅིག་ཏུ་སྒྲུབ་པར་བྱེད་པ་བས༔ བླ་མ་ཡིད་ལ་བྱས་པ་ཙམ་ཉིད་མཆོག༔ བསྙེན་སྒྲུབ་ལས་སྔགས་བྱེ་བ་ས་ཡ་ལས༔ བླ་མའི་མཚན་སྔགས་ལན་གཅིག་བཟླས་པ་མཆོག༔ ཚེ་རབས་ལུས་དང་ལོངས་སྤྱོད་ལྷག་མེད་པར༔ བསྡུས་ཏེ་ལྷ་དང་དཀྱིལ་འཁོར་མཆོད་པ་དང་༔ གཞན་ལ་སྦྱིན་སོགས་བསོད་ནམས་རྒྱ་ཆེ་ལས༔ བླ་མའི་བ་སྤུ་གཅིག་ཙམ་མཆོད་པ་མཆོག༔ མཆོག་དང་ཐུན་མོང་དངོས་གྲུབ་གང་སྒྲུབ་ཀྱང་༔ རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག༔ རྡོ་རྗེའི་བླ་མ་ཉིད་ལ་བརྟེན་ནས་འབྱུང་༔ དེ་ཕྱིར་བླ་མའི་སྒྲུབ་པ་ཉམས་བླངས་ཐབས༔ དང་པོ་དུས་བཟང་ཡར་ཚེས་ཁྱད་པར་ཅན༔ གཟའ་སྐར་དུས་ཚོད་བཟང་ངམ་ཡང་ན་ནི༔ བླ་མ་འདས་འཁྲུངས་དུས་ཀྱི་ཚེས་གྲངས་ཟུངས༔ གནས་བཟང་དཔའ་བོ་མཁའ་འགྲོ་འདུ་སའམ༔ ཡར་ལུང་ཁྲ་འབྲུག་ལྷ་ས་ལ་སོགས་སུ༔ སྔོན་གྱི་གྲུབ་ཐོབ་གོང་མས་བྱིན་རླབས་ཤིང་༔ གྲུབ་པ་ཐོབ་པའི་གནས་བཟང་མཆོག་ཏུ་བཟང་༔ ཡང་ན་འགལ་རྐྱེན་འཚེ་བ་ཉུང་བ་དང་༔ མཐུན་རྐྱེན་འཛོམ་པའི་གནས་སུ་སྒྲུབ་པར་བྱ༔ དང་པོ་དཀར་ཕྱོགས་སྐྱོང་ལ་དཀར་གཏོར་ཕུལ༔ ནག་ཕྱོགས་རིགས་ལ་ཤ་ཁྲག་དམར་གཏོར་བཏང་༔ ས་ཡི་ཆོ་ག་སྤྱི་དང་མཐུན་པར་གཅེས༔ ཕྱི་ནང་བར་ཆད་བསྲུང་བཟློག་ལས་བཅོལ་ནས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མེད་བླ་མ་དཀོན་མཆོག་ཀུན་འདུས་དཔལ༔ རིགས་དང་དཀྱིལ་འཁོར་སྐུ་དང་ཡེ་ཤེས་མཛོད༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་རྫོགས་པའི༔ ཁྱབ་བདག་ཆེན་པོ་ཁྱེད་ལ་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ རྡོ་རྗེ་བླ་མའི་གོ་འཕང་མཆོག་བསྒྲུབ་ཅིང་༔ གང་ལ་གང་འདུལ་ཐབས་ཀྱི་སྒོ་དུ་མས༔ འཁོར་བ་དོང་ནས་སྤྲུགས་པར་སེམས་བསྐྱེད་དོ༔ ལན་གསུམ༔ དེ་ནས་ཡན་ལག་བདུན་པ་ནི༔ ཧོཿ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་སློབ་དཔོན་ལ༔ རྣམ་གསུམ་དད་པའི་སྒོ་ནས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་མཆོད་པ་འབུལ༔ སྒོ་གསུམ་མི་དགེའི་ལས་ཀུན་མཐོལ་ལོ་བཤགས༔ རྣམ་དཀར་དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ གང་ལ་གང་འདུལ་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་རང་བྱུང་ཡེ་ཤེས་ལྷ༔ ཆེ་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ཡེ་ཤེས་རོལ་པའི་ཐུན་མཚོན་གྱིས༔ མགོ་བོ་ཚལ་པ་བརྒྱར་འགས་འགྱུར༔ ཐུན་གྱིས་བྲབ་ཅིང་ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད༔ དེ་ནས་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས༔ མ་དག་འཁྲུལ་པ་དབྱིངས་སུ་བཤིགས༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་པའི་གུར་ཆེན་པོར༔ གཞོམ་གཞིག་མེད་པར་ལྷུན་གྱིས་གྲུབ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་རཀྵ་བྷྲཱུྃ་བཛྲ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ རང་ཞལ་སྒྲིབ་བྱེད་བག་ཆགས་གཏོར༔ རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ན་མོ་ན་མ་ ཧོཿ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཀ་དག་སྤྲོས་བྲལ་གཞལ་ཡས་ནས༔ ཆོས་སྐུའི་བླ་མས་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ བླ་མ་ལོངས་སྐུའི་བྱིན་ཆེན་ཕོབ༔ ཕྱོགས་མེད་ཐུགས་རྗེའི་དཀྱིལ་འཁོར་ནས༔ བླ་མ་སྤྲུལ་སྐུའི་བྱིན་ཆེན་ཕོབ༔ སྣོད་བཅུད་དཀྱིལ་འཁོར་ཆེན་པོ་ཡི༔ རོལ་པ་ཆེན་པོའི་བྱིན་ཕོབ་ཅིག༔ ཨོཾ་བཛྲ་མ་ཧཱ་གུ་རུ་བཱིདྱ་དྷ་ར་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་རང་ངོ་རང་དམ་བཅའ་བ་ལ༔ ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ རང་གྲོལ་ཆེན་པོར་སངས་རྒྱས་པར༔ རང་བྱུང་ཡེ་ཤེས་དཀྱིལ་འཁོར་ལས༔ མི་འདའ་རྡོ་རྗེ་དམ་བཅའོ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་སྣང་བའི་ཆོས་རྣམས་ཀུན༔ འདོད་ཡོན་རྒྱན་གྱི་འཁོར་ལོར་ཤར༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཆེ༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་བཛྲ་པུཥྤེ་སོགས༔ ཤཔྡ་རཱུ་པ་སོགས༔ སྤཪྴེ་པྲ་ཏཱིཙྪ་ཧཱུྃ༔ སརྦ་པཉྩ་རཀྟ་བ་ལིཾ་ཏ་ཨ་ཧཱུྃ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཨཱཿགཟུང་དང་འཛིན་པའི་ཆོས་རྣམས་ཀུན༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ དྷརྨ་དྷརྟུ་ཨཱཿདེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཇི་ལྟ་ཇི་སྙེད་ཤེས་རབ་ཀྱིས༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ ཨོཾ་པྲཛྙཱ་ཛྙཱ་ན་ཨཱཿདེ་ནས་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཁྱབ་བརྡལ་སྟོང་ཉིད་ཆེན་པོའི་མཁར༔ རིག་པ་རྒྱུ་ཡི་ས་བོན་ཧཱུྃ༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྒྱ་ཆེན་ཁྱོན་ཡངས་བཀོད་ལེགས་པའི༔ དབུས་སུ་པདྨ་ཉི་ཟླའི་སྟེང་༔ རིག་པ་རྒྱུ་ཡི་ས་བོན་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྡུས༔ མར་འཕྲོས་འགྲོ་བའི་རྒྱུད་སྦྱངས་ཏེ༔ སྣོད་བཅུད་འབྱུང་བའི་དཔལ་ཡོན་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཡེ་ཤེས་སྒྱུ་མ་ཟང་ཐལ་སྐུ༔ ཨོཾ་རྒྱན་འཇིགས་མེད་ཆོས་ཀྱི་དབང་༔ གཞོན་ཚུལ་མཚན་དཔེའི་ལང་ཚོས་སྤྲས༔ དཀར་དམར་མདངས་ལྡན་གཟི་བརྗིད་འབར༔ སྤྱན་ཟུང་ནམ་མཁའི་མཐོང་ལ་གཟིགས༔ ཕྱག་གཉིས་ས་གནོན་ཕྱག་རྒྱ་མཛད༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ གསང་གོས་མཐིང་ནག་གི་སྟེང་དུ༔ ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས༔ གཡས་གཡོན་ཨུཏྤ་ལ་ཡི་ཁར༔ ཤེས་རབ་རལ་གྲི་པོ་ཏི་བསྣམས༔ ཡེ་ཤེས་འཇའ་འོད་འཁྱིལ་བའི་ཀློང་༔ དབུ་རེག་ཞབས་རྗེན་ཚུལ་དུ་བསྐྱེད༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ ཁྱབ་བདག་རྒྱལ་བ་ཀློང་ཆེན་པ༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་ས་གནོན་ཕྱག་རྒྱ་ཅན༔ སྐུ་ལ་ཆོས་གོས་རྣམ་གསུམ་དང་༔ དབུ་ལ་པཎ་ཞུ་མཛེས་པར་གསོལ༔ ཡེ་ཤེས་འཇའ་འོད་ཀློང་དུ་གསལ༔ གཡས་སུ་རིག་འཛིན་འཇིགས་མེད་གླིང་༔ སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྨུག་ནག་སྨ་ར་ཨག་ཚོམ་དཀར༔ སྤྱན་ཟུང་མཁའ་ལ་ཧ་རེར་གཟིགས༔ དབུ་སྐྲ་ཐོར་གཙུག་གླེགས་བམ་མཛེས༔ གསང་གོས་མཐིང་ཞིང་དཀར་ཆས་བརྒྱན༔ པདྨ་ཉི་ཟླའི་གདན་ལ་རོལ༔ གཡོན་དུ་པད་ཉི་ཟླ་གདན་ལ༔ འཇིགས་མེད་རྒྱལ་བའི་མྱུ་གུ་ནི༔ དཀར་དམར་དམངས་ལྡན་ཞི་མ་ཁྲོ༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འབར༔ སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་ཅན༔ དབུ་ལ་པད་ཞུ་མཛེས་པར་གསོལ༔ ཟ་འོག་སྟོད་གཡོགས་ཤམ་ཐབས་སྨུག༔ དར་དཀར་རས་གཟན་མཛེས་པར་གསོལ༔ ཡེ་ཤེས་འཇའ་ཐིག་ཀློང་དུ་གསལ༔ ཀུན་ཀྱང་གཡས་གཡོན་ཕྲག་པ་རུ༔ ཨུཏྤལ་རལ་གྲི་པོ་ཏི་མཛེས༔ ཕྱི་རོལ་པདྨའི་འཁོར་ཡུག་ལ༔ རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས༔ ཉི་མ་དང་ནི་འོད་ཟེར་བཞིན༔ སྣང་ལ་རང་བཞིན་མེད་པར་བསྒོམ༔ གཞན་ཡང་བཀའ་སྲུང་དྲེགས་པའི་ཚོགས༔ རྔམས་བརྗིད་འཇིགས་པའི་ཆ་ལུགས་ཅན༔ བཀའ་ཉན་གསུང་སྡོད་ཚུལ་དུ་བསྐོར༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ བླ་མ་རིག་འཛིན་རྒྱ་མཚོ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྤྱན་དྲངས་དམ་ཡེ་གཉིས་མེད་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ བདེ་ཆེན་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ ལྷུན་གྲུབ་རིགས་ལྔ་གངས་ཆེན་རྟེན་བརྟེན་པ༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ཕྱོགས་མེད་ཐུགས་རྗེ་འགྲོ་བའི་དཔལ་དུ་ཤར༔ གང་འདུལ་མཛད་པ་ཕྲིན་ལས་སྒྱུ་འཕྲུལ་གྱི༔ རིག་འཛིན་རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ ཆོས་ཉིད་སྒྱུ་མར་རོལ་པའི་དཀྱིལ་འཁོར་ནས༔ གདུལ་བྱ་འདུལ་མཛད་རིགས་བདག་བླ་མ་མཆོག༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ བརྒྱུད་འཛིན་བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ༔ སརྦ་བུདྡྷ་དྷརྨ་སངྒ་བཱིདྱ་དྷ་ར་ཨེ་ཨ་རལླི་ཕེཾ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདིར༔ རིག་འཛིན་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས༔ དམ་ཡེ་དབྱེར་མེད་ངོ་བོར་བཞུགས་སུ་གསོལ༔ བཞུགས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཕྱོགས་མེད་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བའི་རིམ་པ་ལ༔ ཧཱུྃ༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་སུ༔ ཉེར་སྤྱོད་འདོད་ཡོན་མཆོད་རྫས་ཅི་མཆིས་དང་༔ ལྷ་མིའི་ལོངས་སྤྱོད་དཔག་མེད་ཇི་སྙེད་ཀུན༔ ཚོགས་གཉིས་རྫོགས་ཕྱིར་བླ་མའི་ཞིང་དུ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས༔ ཤཔྟ་རཱུ་པ་སོགས་ནས༔ སྤཪྴེ་དྷརྨ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨ་ཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང་༔ སྣང་སྲིད་བཅུད་དུ་དྲིལ་བའི་བ་ལིང་ཏ༔ འཁོར་བ་དབྱིངས་སུ་བསྒྲལ་བའི་རཀྟར་བཅས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ་གྱིས་བཞེས༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ ཧོཿ ཧཱུྃ༔ སྣང་སྟོང་སྦྱོར་བའི་བདེ་སྟོང་བདུད་རྩི་དང་༔ གཉིས་སྣང་རཱུ་དྲ་བསྒྲལ་བའི་ཤ་ཆེན་ལྔ༔ རིག་འཛིན་རྒྱལ་བ་རྒྱ་མཚོ་དགྱེས་ཕྱིར་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ མ་ཧཱ་བོ་དྷི་ཙིཏྟ་སརྦ་ག་ཎ་ཙཀྲ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ནས་མ་གཡོས་ཀྱང་༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ལས༔ གང་འདུལ་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར༔ རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ གསུང་དབྱངས་ཡན་ལག་དྲུག་ཅུས་གདུལ་བྱ་འདུལ༔ ཐུགས་རྗེས་ཟློས་གར་ཟླ་བ་ཆུ་ཟླ་ལྟར༔ འགྲོ་བའི་དཔལ་མགོན་དམ་པ་ཁྱོད་ལ་བསྟོད༔ བརྒྱུད་གསུམ་བླ་མའི་ཆུ་བོ་འདུས་པའི་དཔལ༔ ཡི་དམ་སྒྱུ་འཕྲུལ་རོལ་པའི་འཁོར་ལོས་སྒྱུར༔ མཁའ་ཁྱབ་མཁའ་འགྲོ་རྒྱ་མཚོའི་ངོ་བོ་ཉིད༔ རྩ་གསུམ་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་བསྟོད༔ བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་འདིར༔ ངོ་བོ་རང་མདངས་རོལ་པའི་རྩལ་སྣང་གི༔ ཡི་དམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་སོགས༔ རྩ་གསུམ་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ རིག་འདུས་བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ༔ སྒོ་གསུམ་མི་དགེའི་ལས་རྣམས་ཅི་བསགས་པ༔ གནོང་འགྱོད་དྲག་པོས་མཐོལ་བཤགས་སླན་ཆད་སྡོམ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྙེན་པ་ལ༔ རང་ཉིད་བླ་མར་གསལ་བ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ འཇམ་དཔལ་དམར་སེར་ཚོན་གང་བ༔ ཕྱག་གཉིས་རལ་གྲི་པོ་ཏི་བསྣམས༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ དེ་ཡི་ཐུགས་ཀར་འོད་ལྔའི་ཀློང་༔ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག༔ སྐྱིལ་ཀྲུང་མཉམ་བཞག་མཚན་དཔེས་སྤྲས༔ གཅེར་བུ་རྒྱན་མེད་ཆོས་ཀྱི་སྐུ༔ ཐུགས་ཀར་ཉི་ཟླའི་གྭའུའི་ནང་༔ ཧཱུྃ་ཡིག་གསལ་འཚེར་སྤུས་བྲིས་ཙམ༔ དེ་མཐར་སྔགས་ཀྱི་ཕྲེང་བ་ནི༔ གསལ་འཚེར་མེ་སྟག་ཕྲ་མོ་ཙམ༔ འོད་ཟེར་ཕྲེང་བས་ལུག་རྒྱུད་འབྲེལ༔ གཡས་སུ་འཁོར་ལས་འོད་འཕྲོས་པས༔ རབ་འབྱམས་རྒྱལ་བ་རྟེན་བརྟེན་པ༔ འོད་ཀྱི་རྣམ་པར་སྤྱན་དྲངས་བསྟིམས༔ གཟི་བྱིན་ནུས་མཐུ་འབར་བར་དམིགས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨཽ་ཊི་ཨ་བྷྱ་དྷརྨཱནྡྲི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ དབང་བྱིན་མཐུ་ནུས་དངོས་གྲུབ་ཀུན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ སླར་ཡང་འོད་ཟེར་རབ་འཕྲོས་པས༔ སྣོད་བཅུད་གཞལ་ཡས་ལྷ་སྔགས་ཀྱི༔ རོལ་པ་ཆེན་པོར་རྫོགས་སངས་རྒྱས༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་བཱིདྱ་དྷ་ར་ཨཽ་ཊི་ཨ་བྷྱ་དྷརྨཱནྡྲི་པཱུཎྱཻ་སརྦ་སིདྡྷི་ཧཱུྃ་ཨཱཿདེ་ནས་ལས་སྦྱོར་བྱ་བ་ལ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཕུང་རབ་འཕྲོས་པས༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ༔ བདག་ཉིད་ལྷ་རུ་གསལ་བ་ལ༔ ཐིམ་པས་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་རབ་འབྱམས་ལྷུན་གྱིས་གྲུབ༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ འཁྲུལ་མི་ཤེས་པའི་ས་རུ་བསྒྲལ༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ཏེ༔ སྐུ་གསུམ་དག་པའི་ཞིང་དུ་འཕོས༔ འཁོར་འདས་དག་མཉམ་བདེ་བ་ཆེ༔ རྩ་སྔགས་མཐར༔ སརྦ་མ་ཧཱ་གུ་རུ་བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ དུས་དང་བསྟུན་ཏེ་དམིགས་པ་ཡིས༔ ལྡེ་ཁ་བསྒྱུར་བ་སྤྱི་ལྟར་རོ༔ ལས་བཞིའི་སྔགས་ཀྱང་རང་རང་སྦྱར༔ བཟླས་པ་ཁ་ཙམ་མ་ཡིན་པར༔ བསྐྱེད་རིམ་སྒྲུབ་པའི་གནད་དུ་ཤེས༔ ཚུལ་བཞིན་གནད་དང་ལྡན་པ་ཡི༔ སྒྲུབ་པ་བྱེད་པའི་སྐྱེས་བུ་ལ༔ ཟླ་དྲུག་དུས་ལས་མི་འགྱངས་པར༔ འགྲུབ་པའི་ལྟས་མཚན་མངོན་དུ་འབྱུང་༔ དགོངས་པ་ཀློང་ནས་བརྡོལ་བ་དང་༔ ལྟ་བསྒོམ་སྤྱོད་པའི་ངང་ཚུལ་ཀུན༔ ནར་སོན་བརྟན་པ་ཐོབ་པ་ནི༔ མཆོག་གི་དངོས་གྲུབ་བླ་ན་མེད༔ དངོས་སམ་ཉམས་དང་རྨི་ལམ་དུ༔ ནམ་མཁའ་གཡའ་དག་དྲི་མེད་དང་༔ རི་རྒྱལ་ཆེན་པོའི་རྩེ་རུ་སླེབས༔ མཁའ་ལ་འཕུར་དང་ལྷ་ཞལ་མཇལ༔ དེ་རྣམས་དེ་ཡི་རྟགས་སུ་ཤེས༔ སྐུ་གསུང་ཐུགས་རྟེན་རྙེད་པ་དང་༔ ཉི་ཟླ་འཆར་དང་མེ་ཏོག་འཐུ༔ ཤེས་རབ་མཚོན་ཆ་རྙེད་རྨིས་རྣམས༔ ཐུན་མོང་དངོས་གྲུབ་ཐོབ་པའི་ལྟས༔ འགྲོ་བའི་བླ་མར་བསྐུར་བ་དང་༔ རྒྱལ་པོའི་ཁྲི་ཁར་ཕེབ་པ་དང་༔ བྲག་བཤིགས་ཤིང་གཅོད་ཡུལ་ཆེན་བཅོམ༔ ཕ་རོལ་གསོད་དང་གཅོད་པ་སོགས༔ རྨིས་ན་ཕྲིན་ལས་འགྲུབ་པའི་ལྟས༔ དེ་ལྟར་རྟགས་རྣམས་གང་ཡང་རུང་༔ མ་བྱུང་བར་དུ་སྒྲུབ་ལ་འབད༔ མ་ཡེངས་ཏིང་འཛིན་བརྟན་པ་ཡིས༔ བརྩོན་པས་ཉམས་སུ་བླངས་གྱུར་ན༔ ཚེ་འདིར་རྣམ་མཁྱེན་ངེས་པར་ཐོབ༔ ས་མ་ཡ༔ དེ་ནས་ཚོགས་མཆོད་རིམ་པ་ལ༔ འབྱོར་ཚོགས་ཅི་རིགས་བཤམས་ནས་སུ༔ དང་པོ་སྦྱངས་སྤེལ་བྱ་བ་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་ཀུན༔ བསྲེགས་གཏོར་སྦྱངས་བཀྲུས་སྟོང་པར་གྱུར༔ སླར་ཡང་སྟོང་ཉིད་ནམ་མཁའི་ངང་༔ ཆུ་ལས་ཆུ་ལྦུར་བརྡོལ་བ་བཞིན༔ ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ནག༔ སྟོང་ཉིད་དབྱིངས་ཀྱི་བྷནྡྷར་ཞུ༔ བདེ་སྟོང་ཟག་པ་མེད་པ་ཡི༔ ཡེ་ཤེས་བདུད་རྩི་ཁོལ་བ་ལས༔ འདོད་ཡོན་ནམ་མཁའི་མཛོད་དུ་སྤྲོས༔ སྐུ་གསུམ་རྒྱལ་བའི་ཞིང་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལ༔ རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཁྱད་པར་ཟངས་མདོག་དཔལ་གྱི་རི༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོཾ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན༴ རང་སྣང་དོན་གྱི་འོག་མིན་ནས༔ འཇིགས་མེད་ཆོས་ཀྱི་དབང་པོ་ལ༔ རིག་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན༴ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན༴ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བཅུད་ལྡན་དཔལ་གྱི་ཞལ་ཟས་དང་༔ བདེ་སྟོང་ཟག་མེད་བདུད་རྩི་མཚོ༔ འདོད་ཡོན་མི་ཟད་ནམ་མཁའི་མཛོད༔ རྡོ་རྗེ་བླ་མའི་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་འབུལ་ལགས་ཀྱིས༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ བདག་གི་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་མ་རིག་དབང་གྱུར་ཏེ༔ སྡོམ་དང་བསླབ་པ་དམ་ཉམས་སོགས༔ མི་དགེ་སྡིག་པའི་ལས་རྣམས་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་ག་ཎ་ཙཀྲ་སཏྭ་ས་མ་ཡ༔ སོགས་བརྗོད༔ དེ་ནས་བསྒྲལ་བ་ལ༔ ཧཱུྃ༔ ཀ་དག་སྤྲོས་བྲལ་གཞལ་ཡས་ནས༔ ཆོས་སྐུའི་བླ་མ་སྐུར་བཞེངས་ཤིག༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ལོངས་སྐུའི་བླ་མ་སྐུར༴ ཕྱོགས་མེད་ཐུགས་རྗེའི་ཀློང་དཀྱིལ་ནས༔ སྤྲུལ་སྐུའི་བླ་མ་སྐུར༴ ཐར་ལམ་བར་ཆད་གེགས་བྱེད་པའི༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ འབྲེལ་བའི་གནོད་བྱེད་དགྲ་དང་བགེགས༔ རང་དབང་མེད་པར་འདིར་ཁུག་ལ༔ ཡེ་ཤེས་མཚོན་གྱིས་ཕྱེ་མར་གཏུབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གཟུགས་ཀྱི་ཕུང་པོ་ཚོགས་སུ་བསྒྱུར༔ མ་ཏྲཾ་རཱུ་དྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཐུལ་ཐུལ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན་རྦད་སོད་ནན་ཕཊ༔ དེ་ནས་བསྟབ་པ་ལ༔ ཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ བདག་ལྟའི་རཱུ་ཏྲ་ཀུན་བསྒྲལ་བའི༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབས༔ མ་ཏྲཾ་རཱུ་དྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ སྔོན་ཚེ་སྤྱི་དཔལ་ཆེན་པོ་དང་༔ དཔལ་ཆེན་ཕྱག་ན་རྡོ་རྗེ་སོགས༔ སྐུ་གསུམ་རྒྱལ་བའི་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་བར་ཆད་སེལ་བ་དང་༔ བསྒྲུབ་དང་དཀྱིལ་འཁོར་མཐའ་འཛིན་ཏེ༔ བར་ཆད་བསྲུང་བར་ཁས་བླངས་པའི༔ དབང་ཕྱུག་འབར་མ་གིང་ལང་ག༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ དམ་ཚིག་ཆད་དོན་ཁྲིམས་ལ་འདུས༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་རུ༔ ཏིང་འཛིན་འཕྲུལ་གྱིས་སྤེལ་བ་ཡི༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུང་༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ དམ་ཚིག་ཇི་བཞིན་ཕྲིན་ལས་མཛོད༔ མ་འདའ་བཛྲ་ས་མ་ཡ༔ མ་མ་ཧྲཱིཾ་ཧྲཱིཾ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཀ་དག་སྤྲོས་བྲལ་གཞལ་ཡས་ནས༔ ཆོས་སྐུའི་བླ་མ་སྐུར་བཞེངས་ཤིག༔ ལྷུན་གྲུབ་འགགས་མེད་གཞལ་ཡས་ནས༔ ལོངས་སྐུའི་བླ་མ་སྐུར་བཞེངས་ཤིག༔ ཀུན་ཁྱབ་ཐུགས་རྗེའི་དཀྱིལ་འཁོར་ནས༔ སྤྲུལ་སྐུའི་བླ་མ་སྐུར༴ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ནས༔ ཡི་དམ་ལྷ་ཚོགས་སྐུར༴ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་དྲེགས་ཚོགས་སྐུར༴ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ རྦད་དོ་དགྲ་དང་བགེགས་ལ་ཡ༔ སྨོན་ལམ་ལོག་དང་ལས་ངན་གྱི༔ མཐུས་བྱུང་དུས་མཐའི་དུ་རུ་ཀ༔ ནད་མུག་མཚོན་འཁྲུགས་ལ་སོགས་པ༔ ཞི་བའི་ལས་ཀྱིས་ཞི་བར་མཛོད༔ ཚེ་བསོད་ཡེ་ཤེས་ཡོན་ཏན་དཔལ༔ རྒྱས་པའི་ལས་ཀྱིས་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་མོས་པ་བཞི༔ མདོར་ན་ཡིད་ལ་གང་འདོད་པ༔ དབང་གི་ལས་ཀྱིས་དབང་སྡུས་ཤིག༔ བསྟན་དང་འགྲོ་ལ་གནོད་པ་དང་༔ ཁྱད་པར་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ གནོད་གདུག་དྲག་ཤུལ་སེམས་ལྡན་ཅིང་༔ སྦྱོར་བ་ངན་པའི་སྒོར་བྱེད་པའི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་སྒྲོལ༔ དེང་སང་སྙིགས་མ་ལྔ་བདོའི་དུས༔ ལས་དང་སྐལ་བ་དམན་པ་ཡིས༔ དབང་གྱུར་མི་བཟོད་སྡུག་བསྔལ་ཀུན༔ མཐུ་རྩལ་ནུས་པའི་སྟོབས་ཀྱིས་བཟློག༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ ཀུན་ཀྱང་བདེ་ལ་འགོད་པར་མཛོད༔ དེ་ནས་ཆད་ཐོ་བཏང་བ་ལ༔ འགུགས་གཞུག་ནན་བསྐྱལ་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པའི་རྒྱ་མཚོར་དམིགས༔ ཧཱུྃ་བྷྱོ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཆེ་མཆོག་སྤྱི་དཔལ་ཆེན་པོ་དང་༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ དམ་བཏགས་བཀའ་བསྒོས་དབང་བསྐུར་ཞིང་༔ བསྟན་པ་སྲུང་བར་གཉེར་གཏད་པའི༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཕོ་རྒྱུད་མ་མོའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ཚེ་བསྲིངས་སྲོག་སྐྱོབས་ནད་ཞི་ཞིང་༔ ཆོས་སྲིད་མངའ་ཐང་རྒྱས་པར་མཛོད༔ སྣང་སྲིད་ཁམས་ཀུན་དབང་སྡུད་ཅིང་༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མནན་བསད་བསྲེགས་བཟློག་ཕྲིན་ལས་མཛོད༔ སྨོན་ལམ་ལྟ་བ་ལོག་པ་ལས༔ མཐུས་བྱུང་དམ་སྲི་བདུད་ཀྱི་སྡེ༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ སརྦ་དྷརྨ་ཀྵེ་ཊ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་མཱཾ་ས་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་མ་མོ་བརྟན་མ་ལ༔ ཆད་དོན་དམར་གྱི་གཏོར་མ་ནི༔ ཧཱུྃ་ཛཿསྔོན་ཚེ་རྒྱ་བལ་བོད་ཁམས་ཀྱི༔ ས་ལ་དབང་མཛད་བརྟན་མའི་ཚོགས༔ སྨན་མོ་སྨན་བྲན་དེ་འཁོར་བཅས༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ དབང་བསྡུས་བཀའ་བསྒོ་དམ་ལ་བཏགས༔ དབང་བསྐུར་དབང་རྟགས་རྡོ་རྗེ་གཏད༔ གཏེར་གཏད་བསྟན་པའི་སྲུང་མར་བསྐོས༔ ཇི་ལྟར་བཀའ་ཁྲིམས་དེ་བཞིན་དུ༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ ཕྱི་རོལ་ལྟ་ལོག་སྡེ་ཆོམ་ལ༔ སངས་རྒྱས་བསྟན་པའི་མངའ་ཐང་བསྐྱེད༔ ནག་ཕྱོགས་གདུག་པའི་མགོ་འཕང་ཆོམས༔ དམ་སྲི་སྒབ་འདྲེ་ཀུན་སྒྲོལ་ལ༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངས༔ མ་བྷྱོ་ཛཿཧྲཱིཾ་ས་མ་ཡ་ཛ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ སརྦ་ཤ་ཏྲུཾ་མ་ར་ཡ་བྷྱོ༔ བཟློག༔ དེ་ནས་བྲོ་མནན་བྱ་བ་ལ༔ འགུགས་གཞུག་ལན་གསུམ་བསྐྱར་བའི་མཐར༔ ཧཱུྃ༔ སྨོན་ལམ་ལོག་པའི་དམ་ཉམས་ཏེ༔ དུག་ལྔའི་རྒྱུད་དུ་འཁྲུལ་བ་ཡིས༔ དུས་དྲུག་ཉུལ་ཞིང་སྒྲུབ་ལ་འཚེ༔ དངོས་གྲུབ་འཕྲོག་པའི་དམ་སྲི་ཀུན༔ རིམ་དགུ་ས་ཡི་འོག་ཏུ་མནན༔ ལས་ཀྱི་གཤིན་རྗེའི་ཁ་རུ་བསྟབས༔ ཀླུ་བདུད་ནག་པོའི་ལག་ཏུ་གཏད༔ མ་ཧཱ་བ་ལའི་ལྟོ་བར་བྲུབ༔ ཡེ་ཤེས་ལྔ་ཡི་བྲོ་བརྡུང་བས༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ རྡོ་རྗེ་བླ་མ་རིན་ཆེན་དགོངས༔ གསང་གསུམ་རྡོ་རྗེའི་ཀློང་མཛོད་ནས༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོ་གཏེར༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ བདག་ནི་མ་རིག་དབང་གྱུར་ཏེ༔ དུས་གསུམ་བསགས་པའི་སྡིག་ལྟུང་ཀུན༔ རྡོ་རྗེ་བླ་མའི་སྤྱན་སྔར་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡིག་བརྒྱ་ཅི་མང་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ འདི་དང་དུས་གསུམ་དགེ་ཚོགས་རྣམས༔ འགྲོ་ཀུན་སངས་རྒྱས་རྒྱུ་རུ་བསྔོ༔ བདག་སོགས་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་རྟག་མཐའ་བསལ་བ་ལ༔ ཨོཾ༔ སྣོད་བཅུད་ཞིང་ཁམས་གཞལ་ཡས་ལྷ༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཐམས་ཅད་རང་ཉིད་ལ་བསྡུས་ཏེ༔ རང་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུས༔ ཧཱུྃ་ཡང་ཐིག་ལེ་ཁྱབ་བརྡལ་ངང་༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ ཀ་དག་སྤྲོས་བྲལ་ཀློང་ཆེན་ནས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རང་ཉིད་རིག་འདུས་བླ་མར་ཤར༔ མི་ཤིགས་རྡོ་རྗེའི་གོ་ཆ་བགོས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཛྙཱ་ན་བཛྲ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ ངོ་བོ་ཀ་དག་སྤྲོས་མཐའ་བྲལ༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེས་ཀུན་ཁྱབ་སྤྲུལ་སྐུར་ཤར༔ སྐུ་གསུམ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཀ་དག་ཡེ་སངས་རྒྱས་པ་ལས༔ ཚོགས་གཉིས་ལམ་གྱི་སྒོ་རུ་ཤར༔ རང་ཐོག་རང་གྲོལ་ཚོགས་ཀྱི་མཆོག༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བླ་མེད་བླ་མ་སྐུ་གསུམ་དཔལ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག༔ ཆོས་ཀུན་ཤེས་རབ་དབྱིངས་སུ་རོལ༔ རྩ་གསུམ་ཡོངས་རྫོགས་བཀྲ་ཤིས་ཤོག༔ འདི་ལྟར་བསྐྱེད་རིམ་གནད་ལྡན་གྱིས༔ ཉམས་སུ་ལེན་པའི་སྐྱེས་བུ་ཀུན༔ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱིས༔ གྲོང་འཇུག་གྲོང་འཕོ་མངོན་སངས་རྒྱས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་ཡང་སློབ་བུ་ཀུན་བཟང་བསྟན་འཛིན་གྱིས་དུས་མཆོད་ཀྱི་སྐབས་རྣམས་སུ་འདོན་རྒྱུའི་བླ་སྒྲུབ་འདི་འདྲ་དགོས་ཞེས་རིང་མོ་ནས་ནན་ཆེར་བསྐུལ་བ་དང་། ཉེ་ཆར་ཀུན་བཟང་ཆོས་གྲགས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་དགེའོ། །སརྦ་མངྒ་ལཾ།།