ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ལྷན་ཐབས་འདོད་རྒུའི་དཔལ་ཕྲེང་༔

From Dudjom Wiki
Revision as of 10:20, 4 September 2025 by Mort (talk | contribs) (Text replacement - "༴" to "༴ ")

TTDL-ZABTER-14-PHA-019
Wylie title chos nyid nam mkha'i klong mdzod las: sgrub pa'i lhan thabs 'dod rgu'i dpal phreng: TTDL-ZABTER-14-PHA-019.pdf
Location bdud 'joms gling pa zab gter
Volume 14, Text 19, Pages 143-173 (Folios 1a1 to 16a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sgrub pa'i lhan thabs 'dod rgu'i dpal phreng. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 143-173. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: lhan thabs   Verso: bdud 'joms sgrub pa'i cha lag
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Practical Instructions - lag len - len thabs  ·  Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་རིགས་སྲས་མཁྱེན་བརྩེ་མྱུ་གུས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྙན་བརྒྱུད་ལས་བཀོད་པའི་ཡི་གེ་པ་ནི་སློབ་བུ་མངོན་དགས་བགྱིས་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di rigs sras mkhyen brtse myu gus nan du bskul ngor bdud 'joms rdo rjes snyan brgyud las bkod pa'i yi ge pa ni slob bu mngon dgas bgyis pa'o/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྒྲུབ་པའི་ལྷན་ཐབས་འདོད་རྒུའི་དཔལ་ཕྲེང་ཞེས་བྱ་བ་བཞུགས་སོ༔


དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གསང་སྔགས་བསྒྲུབ་པ་ཉམས་ལེན་པའི༔ རྣལ་འབྱོར་ཅན་གྱི་གཅེས་ནོར་དུ༔ ལྷན་ཐབས་འདོད་རྒུའི་དཔལ་ཕྲེང་བསྟན༔ དང་པོ་རྡོ་རྗེ་བྱིན་བརླབས་ནི༔ ཨོཾ་སརྦ་དྷརྨ་ག་གཱ་ན་ཨ་ཨཱཿམཚན་མ་རྫས་ཀྱི་རྡོ་རྗེ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཐབས་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེའི་རྣམ་པར་ཤར་བའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ཏེ་ཐུགས་རྡོ་རྗེའི་རོལ་པ་རུ་སྨིན་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཛྙཱ་ན་ཧཱུྃ༔ དེ་ནས་དྲིལ་བུ་བྱིན་གྱིས་བརླབས་པ་ལ༔ སརྦ་དྷརྨ་ཨ་ཨཱཿསྟོང་པའི་ངང་ལས་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་ངོ་བོ་ལས་ཤེས་རབ་དང་ཡེ་ཤེས་ཀྱི་རང་གདངས་དྲིལ་བུའི་རྣམ་པར་ཤར་བའི་སྒྲས་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལས་དཀྲོག་ཅིང་འཁྲུལ་མི་ཤེས་པའི་དབྱིངས་སུ་སད་པར་བྱེད་པའི་སྒྲ་རྒྱུན་མི་ཆད་པར་འབྱུང་བའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་པྲཛྙཱ་ཛྙཱ་ན་ཤཔྡ་ཧཱུྃ༔ དེ་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ༔ ཧཱུྃ༔ གཡས་པ་ཐབས་ཀྱི་རྡོ་རྗེ་ཡིས༔ འཁོར་བའི་འཁྲུལ་འཁོར་གཞོམ་བྱེད་ཅིང་༔ ཡེ་ཤེས་རྡོ་རྗེར་སྨིན་པར་མཛད༔ གཡོན་པ་ཤེས་རབ་དྲིལ་བུ་ཡིས༔ མ་རིག་མལ་དུ་དུབ་པ་ཡི༔ སེམས་ཅན་ཉོན་མོངས་གཉིད་དཀྲོག་ཅིང་༔ ཐབས་ཤེས་དབྱེར་མེད་ལམ་སྒྲས་སྟོན༔ བཛྲ་གཎྜེ་དྷརྨ་ཧྲཱིཿདེ་ནས་ཌཱ་མ་རུ་བྱིན་གྱིས་བརླབས་པ་ལ༔ ཨ་ཨ་ཨཱཿསྐད་ཅིག་གིས་ཐོད་རྔ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཌཱ་རུ་ཀུན་བཟང་ཡབ་ཡུམ་སྙོམས་པར་ཞུགས་པའི་ངོ་བོར་གསལ་བའི་དགྱེས་ཆགས་དགའ་བདེ་ཉམས་ཀྱིས་ཨ་རལླི་དང་ཕེཾཿགྱི་སྒྲས་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་བཤིག་ཅིང་གཞི་དབྱིངས་གདོད་མའི་མགོན་པོའི་གནས་ལུགས་རང་ངོ་འཕྲོད་པར་གྱུར༔ བཛྲ་དྷརྨ་དྷརྨ་དྷརྟུ་བིཀྵ་ས་མ་ཡ་ཧོཿ དེ་ནས་རྔ་ཆེན་བྱིན་བརླབས་ལ༔ རྔ་ཆེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཆེ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་སྟོང་ཆོས་ཉིད་ཀྱི་རང་སྒྲ་ཧཱུྃ་ཞེས་འབྲུག་སྟོང་ལྟར་ལྡིར་བས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་གཞི་རུ་བཤིགས་ཏེ་འཁྲུལ་མི་ཤེས་པའི་དབྱིངས་སུ་བརྡལ་བའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཏིཥྛ་བཛྲ༔ ཞེས་བརྗོད་པས་ཡེ་ཤེས་ཁྲོ་བོ་དངོས་སུ་བྱོན་ཏེ་ཐིམ་པར་བསམ༔ དེ་ནས་རོལ་མོ་བྱིན་གྱིས་བརླབས་པ་ལ༔ ཨ་ཨཱཿསྟོང་པའི་ངང་ལས་དཔལ་དོན་ཡོད་གྲུབ་པ་ཡབ་ཡུམ་རོལ་མོའི་རྣམ་པར་བཞེངས་ཏེ་སྒྲོལ་བའི་སྟོབས་ཤུགས་ཀྱིས་འཁོར་བ་མྱ་ངན་ལས་འདས་པའི་དབྱིངས་སུ་བསྒྲལ་ཏེ་སྦྱོར་བའི་ཤུགས་ཀྱིས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་སྤོར་ནུས་པའི་བདག་ཉིད་ཅན་དུ་གྱུར༔ ཧཱ་པྲཛྙཱ་དྷྲིཀ་ཏཱཾ་བཛྲ་ར་ཏི་སྟྭཾ་ས་མ་ཡ་ཨ་བེ་ཤ་ཡ་ཛ་ཛ་སྟྭཾ༔ དེ་ནས་སྤོས་དང་བཟང་ཤིང་བསྲེགས་པའི་དུད་པ་བྱིན་གྱིས་བརླབས་པ་ལ༔ ཨཱཿངོ་བོ་དང་རང་བཞིན་ཐུགས་རྗེ་གསུམ་གྱི་རྣམ་པར་འཕྲུལ་པ་ལས་བྱུང་བའི་འོད་ཕུང་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤོས་དང་བཟང་ཤིང་ལ་ཐིམ་པས་མ་དག་སྒྲིབ་གཉིས་ཀྱི་གྲིབ་དང་འབག་བཙོག་ཐམས་ཅད་སྦྱོང་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ རཾ་ཛྙཱ་ན་ཛྭ་ལ་ཡེ་སྭཱ་ཧཱ༔ ཨོཾ༔ ཡེ་ཤེས་མེ་དང་དུད་སྤྲིན་གྱིས༔ གཟུང་འཛིན་དྲི་མ་སངས་གྱུར་ཅིག༔ འདོད་རྒུར་སྤེལ་བའི་དུད་སྤྲིན་གྱིས༔ རྒྱལ་བ་སྲས་བཅས་མཉེས་གྱུར་ཅིག༔ སང་ས་ལེ་སང་ངེ་སྭཱ་ཧཱ༔ བཛྲ་དྷུ་པེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ དེ་ནས་བསང་ཆུ་བྱིན་བརླབས་ལ༔ སྟོང་པའི་ངང་ལས་རྡོ་རྗེ་བགེགས་མཐར་བྱེད་ཡུམ་རླུང་འབྱིན་མ་ཡབ་ཡུམ་བདུད་རྩིར་ཞུ་བའི་བསང་ཆུ་དེ་ཉིད་འབག་བཙོག་ཐམས་ཅད་དག་བྱེད་ཀྱི་ནུས་པ་དང་ལྡན་ཞིང་མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་ཞིང་དམ་སྲི་ཉུལ་ལེ་འབྱུང་པོ་མཆོད་རྫས་ལ་རྐུ་ཞིང་འཚེ་བའི་རིགས་རྣམས་ཀྱིས་མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཙམ་གྱིས་ལུས་ངག་ཡིད་གསུམ་བསྲེག་ཅིང་བརླག་པར་བྱེད་པའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཁཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ན་ཧཱུྃ༔ ཞེས་ཆུ་དེ་ནན་དུ་བྲན་ཏེ༔ དེ་ནས་བདུད་རྩི་བྱིན་གྱིས་བརླབས་པ་ལ༔ ཨཱ༔ སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་རྒྱ་ཆེ་ལ་ཁྱོན་ཡངས་པ་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་ཁ་རུ་བབ་པའི་ནང་དུ༔ དབུས་སུ་མིའི་ཤ༔ ཤར་དུ་གླང་པོ་ཆེའི་ཤ༔ ལྷོ་རུ་རྟའི་ཤ༔ ནུབ་ཏུ་རྨ་བྱའི་ཤ༔ བྱང་དུ་སེངྒེའི་ཤ༔ དེ་བཞིན་དུ་དབུས་སུ་དྲི་ཆེན༔ ཤར་ལྷོར་དྲི་ཆུ༔ ལྷོ་ནུབ་ཏུ་བྱང་སེམས༔ ནུབ་བྱང་དུ་ཀླད་པ༔ བྱང་ཤར་དུ་རཀྟ་རྣམས་རི་ལྟར་སྤུང་ཞིང་མཚོ་ལྟར་འཁྱིལ་བར་བསྒོམ༔ དབྱིངས་ནས་སྐུ་ལྔ་དང་ཡེ་ཤེས་ལྔ་ཡི་ངོ་བོ་འོད་ཕུང་ཁ་ཏོག་ལྔ་ལྡན་གྱི་རྣམ་པར་ཐིམ་སྟེ༔ འོག་ནས་མེ་རླུང་འཐབས་པའི་འོད་ཀྱིས་ཐོད་པ་དྲོས་ཏེ་བདུད་རྩི་ཁོལ་བས་སེར་ལྟེམ་གྱིས་ཞུ་བ་ལ་ཁམས་གསུམ་གྱི་རྩི་བཅུད་འབྲུ་སྨན་ཐམས་ཅད་ཐིམ་པས་མྱོང་གྲོལ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གྱུར༔ ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿསརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་སྭཱ་ཧཱ༔ དེ་ནས་གཏོར་མ་བྱིན་གྱིས་བརླབས་པ་ལ༔ ཨཱཿསྟོང་པའི་ངང་ལས་གཏོར་མའི་སྣོད་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་མཆོད་རྫས་བཤམས་པའི་ངོ་བོ་དང་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀྱི་ངོ་བོ་འོད་ཕུང་གི་རྣམ་པར་ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས༔ གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཡིད་ལ་གང་འདོད་པ་ཐམས་ཅད་འབྱུང་བའི་རང་བཞིན་ཅན་དུ་གྱུར༔ དེ་ལ་ཡེ་ཤེས་ཀྱི་བདུད་རྩི་འབྲུ་གསུམ་གྱི་རྣམ་པར་ཐིམ་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་བསྐྱེད་པའི་ནུས་པ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ༔ དེ་ནས་རཀྟ་བྱིན་གྱིས་བརླབས་པ་ནི༔ ཨ་ཨཱཿསྟོང་པའི་ངང་ལས་མདུན་གྱི་ནམ་མཁར་གཱིརྟི་མ་དམར་མོ་གྲི་ཐོད་བསྣམས་པ་གཅེར་བུ་གོས་རྒྱན་སྤངས་ཤིང་ཆགས་པའི་ཉམས་དང་ལྡན་པར་བསྐྱེད་དོ༔ དེ་ཡི་ཐུགས་ཀ་ནས་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དམར་གྱི་རྣམ་པར་འདུས་ཏེ་གཱིརྟི་མ་ལ་ཐིམ་པས་རཀྟའི་རང་བཞིན་དུ་གྱུར་ཏེ་མཁའ་གསང་ནས་ཆུ་ཀླུང་དྲག་པོ་ལྟར་བབ་པས་བྷནྡྷར་རཀྟའི་རྒྱ་མཚོ་འཁྱིལ་ཞིང་ཁོལ་བར་གྱུར༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋ༔ དེ་ནས་ཕྱི་མཆོད་བྱིན་གྱིས་བརླབས་པ་ནི༔ ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཡིག་ཞུ་བ་ལས་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པའི་ཕྱི་མཆོད་རྣམ་པ་སྣ་ཚོགས་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་དྲག་པོ་རྣམ་ལྔ་བྱིན་གྱིས་བརླབས་པ་ལ༔ རཾ་ཡཾ་ཁཾ་ལས་དངོས་འཛིན་བག་ཆགས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་ཀྱི་ཁར་ཨཱཿལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བག་ཆགས་ཐམས་ཅད་འདུས་པའི་ངོ་བོ་སྙིང་མིག་རྣ་བ་སྣ་དང་ལྕེ་དང་བ་སུ་ཏ་དང་བཅས་པའི་རྣམ་པར་ཤར་བ་ལས་འདོད་ཡོན་ནམ་མཁའ་མཛོད་དུ་སྤེལ་བའི་རང་བཞིན་ཅན་དུ་གྱུར་ཅིག༔ ཨོཾ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཡེ་སྭཱ་ཧཱ༔ ཡང་མཆོད་རྫས་ཐམས་ཅད་བྱིན་གྱིས་བརླབས་པ་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི༴ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་ཀྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཨོཾཿབྷྲཱུྃཿཏྲཱཾཿཧྲཱིཿཨཱཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ན་བཟའ་ལ་སོགས་པའི་ཕྱི་མཆོད་རྣམ་པ་སྣ་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་ནང་མཆོད་རྣམ་པ་སྣ་ཚོགས༔ བདུད་རྩི་སྨན་གྱི་རྒྱ་མཚོ༔ རཀྟ་དམར་གྱི་རྒྱ་མཚོ༔ བ་ལིཾ་རྒྱན་གྱི་གཏོར་མ༔ དྲག་པོ་དམར་གྱི་དབང་ལྔ༔ ཤ་རི་ཁྲག་གི་རྒྱ་མཚོ༔ སྦྱོར་བ་བདེ་སྟོང་གི་བྱང་སེམས༔ མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རོལ་པ་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ཨོཾ་སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོཿ སྥ་ར་ཎ་ཁཾ་སྭཱ་ཧཱ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་རཱུ་པ་སོགས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཡེ་སྭཱཧཱ༔ མ་ཧཱ་བ་ལིཾ་ཏ་ཡེ་སྭཱ་ཧཱ༔ མ་ཧཱ་རཀྟ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོཿ དེ་ནས་སྐྱབས་ཡུལ་ཚོགས་ཞིང་བསྐྱེད་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་ཀོཉ་ཧཾ༔ མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ ཡུམ་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ་དང་གཉིས་མེད་དུ་སྦྱོར་བ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ་དེ་ལ་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་ནས་རང་ཅག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་བཞུགས་པར་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཏེ་བསྟིམ་མོ༔ དེ་ནས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད༔ མཐར་ཚོགས་ཞིང་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་སྨིན་ཅིང་གྲོལ་བར་བསམ༔ དེ་ནས་བཀའ་བསྒོ་བ་ལ༔ དང་པོ་བདག་ལྷར་བསྐྱེད་པ་ནི༔ སྐད་ཅིག་གིས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་རང་ཉིད་དབང་ཆེན་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་གྱི་ཉམས་དང་ལྡན་པ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་ཅིང་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ དུར་ཁྲོད་ཀྱི་ཆས་རྫོགས་ཤིང་བསྐལ་པའི་མེ་དཔུང་འབར་བའི་ཀློང་དུ་འགྱིང་བའི་སྤྱི་བོར་རྟ་མགོ་ལྗང་ཞུར་རྟ་སྐད་མཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད་དོ༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པའི་བདེན་པས་བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོ་ཐམས་ཅད་སྦྱིན་ཡུལ་མགྲོན་དུ་ཁུག་ཅིག༔ ཏྲིཿཨ་ཀཪྴ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ ལན་གསུམ་བརྗོད༔ དེ་ནས་ལན་ཆགས་གཏོར་མ་བཏང་སྟེ༔ བགེགས་བསྐྲད་པའི་ལྷ་བསྐྱེད་པ་ལ༔ སྐད་ཅིག་གིས་བདག་ཉིད་དབང་ཆེན་རྟ་མགྲིན་གནས་སུ་གྱུར་པ་ལས་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ གཡས་ཞལ་ཟླ་བ་ལྟར་དཀར་བ༔ གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ སྤྱན་དགུ་སྡང་མིག་ཁྱུག་ཁྱུག་ཕྱོགས་བཅུར་གཟིགས་པ༔ ཕྱག་དྲུག་གཡས་གཉིས་གསེར་གྱི་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ་གདེངས་ཤིང་༔ གཡོན་གཉིས་ཁ་ཊྭཱྃ་དང་མེ་དཔུང་བསྣམས་པ༔ ཐ་མ་གཉིས་ན་རི་རབ་ཀྱི་ཕུར་པ་འདྲིལ་བ༔ དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྐུར་གྱུར༔ རྩ་སྔགས་བརྗོད་ཅིང་གཞུང་གི་བགེགས་བསྐྲད་ལ་འཇུག་གོ༔ ན་མོ༔ རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ ལྷ་ལས་ཁྱད་པར་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་རྣམས་ཀྱི༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཞིང་༔ རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་མྱུར་མགྱོགས་ཀྱི་སྟོབས་རྩལ་ཕུན་སུམ་ཚོགས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུས༔ དེང་འདིར་གསང་སྔགས་ཟབ་མོ་བསྒྲུབ་པའམ་ས་ལམ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་གང་དག་ཅི་ཡོད་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་དགའ་མགུ་ཡི་རངས་ཤིང་ཚིམས་པར་གྱུར་ཅིག༔ ཚིམས་ནས་ཀྱང་སོ་སོ་རང་རང་གི་གནས་སུ་བྱེར་ཅིག༔ དེངས་ཤིག༔ གང་དག་མི་འགྲོ་ཞིང་འདུག་པར་གྱུར་པ་ཐམས་ཅད་ཡེ་ཤེས་ཀྱི་ཁྲོ་བོས་བསྡིག༔ ཐུན་མཚོན་སྣ་ཚོགས་ཀྱིས་གཏུབས༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲིའི་རླུང་གིས་དེད་ནས་གླིང་བར་མུན་པའི་གླིང་དང་༔ རི་རབ་ཀྱི་ཟོམས་སུ་བསྐྲད་ཅིང་བརླག་པར་འགྱུར་ཏ་རེ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་སྲུང་གུར་བསྒོམ་པ་ལ༔ མེ་དཔུང་ཐུན་རྫས་མཚོན་ཆ་དང་ཁྲོ་ཚོགས་ཐམས་ཅད་ཀྱིས་བགེགས་ཐམས་ཅད་རི་རབ་ཀྱི་ཟོམས་དང་༔ གླིང་བར་མུན་པའི་སྨག་རུམ་དུ་བསྐྲད༔ ཚུར་འདུས་སྟེང་འོག་བར་གསུམ་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་འཁོར་ལོ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་མེ་ལོང་ཡེ་ཤེས་རྡོ་རྗེ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་སོར་རྟོག་ཡེ་ཤེས་པདྨ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་བྱ་གྲུབ་ཡེ་ཤེས་རྒྱ་གྲམ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་རྡོ་རྗེ་མེ་དཔུང་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་ཏུ་རྡོ་རྗེའི་རླུང་ནག་སྤུ་གྲི་རེག་གཅོད་ཀྱི་གུར་ཁང་༔ དེའི་ཕྱི་རོལ་ཏུ་རྡོ་རྗེའི་ཆུ་བོ་རྦ་རླབས་རབ་ཏུ་འཕྱོ་བའི་ར་བ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པར་གྱུར༔ སྲུང་བའི་འཁོར་ལོ་མེ་དཔུང་འབར་བའི་དབུས་སུ་བཟློག་བྱེད་ཀྱི་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པས་ཞལ་ཕྱིར་གྱུ་ཞིང་ཧཱུྃ་ཕཊ་བྷྱོ་བཟློག་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུར་སྒྲོགས་པ་དང་༔ ནང་དུ་སྲུང་བྱེད་ཀྱི་ཁྲོ་མོ་རྣམས་ཀྱི་ཞལ་ནང་དུ་གྱུར་ཏེ་ཧཱུྃ་ཧཱུྃ་དང་རུ་ལུའི་སྒྲ་དེ་བཞིན་དུ་སྒྲོགས་པའི་དབུས་སུ༔ ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བདག་དང་བསྲུང་བྱ་ཐམས་ཅད་ཡི་དམ་ལྷའི་ང་རྒྱལ་གྱི་ངང་དུ་གནས་པར་བསྒོམ༔ བསྲུང་བའི་གུར་ཁང་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མི་ཤིགས་མི་འགྱུར་བའི་རྒྱས་གདབ་པར་གྱུར༔ ཅེས་བརྗོད་ཅིང་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས་པར་བྱ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ རང་གི་སྙིང་ག་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ལྷོ་ནུབ་རྔ་ཡབ་ཀྱི་གླིང་དབུས༔ ཟངས་མདོག་དཔལ་གྱི་རི་བོ་ནས་ཨོ་རྒྱན་པདྨ་འབྱུང་གནས་ལ་འཁོར་རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ༔ བོད་ཀྱི་རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་བཀའ་གཏེར་གསར་རྙིང་གི་བླ་མ་རིག་འཛིན་རྒྱ་མཚོ་ཐམས་ཅད་དང་༔ ཡི་དམ་དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར་བདག་དང་སྒྲུབ་རྫས་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་ལ་ཐིམ་པས་སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པར་བྱིན་གྱིས་བརླབ་པར་བསམ༔ གཞན་ཡང་སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས༔ ཡོན་ཏན་དང་ཕྲིན་ལས་ཀྱི་དབང་བྱིན་ནུས་པ་དངོས་གྲུབ་ཐམས་ཅད་འཇའ་སྤྲིན་ཐིག་ལེ་ཕྲ་མོའི་རྣམ་པར་བྱུང་ནས་བདག་དང་སྒྲུབ་རྫས་རྣམས་ལ་གཉིས་མེད་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་འདུས་ཤིང་རྫོགས་པར་བསྒོམ༔ བསྡུ་ན༔ རང་རང་རྣམས་ཀྱིས་དད་པ་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་པ་དང་ཆབ་གཅིག༔ སྙིང་ག་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པ་ཐམས་ཅད༔ སྐུ་ཕྱག་རྒྱ་ཕྲ་མོ༔ གསུང་ཡིག་འབྲུ་སྣ་ཚོགས༔ ཐུགས་ཕྱག་མཚན་སྣ་ཚོགས༔ ཡོན་ཏན་ཕྲིན་ལས་ཐམས་ཅད་འཇའ་དང་འོད་ཕུང་གི་རྣམ་པར་གནས་དང་སྒྲུབ་ཁང་བསྒྲུབ་རྫས་སྒྲུབ་པ་པོ་རྣམས་ལ་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པས༔ གནས་ཞིང་ཁམས༔ སྒྲུབ་ཁང་གཞལ་ཡས༔ སྒྲུབ་པ་པོ་དཔའ་བོ་དང་མཁའ་འགྲོ༔ བསྒྲུབ་རྫས་རྣམས་དབང་བྱིན་དངོས་གྲུབ་ཐམས་ཅད་རྫོགས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རོལ་པ་ཆེན་པོར་བྱིན་གྱིས་བརླབས་པར་བསྒོམ༔ དེ་ནས་རིལ་བུ་བསྐྱེད་ཆོག་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ རིལ་བུ་སྣོད་དང་བཅས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་བྷྲཱུྃཿཡིག་ཡོངས་སུ་གྱུར་པ་ལས༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས༔ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆ་བྱད་ཅན་གཡས་རྡོ་རྗེ་དང་༔ གཡོན་ལྕགས་ཕུར་གདེངས་པ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ མེ་དཔུང་དམར་ནག་འབར་བའི་ཀློང་དུ་འགྱིང་བ༔ ཁྲོ་ཆུང་མེ་སྟག་ལྟ་བུར་བར་མཚམས་མེད་པར་འཕྲོ་བར་བསྒོམ༔ དེ་དག་རྣམས་ཀྱི་སྤྱི་བོར་སྐུ་མི་འགྱུར་བའི་རྡོ་རྗེ་ཨོཾ་དཀར་པོ༔ མགྲིན་པར་གསུང་མི་འགགས་པའི་རྡོ་རྗེ་ཨཱཿཡིག་དམར་པོ༔ སྙིང་གར་ཐུགས་མི་འཁྲུལ་པའི་རྡོ་རྗེ་ཧཱུྃ་མཐིང་ནག་གི་རྣམ་པར་གནས་པ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས༔ བརྒྱུད་པ་དགུ་ལྡན་གྱི་བླ་མ་རིག་འཛིན་རྒྱ་མཚོ་ཐམས་ཅད་དང་༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེའི་གཞོན་ནུའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ཏེ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བདག་དང་རིལ་བུ་ལྷར་གསལ་བ་རྣམས་ལ་ཐིམ་པས་གཟི་བྱིན་འོད་ཕུང་དཔག་ཏུ་མེད་པ་འབར་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧ་རི་ནི་ས་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿཨ་བེ་ཤ་ཡ་སྟྭཾ༔ ཞེས་ལན་གསུམ་བརྗོད༔ དེ་ནས་དབང་བསྐུར་བ་ལ༔ རང་གི་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདེ་གཤེགས་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་སྟེང་གི་ནམ་མཁར་བྱོན་ནས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་བུམ་པ་ཐོགས་ཤིང་བུམ་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤེལ་སྒོང་གི་རྡུལ་ཕྱིས་པ་ལྟར་བྱང་ཞིང་དག་པར་བྱས་དབང་བཞི་ཡེ་ཤེས་ཀྱི་ཆུ་བོའི་རྒྱུན་བབས་པས་ལུས་གང་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར༔ འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོར་དབུགས་དབྱུང་༔ ཁམས་གསུམ་གྱི་འཁོར་བ་མྱ་ངན་ལས་འདས་པའི་དབྱིངས་སུ་བསྒྲལ་བའི་མཐུ་བྱིན་ནུས་པ་དང་ལྡན་པར་བྱས༔ ཨོཾ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཾ་པདྨ་ཝཱཀ་ཨ་བྷི་ཥིཉྩ་ཧྲཱིཿཧཱུྃ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྭཱ་རཏྣ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾཿཧཱ་ཀརྨ་སརྦ་ཨ་བྷི་ཥིཉྩ་ཨཱཿརྒྱས་གདབ་པ་ལ༔ སླར་ཡང་ཡི་གེ་ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿརྣམས་གསལ་བ་ལ་རིགས་ལྔ་རིམ་གྱིས་ཐིམ་སྟེ་མི་འཇིགས་མི་འགྱུར་བའི་རྒྱས་ཐེབས་པར་བསམ་ལ༔ ཨོཾ་བུདྡྷ་དྷ་ར་ས་མ་ཡ་སྟྭཾ་ཏིཥྛ་བཛྲ༔ ཨཱཾ་པདྨ་དྷ་ར་ས་མ་ཡ་སྟྭཾ་ཏིཥྛ་བཛྲ༔ ཧཱུྃ་བཛྲ་དྷ་ར་ས་མ་ཡ་སྟྭཾ་ཏིཥྛ་བཛྲ༔ ཏྲཱཾ་རཏྣ་དྷ་ར་ས་མ་ཡ་སྟྭཾ་ཏིཥྛ་བཛྲ༔ ཧཱ་ཀརྨ་དྷ་ར་ས་མ་ཡ་སྟྭཾ་ཏིཥྛ་བཛྲ༔ ཞེས་རྒྱས་གདབ་པས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་བསམ༔ དེ་ནས་སྤྱན་འདྲེན་པ་ལ༔ མདུན་མཁར་བུམ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིལ་བུ་རྣམས་ཡི་དམ་གྱི་ལྷ་སྐུ་མཚན་ཉིད་རྫོགས་པ་ཏིལ་གྱི་གོང་བུ་རྒྱས་པ་ལྟ་བུར་གསལ་བ་དང་༔ བདག་ཉིད་ལྷར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་སྙིང་པོ་ལས་འོད་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་དང་བརྟེན་པའི་འཁོར་ལོ་ཐམས་ཅད་ཡི་དམ་གྱི་ལྷ་མཆོག་ཆེ་གེ་མོའི་རྣམ་པར་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་ཁ་བ་དང་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བདག་དང་སྒྲུབ་རྫས་རྣམས་སུ་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པས་གཟི་བརྗིད་འོད་ཕུང་རབ་ཏུ་འབར་ཞིང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ༔ རྩ་སྔགས་མཐར༔ བཛྲ་ས་མ་ཡ་ཛ་ཛཿས་སྤྱན་དྲངས༔ དེ་ནས་ཕྲེང་བ་བྱིན་གྱིས་བརླབས་པ་ལ༔ ཐལ་མོ་ཁ་སྦྱར་བའི་བར་དུ་བསྒྲང་ཕྲེང་བཟུང་སྟེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ ཕྲེང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རང་གི་ལག་པ་གཡས་པ་ཟླ་བའི་དཀྱིལ་འཁོར་དུ་སོར་མོ་རྣམས་རིགས་ཀྱི་ཡབ་ལྔར་བསྐྱེད༔ གཡོན་པ་ཉི་མའི་དལ་ལ་སོར་མོ་རྣམས་རིགས་ཀྱི་ཡུམ་ལྔར་བསྒོམ༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་བདེ་སྟོང་གི་ངོ་བོ་བྱང་ཆུབ་སེམས་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་མདོ་འཛིན་ཀུན་བཟང་ཡབ་ཡུམ་ལ་ཕྲེང་བ་རྣམས་བདེ་གཤེགས་ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུར་གསལ་བའི་ཡེ་ཤེས་འོད་ཟེར་གྱི་ཐག་པ་ལུ་གུ་རྒྱུད་དུ་འབྲེལ་བ་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མུ་མཐའ་མེད་པ་ན་བཞུགས་པའི་སྐུ་གསུམ་ཞི་ཁྲོ་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་ཕྲེང་བ་ལྷར་གསལ་བ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ སརྦ་བུདྡྷ་བོ་དྷི་སཏྭ་པྲཛྙཱ་གུ་ཎ་ཀརྨ་ས་མ་ཡ་ཛ་ཛཿཨ་བྷི་ཥིཉྩ་སྟྭཾ་ཏིཥྛ་བཛྲ༔ ལན་གསུམ་དང་དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་བསྐྱེད་བསྟིམས་བྱ༔ ཨོཾ་རུ་ཙི་ར་མ་ནི་པྲ་ཝརྡྷ་ན་ཡེ་སྭཱ་ཧཱ༔ ཉེར་གཅིག་བརྗོད་ཅིང་མེ་ཏོག་འཐོར་བཞིན༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ལྟར་གསལ་བ་རྣམས་ཀྱི་སྐུའི་གར་མཛད་ཅིང་ཞལ་ནས་སྔགས་སྒྲ་དི་རི་རི་སྒྲོགས་པར་བསྒོམ༔ ཤིས་པ་བརྗོད༔ ཡང་ན་འདི་ལྟར༔ ཨོཾ་སརྦ་དྷརྨ་ག་གཱ་ན་ཨཱཿསྟོང་པའི་ངང་ལས་བསྒྲང་ཕྲེང་རྣམས་ཡེ་ཤེས་ཀྱི་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་འོད་ཟེར་གྱིས་ལུ་གུ་རྒྱུད་དུ་འབྲེལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ལ་གཉིས་སུ་མེད་པར་ཐིམ་སྟེ་ཐམས་ཅད་ཀྱི་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་ལ༔ གོང་གི་ཨོཾ་རུ་ཙི་སོགས་རྟེན་འབྲེལ་སྙིང་པོ་ཉེར་གཅིག་བཏབ་ལ་བྱིན་གྱིས་བརླབ་བོ༔ དེ་ནས་རིལ་བུའི་འཛབ་དམིགས་ལ༔ ཨོཾ༔ ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིལ་བུ་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་ཤ་སྟག་ཏུ་གྱུར་པ་རྣམས་ཀྱིས་གྲགས་སྟོང་ཀཱི་ལ་ཡའི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་དབང་བྱིན་དངོས་གྲུབ་ཐམས་ཅད་འཇའ་སྤྲིན་འཁྲིགས་པ་ལྟ་བུར་རྒྱུན་མི་ཆད་པར་སིབ་སིབ་ཐིམ་པར་བསྒོམ༔ རྩ་སྔགས་བཟླས་ལ་བསྙེན་པའོ༔ ཨཱཿསྣང་སྲིད་ཐམས་ཅད་ཡོངས་སུ་ཁྱབ་པའི་གཞལ་ཡས་ཁང་དུ་རིལ་བུ་རྣམས་རྡོ་རྗེ་གཞོན་ནུའི་སྐུར་གསལ༔ དེ་དག་གི་སྐུ་ལས་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནམ་མཁས་གར་ཁྱབ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུས་གང་སྟེ་འཛབ་དབྱངས་དི་རི་རི་སྒྲོགས་པར་བསྒོམ༔ རྩ་སྔགས་མཐར༔ ཨ་ར་པ་ཙ་མི་ཏ་ཧྲཱིཿདཱ་ཡེ་སྭཱ་ཧཱ༔ དྲིལ་ལ་བཟླ་བ་བསྒྲུབ་པའོ༔ ཡང་འདི་ལྟར༔ ཧཱུྃ༔ རིལ་བུ་ཡེ་ཤེས་ལྷའི་རང་བཞིན་དུ་གསལ་བའི་སྐུ་ལས་འོད་དང་མེ་དཔུང་འཕྲོས་པས་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ལས་ཉོན་བག་ཆགས་གནོད་བྱེད་ཐམས་ཅད་ཐུལ་གྱིས་བསྲེགས་པར་བསམ་ལ༔ བཟླ་བ་ལས་སྦྱོར་རོ༔ རིལ་བུའི་འཛབ་དམིགས་ལ༔ བུམ་པ་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རིལ་བུ་རྣམས་ཡི་དམ་ཆེ་གེ་མོའི་སྐུ་ཤ་སྟག་ཏུ་གྱུར་པ་རྣམས་ཀྱིས་འཛབ་སྔགས་དི་རི་རི་སྒྲོགས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་ཡི་དམ་གྱི་ལྷ་མཆོག་ཆེ་གེ་མོའི་རྣམ་པར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་བཞིན་དུ་རིལ་བུ་ལྷར་གསལ་བ་རྣམས་ལ་རྒྱུན་མི་ཆད་པར་ཐིམ་པར་བསྒོམ་ལ༔ སྔགས་བཟླ༔ རིལ་བུ་སྤེལ་བའི་འཛབ་དམིགས་ལ༔ བདག་ཉིད་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་བུམ་པ་གཞལ་ཡས་ཁང་གི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་སྟེ་ཐུགས་དམ་གྱི་རྒྱུད་བསྐུལ་ནས་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ་རེ་རེ་ལས་ཀྱང་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་གྲངས་མེད་དུ་འཕྲོས་པས་སྟོང་ཁམས་ཐམས་ཅད་གང་ཞིང་ཁྱབ་སྟེ་ཀུན་གྱིས་འཛབ་དབྱངས་དི་རི་རི་སྒྲོགས་པས་སྣང་སྲིད་ཐམས་ཅད་གཡོ་ཞིང་གང་བར་བསྒོམ༔ སྒྲུབ་སྔགས་མཐར༔ ཨོཾ་ཨ་ར་པ་ཙ་མི་ཏ་ཧྲཱིཿདཱ་ཡེ་སྭཱ་ཧཱ༔ ཧཱུྃ༔ རིལ་བུ་ཡེ་ཤེས་ལྷ་ཡི་རང་བཞིན་དུ་གསལ་བའི་སྐུ་ལས་འོད་དང་མེ་དཔུང་འཕྲོས་པས་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ལས་ཉོན་བག་ཆགས་གནོད་བྱེད་ཐམས་ཅད་ཐུལ་གྱིས་བསྲེགས་པར་བསམ་ལ་བཟླ་བ་ལས་སྦྱོར་རོ༔ དེ་ནས་ལས་བཞིའི་ཤམ་བུ་ནི༔ ནད་གདོན་འཇིགས་བརྒྱད་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དུག་ལྔ་དུག་གསུམ་ལས་བྱུང་བའི་ལོག་པར་ལྟ་བ་ཐམས་ཅད་མཱ་ར་ཡ་ཕཊ༔ ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་གསུམ་རེའི་མཐར༔ ཧོཿ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ཁྱེད་རྣམས་ལ༔ མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས་བདག་ཅག་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ༔ རྩ་སྔགས་མཐར༔ སརྦ་ས་པ་རི་ཝཱ་ར་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དེ་ནས་མཆོད་བསྟོད་བྱའོ༔ དེ་ནས་ཆོས་སྐྱོང་གི་གཏོར་མ་བྱིན་བརླབས་ལ༔ གཏོར་སྣོད་ཨེཿལས་གཤིན་རྗེའི་བཤའ་ཁང་ནག་པོའི་ནང་དུ་གཏོར་མ་དེ་ཉིད་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ཚེ་བླ་སྲོག་གསུམ་མཐུ་ནུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ལན་གསུམ་གྱི་མཐར༔ དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་ཕབ་པས་ཤ་རི་ཁྲག་གི་རྒྱ་མཚོ་ནམ་མཁའི་གཏོས་དང་མཉམ་པར་གྱུར༔ ཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་ཀྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཀེཾཿལས་མི་མགོའི་སྒྱེད་པུ་གསུམ་གྱི་ཁ་རུ་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ མཆོད་རྫས་བཤམས་པ་དང་༔ སྣོད་བཅུད་འབྱུང་བའི་ངོ་བོ་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ དཀར་གསུམ་མངར་གསུམ་གྱི་རི་དང་རྒྱ་མཚོ་ཤིང་ཏོག་འབྲས་བུ་རྣམ་པ་སྣ་ཚོགས༔ མཆོད་རྫས་དང་མཐུན་རྫས་རྟེན་རྫས་དང་བསྐང་རྫས་སྒྲུབ་རྫས་རྣམ་པ་སྣ་ཚོགས༔ མདོར་ན་ལྷ་ཀླུ་མིའི་ལོངས་སྤྱོད་ཡིད་ལ་གང་བསམ་པ་ཐམས་ཅད་རྒྱུན་མི་ཆད་པར་ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་གྱུར་ཅིག༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ དེ་ནས་ཚོགས་འཁོར་བྱིན་རླབས་སྐབས༔ ཐོག་མར༔ ཧོཿ དགོངས་སུ་གསོལ་ལོ༔ འདིར་འདུས་རྡོ་རྗེ་སློབ་དཔོན་གྱིས་གཙོས་རྡོ་རྗེའི་མཆེད་དང་ལྕམ་དྲལ་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་༔ དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བའི་ཆེད་དུ་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ་ཐུགས་གཏད་པར་ཞུ༔ ཞེས་གསོལ་ལོ༔ དེ་ནས་བསྐང་རྫས་བྱིན་བརླབས་ནི༔ སརྦ་དྷརྨ་ག་གཱ་ན་ཨཱཿཨོཾ་སྭ་བྷཱ་ཝ་སོགས༔ མཆོད་རྫས་དང་བསྐང་རྫས་ཀྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མཁའ་དབྱིངས་རྣམ་པར་དག་པའི་ཀློང་དུ་དབུས་སུ་ཨོཾ་ལས་བཻ་ཌཱུཪྻ༔ ཤར་དུ་བྷྲུྃཿལས་ཤེལ༔ ལྷོ་རུ་ཏྲཱཾཿལས་གསེར༔ ནུབ་ཏུ་ཧྲཱིཿལས་ཟངས༔ བྱང་དུ་ཧཱཿལས་ལྕགས༔ དེ་རྣམས་ལས་གྲུབ་པའི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ༔ ངོས་འཇམ་ཞིང་ཁོད་སྙོམས་པ་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་མཆོད་རྫས་བཤམས་པའི་དངོས་པོ་དང་༔ སྣོད་བཅུད་འབྱུང་བའི་དྭངས་མ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཚུར་འདུས་ཏེ་ཡོངས་སུ་གྱུར་པ་ལས༔ མཐུན་རྫས་རྣམ་པ་སྣ་ཚོགས༔ མཆོད་རྫས་རྣམ་པ་སྣ་ཚོགས༔ བསྐང་རྫས་རྣམ་པ་སྣ་ཚོགས༔ རྟེན་རྫས་རྣམ་པ་སྣ་ཚོགས༔ སྒྲུབ་རྫས་རྣམ་པ་སྣ་ཚོགས༔ གཞན་ཡང་རི་དྭགས་གཡུང་དྭགས་ཆུ་གནས་དང་བྱ་རིགས་ལ་སོགས་མདོར་ན་ལྷ་ཀླུ་མིའི་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་དང་རྟེན་སྙིང་བཅས་ལན་གསུམ་རེ་བརྗོད༔ དེ་ནས་ཚོགས་བསྒྲལ་གྱི་སྐབས་སུ༔ ཚོགས་སྣོད་དེ་ཉིད་ཨེཿལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་ཟབ་པའི་ནང་དུ་ཚོགས་རྫས་དེ་ཉིད་དགྲ་བགེགས་དངོས་སུ་གསལ་བར་གྱུར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ལས་བྱེད་སྤྲུལ་པའི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་ནས་ཚོགས་རྫས་རཱུ་པ་ལ་ཐིམ་པར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པས༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པའི་ལག་དམར༔ དམ་པའི་ཆོས་ཁྲིམས་བཤིག་པའི་དམ་ཉམས༔ དགེ་འདུན་འདུ་སྒོ་འཕྲོག་པའི་བདུད་སྡེ༔ ཆོས་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ༔ ཉམས་ཏིང་ངེ་འཛིན་ལ་བར་དུ་གཅོད་པར་བྱེད་པ༔ ས་ལམ་གྱི་ཡོན་ཏན་ལ་བར་དུ་གཅོད་པར་བྱེད་པ༔ ཚེ་བསོད་དཔལ་འབྱོར་ཆོས་སྲིད་བདེ་སྐྱིད་ལ་བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་བགེགས་གནོད་བྱེད་ཐམས་ཅད་ཚོགས་ཕུད་གསུམ་པ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ བསྡུ་ན་གོང་གི་བདེན་བརྗོད་མཐར༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་ནས་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་ཐམས་ཅད་ཚོགས་ཕུད་གསུམ་པ་བསྒྲལ་བའི་རྫས་འདི་ལ་ཁུག་ཅིག༔ བསྟིམས་ཤིག༔ ཛཿཧཱུྃ་བཾ་ཧོཿ གྲངས་ནི་སྐབས་དང་བསྟུན་ནོ༔ དེ་ནས་ལྷག་མ་བྱིན་རླབས་ལ་དང་པོ༔ ཧོཿ ཞལ་ཟས་ཚོགས་ཀྱི་ཕུད་ཕུལ་བ་དང་༔ དངོས་གྲུབ་ལ་རོལ་པ་སོགས་གྲུབ་ཟིན་ཏེ༔ སླར་ཡང་ལྷག་གཏོར་འདོད་རྒུའི་དཔལ་ཡོན་དུ་སྤེལ་ཞིང་འབུལ་བ་ལ་ཐུགས་གཏད་པར་ཞུ༔ ཞེས་ཞུས་མཐར༔ ཨོཾ་བཛྲ་ཨ་མྲྀ་ཏ་སོགས༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་ཤ་རི་ཁྲག་གི་རྒྱ་མཚོ་དཀར་གསུམ་དང་མངར་གསུམ་བཟའ་བཅའ་བཏུང་བ་ལྡག་གཞིབ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཨོཾ་ཨ་ཀཱ་རོ་སོགས་བརྗོད་ལ་བྱིན་བརླབས༔ དེ་ནས་གཏོར་མ་སྤེལ་བ་ལ༔ ཨེ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་ལས་ཀྱི་གཤིན་རྗེའི་བཙོན་ཁང་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དུ་གཏོར་མ་དེ་ཉིད་དགྲ་བགེགས་དངོས་སུ་གསལ་བར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ ལན་གསུམ་བརྗོད་མཐར༔ བདག་མདུན་གྱི་སྐུ་ལས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་ཕབ་པས་དགྲ་བགེགས་ཀྱི་གཟུགས་ཕུང་ཁྲོལ་གྱིས་ཞིག་སྟེ་རྣམ་པར་ཤེས་པ་ཨཿཡིག་དཀར་པོར་གྱུར་པ་མདུན་བསྐྱེད་ལྷའི་ཐུགས་ཀར་བསྟིམ༔ ཚེ་བསོད་ནྲྀཿཡིག་ལྗང་གུའི་རྣམ་པར་རང་ལ་ཐིམ་སྟེ་གཟུགས་ཕུང་དེ་ཉིད་ཤ་ཡི་རི་བོ༔ ཁྲག་གི་རྒྱ་མཚོ༔ སྣང་སྲིད་ཀྱི་ཁམས་ཐམས་ཅད་ཡོངས་སུ་གང་བ་ངོ་བོ་བདེ་སྟོང་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་དེ་ནས་བརྟན་མ་བྱིན་རླབས་ལ༔ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོ་ནམ་མཁའི་མཐའ་ཀླས་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ བྲོ་མནན་སྐབས༔ གཏོར་གཞོང་ཁ་སྦུབས་པ་དང་དུས་མཚུངས་པར་མི་མཐུན་པའི་ཕྱོགས་ཐམས་ཅད་ནུབ་པར་གྱུར༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བདེན་པས༔ གནོད་བྱེད་དམ་སྲི་རྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་རོལ་ཏུ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ འགུགས་གཞུག་ལན་གསུམ་གྱི་མཐར༔ གནོད་བྱེད་དེ་དག་རི་རབ་ཆེན་པོའི་འོག༔ རྒྱ་མཚོ་ཆེན་པོའི་གཏིང་རུམ༔ རླུང་རི་ནག་པོ་རྒྱ་གྲམ་གྱི་སྟེང་དུ་ཕོ་ཁ་སྦུབས་མོ་གན་རྐྱལ་དུ་བསྒྱེལ་བའི་ཡན་ལག་བཞི་ལ་གནམ་ལྕགས་ཀྱི་ཕུར་པ་བཞི་ཡིས་གཟེར་བཏབ་པས་འཕར་ལྡང་གཡོ་འགུལ་མེད་པར་བདེ་བའི་ངང་དུ་བརྒྱལ་བར་གྱུར༔ གཏོར་གཞོང་ཡར་བཏེགས་པའི་ཚེ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག༔ བྷྲུྃཿཨ་ཡུ་པུཎྱཻ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ༔ སླར་ཡང་མཆོད་པ་ལ༔ མཆོད་རྫས་བཤམས་པའི་དངོས་པོ་སྟོང་པ་ཉིད་དུ་གྱུར་པའི་ངོ་བོའི་དབྱིངས་དང་༔ བདག་མདུན་ལས་སྤྲུལ་པའི་ཉེར་སྤྱོད་ཀྱི་ལྷ་མོ་བདུན་དང་འདོད་ཡོན་གྱི་ལྷ་མོ་ལྔ༔ གཞན་ཡང་སྨན་གཏོར་རཀྟ་ཐོགས་པ་དང་༔ སྦྱོར་བ་བྱང་སེམས་ཀྱི་མཆོད་པ༔ སྒྲོལ་བ་ཤ་ཁྲག་གི་ཕུང་པོ་ལ་སོགས་པ་རང་རང་གི་མཆོད་རྫས་དུ་མ་ཐོགས་པ་དཔག་ཏུ་མེད་པས༔ ལྷ་རྣམས་ཀྱི་སྐུ་གསུང་ཐུགས་དང་དབང་པོ་སོ་སོར་མཐུན་པའི་མཆོད་པ་ཕུལ་ཞིང་ཐིམ་པས་ཐུགས་བདེ་སྟོང་གི་རོས་ཚིམས༔ མཐུ་སྟོབས་ནུས་པ་གཟི་བྱིན་དབང་དང་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་འཕེལ་ཞིང་རྒྱས་པར་བསམ་ལ༔ མཆོད་ཅིང་བསྟོད་པ་ལ༔ བདག་མདུན་དང་མཆོད་པའི་རྫས་རྣམས་ལས་དཔའ་བོ་དང་དཔའ་མོ་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པ་གཞོན་ཞིང་དར་ལ་བབ་པ་གྲངས་མེད་པས་ནམ་མཁའ་ནས་སྐུ་ཡིས་མཛེས་པའི་གར་བྱེད་ཅིང་༔ ཕྱག་ནས་སྙན་པའི་རོལ་མོ་སྣ་ཚོགས་འཁྲོལ་ཏེ༔ ངག་ནས་ཚངས་པའི་དབྱངས་ཀྱིས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་གླུ་ཡི་མཆོད་པ་འབུལ་བར་བསམ་ཞིང་༔ མཐར་རང་ལ་ཐིམ་པས་མཐུ་སྟོབས་ནུས་བྱིན་དཔག་ཏུ་མེད་པ་འཕེལ་ཞིང་རྒྱས་ཏེ་དུས་གསུམ་རྒྱལ་བའི་མཐུ་ནུས་དཔལ་ཡོན་ཐམས་ཅད་ཡོངས་སུ་རྫོགས་པར་བསམ༔ སླར་ཡང་བཀྲ་ཤིས་བྱ་བ་ལ༔ རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ནམ་མཁའ་གང་བར་བྱོན་ནས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་ཕྱོགས་བཞི་དབུས་ལྔ་ནས་མེ་ཏོག་དཀར་སེར་དམར་ལྗང་མཐིང་སྔོན་རྣམས་ཀྱི་ཆར་ཕབ་པས་ས་གཞིའི་ཁམས་ཐམས་ཅད་གང་བར་གྱུར༔ ཡེ་དྷརྨ་སོགས་བཀྲ་ཤིས་བརྗོད༔ རྗེས་སུ་སྨོན་ལམ་གདབ་པ་ནི༔ ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་གསུམ་ཆོས་སྐྱོང་བྱིན་རླབས་དང་༔ བདེན་པ་གཉིས་ཀྱི་བདེན་སྟོབས་ཀྱིས༔ སངས་རྒྱས་བསྟན་པ་དར་རྒྱས་ཤིང་༔ བསྟན་པའི་རྩ་ལག་བཤེས་གཉེན་རྣམས༔ ཞབས་པད་བརྟན་ཞིང་འགྲོ་དོན་འཕེལ༔ གདུལ་བྱ་སྐྱེ་འགྲོ་སེམས་ཅན་ཀུན༔ ལེགས་པའི་ཡོན་ཏན་དང་ལྡན་ཅིང་༔ ཆོས་སྲིད་མངའ་ཐང་འཕེལ་བ་དང་༔ གཏན་བདེའི་རྒྱུ་འབྲས་སྤྱོད་གྱུར་ཅིག༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ ལོག་པའི་ལམ་དུ་མི་འགྲོ་ཞིང་༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ བདག་སོགས་གར་གནས་གར་སྐྱེས་པའི༔ གནས་དང་ཡུལ་དུས་ཐམས་ཅད་དུ༔ སངས་རྒྱས་བསྟན་པ་དར་བ་དང་༔ སྐྱེ་འགྲོ་བདེ་སྐྱིད་ཕུན་ཚོགས་ཀྱི༔ རྟག་ཏུ་དགེ་ལ་སྤྱོད་པར་གྱུར༔ ཚོགས་གཉིས་ཡོངས་སུ་རྫོགས་ནས་ཀྱང་༔ དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོག༔ ས་མ་ཡ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཡི༔ སྒྲུབ་པ་ཀུན་གྱི་ཆ་ལག་ཏུ༔ གདམས་པའི་སྙན་རྒྱུད་ཟབ་མོའི་ཆོས༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ གནོད་སྦྱིན་དམར་ནག་བཅས་ལ་གཏད༔ སྒྲུབ་པའི་བར་ཆད་རྐྱེན་བཟློག་ལ༔ ཕྲིན་ལས་བསྒྲུབ་པའི་བྱེད་པོ་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་རིགས་སྲས་མཁྱེན་བརྩེ་མྱུ་གུས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྙན་བརྒྱུད་ལས་བཀོད་པའི་ཡི་གེ་པ་ནི་སློབ་བུ་མངོན་དགས་བགྱིས་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།