ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་དབང་ཆོག་དངོས་གྲུབ་གཏེར་མཛོད༔

From Dudjom Wiki
Revision as of 16:01, 4 September 2025 by Mort (talk | contribs) (Text replacement - "ཧྲཱི༔" to "ཧྲཱིཿ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-02-KHA-002
Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa'i dbang chog dngos grub gter mdzod: TTDL-ZABTER-02-KHA-002.pdf
Location bdud 'joms gling pa zab gter
Volume 2, Text 2, Pages 23-46 (Folios 1a1 to 12b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa'i dbang chog dngos grub gter mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 23-46. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ཡང་གཏེར་སྟོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་བར་དུ་བཀའ་རྒྱ་བྱས་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་དཔལ་འབར་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གསེར་སྟོད་བླ་མ་རོང་ནས་དག་པར་ཕབ་པའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang gter ston bdud 'joms rdo rjes gter nas bton te mi lo sum cu bar du bka' rgya byas mthar chos kyi bdag po kun bzang dpal 'bar dang dge 'dun rgya mtsho gnyis kyis nan du bskul ngor gser stod bla ma rong nas dag par phab pa'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་དབང་ཆོག་དངོས་གྲུབ་གཏེར་མཛོད་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འཇམ་དཔལ་གསང་འདུས་སྒྱུ་འཕྲུལ་ལྷའི༔ དབང་ཆོག་དངོས་གྲུབ་གཏེར་མཛོད་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ དཀྱིལ་འཁོར་བཀོད་ལེགས་དབང་ཆས་མཛེས་པར་བཀྲམ༔ བསྙེན་སྒྲུབ་གཞུང་བསྲང་བསྒྲུབ་པ་གནད་ལྡན་བྱ༔ སྐབས་འདིར་སྟ་གོན་རིམ་པ་སྔོན་སོང་ནས༔ དེ་རྗེས་དད་དམ་ལྡན་པའི་བུ་སློབ་ལ༔ ཁྲུས་བྱ་བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ༔ ཡེ་ཤེས་རྡོ་རྗེ་མི་ཟད་པ༔ འཇིག་རྟེན་འཇིགས་བྱེད་མཚོན་ཆ་ཅན༔ ཁྱེད་ལ་སྐྱབས་མཆི་གསོལ་བ་འདེབས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ༔ དེ་ནས་སློབ་དཔོན་གྱིས་ལན་བཏབ་པ་ནི༔ ཁྱེད་ཅག་སུ་ཡིན་འདོད་པ་གང༔ ལས་དང་སྐལ་བ་ལྡན་ནམ་ཅི༔ ངེས་པར་ཡང་དག་སྒོར་ཞུགས་ཏེ༔ ཐར་པའི་གྲོང་དུ་འཇུག་ནུས་སམ༔ དེ་ནས་སློབ་མས་ལན་བཏབ་པ་ནི༔ རིགས་ཀུན་ཁྱབ་བདག་བླ་མ་དང་༔ ལྷ་དང་དཀྱིལ་འཁོར་སྤངས་ནས་ནི༔ སྐྱབས་དང་སྐྱོབ་པ་གཞན་མེད་པས༔ སྒོ་ཕྱེས་ཐར་བའི་གྲོང་བསྟན་འཚལ༔ བླ་མས་ལན་བཏབ་པ་ནི༔ ཧོཿ ལས་སྨོན་རྟེན་འབྲེལ་ཟབ་མོའི་མཐུས༔ ཁྱོད་ནི་སྣོད་ལྡན་སྐྱེས་བུ་ལགས༔ ཁྱོད་ཀྱི་འདོད་དོན་ངས་སྦྱིན་གྱིས༔ དགའ་སྤྲོ་བསྐྱེད་ལ་འདི་རུ་ཤོག༔ ཅེས་ནང་དུ་འདུས་ཤིང་མདུན་དུ་འཁོད༔ ལོ་རྒྱུས་བརྗོད་ཅིང་མཎྜལ་ཕུལ༔ དེ་ནས་མིག་དར་སྦྱིན་པ་ནི༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ འཁྲུལ་སྣང་དབྱིངས་སུ་འགོག་བྱས་ཏེ༔ ཡེ་ཤེས་ལྷར་སྣང་མངོན་བྱེད་ཕྱིར༔ དར་གྱིས་གདོང་གཡོགས་འདི་སྦྱིན་ཟུངས༔ ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་སྦྱིན་པ་ནི༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཚེ་རབས་སྔོན་ནས་ལྷག་པའི་ལྷ༔ ངོས་བཟུང་ཕྱིར་ན་མེ་ཏོག་སྦྱིན༔ ལྷ་དང་མཇལ་བའི་ཕྱག་རྟེན་མཛོད༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་གསོལ་བ་འདེབས་པ་ནི༔ ཧོཿ ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་རྗེ༔ བདག་ཅག་སྲིད་པའི་མཚོ་ལས་སྒྲོལ་བའི་ཕྱིར༔ ཕྱི་ནང་གསང་བའི་དབང་མཆོག་དམ་པ་ཡིས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་པར་མཛོད༔ ལན་གསུམ༔ དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་རིམ་བཞིན་དམིགས་པ་གནད་དང་ལྡན་པའི་ངང་ནས་རྗེས་ཟློས་གཞུང་བཞིན་ལེགས་པར་གྲུབ་པར་བྱ༔ དེ་ནས་སྡོམ་སེམས་དམ་བཅའ་བཟུང་ཞིང་རྗེས་ཟློས་ནི༔ བདག་གིས་དེང་བཟུང་བྱང་ཆུབ་མ་ཐོབ་བར༔ མགོན་པོ་འཇམ་དབྱངས་སྐྱབས་ཀྱི་དམ་པར་འཛིན༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྲུང་བར་བགྱི༔ ལན་གསུམ་བརྗོད་པ་དང་༔ དེ་ནས་དམ་ཆུ་སྦྱིན་པ་ལ༔ ཧཱུྃ༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱི༔ གསང་བའི་བཅུད་ཀྱི་ཡང་སྙིང་སྟེ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ དམ་ཚིག་སྲོག་གི་གཏའ་རུ་བཞག༔ མི་འདའ་རྡོ་རྗེའི་དམ་བཅའ་ཟུངས༔ ཞེས་དམ་ཆུ་ལྕེ་ལ་བཞག་པས་འོད་ཕུང་ཁ་དོག་སྣ་ཚོགས་པའི་རྣམ་པར་འགྱུར་ཏེ་སྙིང་གི་དཀྱིལ་དུ་སོང་བ་ལས༔ ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་འོད་འབར་བའི་ལྟེ་བར་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་ཐིག་ལེ་ཁ་དོག་ལྔ་ལྡན་ཨ་ཡིག་མཐིང་གས་མཚན་པ་ཅན་ཞིག་ཏུ་གྱུར་ཏེ་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསྒོམ༔ ཞེས་རྩ་བ་དང་ཡན་ལག་གི་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་སྐད་ཅིག་ཀྱང་མི་འདའ་བར་བསམ་ལ་འདིའི་རྗེས་ཟློས་མཛོད༔ ས་མ་ཡ༔ ན་ར་ཀན༔ ཡང་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱཻ༔ མགོན་པོ་འཇམ་དབྱངས་ལྷ་ཚོགས་དང་༔ དུས་གསུམ་རྒྱལ་བ་སྲས་བཅས་དགོངས༔ སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས༔ ཚད་མེད་བཞི་ཡི་སྒོ་ཕྱེས་ལ༔ ཡེ་ཤེས་བཞི་ཡི་རང་ཞལ་སྤྲོད༔ སྐུ་དང་ཡེ་ཤེས་མངོན་གྱུར་མཛོད༔ ལན་གསུམ་མཐར༔ ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པར་བསམ་ལ༔ ཤར་སྒོ་ནས་འཇུག་ཅིང་ཕྱག་བྱེད་པའི་མོས་པ་བྱས་ཏེ༔ ན་མོ་བཛྲ་མཉྫུ་ཤྲཱི་ཡེ་ཧཱུྃ༔ ལྷོ་སྒོ་ནས་ཕྱག་བྱས་ཏེ༔ ན་མོ་རཏྣ་མཉྫུ་ཤྲཱི་ཡེ་ཏྲཱཾ༔ དེ་ནས་ནུབ་སྒོ་ནས་ཕྱག་བྱས་ཏེ༔ ན་མོ་པདྨ་མཉྫུ་ཤྲཱི་ཡེ་ཧྲཱིཿ བྱང་སྒོ་ནས་ཕྱག་བྱས་ཏེ༔ ན་མོ་ཀརྨ་མཉྫུ་ཤྲཱི་ཡེ་ཨཱཿཡང་ཤར་སྒོ་ནས་ཕྱག་བྱས་ཏེ༔ ན་མོ་བུདྡྷ་མཉྫུ་ཤྲཱི་ཡེ་ཨོཾ༔ དེ་ལྟར་ཕྱག་བྱས་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ཟླ་བའི་གདན་ལ་འཁོད་པར་བསམ༔ དེ་ནས་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་པས་སློབ་མའི་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དངོས་མེད་དུ་སྦྱངས་ཏེ་སྟོང་པར་གྱུར༔ རྣམ་པར་ཤེས་པ་དྷཱི༔ ཡིག་དམར་སེར་འོད་འབར་བ་ཞིག་ཏུ་གྱུར་ཏེ་མེ་སྟག་ཡར་བ་བཞིན་དུ་གཙོ་བོའི་ཞལ་དུ་ཞུགས་ཏེ་སྐུའི་དབྱིབས་བརྒྱུད་ཅིང་ཡུམ་གྱི་པདྨོ་ནས་ཞུགས་ཏེ་རྩིབ་ལོག་གཡོན་ནས་ཐོན་པས་འཇམ་དཔལ་དམར་སེར་གྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་ཏུ་གྱུར་ཏེ་སྲས་ཀྱི་རྣམ་པར་སྔར་གྱི་པད་ཟླའི་གདན་ལ་འཁོད་པར་སྒོམ་པའི་གནས་གསུམ་དུ་འབྲུ་གསུམ་དང་༔ བདག་ཉིད་འཇམ་དཔལ་ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་པས༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མགོན་པོ་འཇམ་པའི་དབྱངས་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་སྤྱན་དྲངས་ཏེ་མཚོ་ལ་ཁ་ཆར་བབས་པ་ལྟར་སློབ་མ་ལྷར་གསལ་བ་ལ་སིབ་སིབ་ཏུ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་ཤིང་འཕོས་པར་བསམ་ལ༔ སྤྱན་འདྲེན་གཞུང་ལྟར་འདོན་ཅིང་ཡེ་ཤེས་པ་དབབ་པར་བྱའོ༔ ཨོཾ་ན་མོ་མཉྫུ་ཤྲཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨ༔ ཡེ་ཤེས་པ་དབབ་པ་དེ་ཉིད་ཇི་སྲིད་སངས་མ་རྒྱས་བྱང་མ་ཆུབ་ཀྱི་བར་དུ་གནས་ཤིང་བརྟན་པར་གྱུར་ཅིག༔ ཨོཾ་ཀཱ་ཡ་བཛྲ་ཏིཥྛ༔ ཝཱཀ་བཛྲ་ཏིཥྛ༔ ཙིཏྟ་བཛྲ་ཏིཥྛ༔ གུ་ཎ་བཛྲ་ཏིཥྛ༔ ཀརྨ་བཛྲ་ཏིཥྛ༔ ས་མ་ཡ་ལྷན༔ དེ་ནས་མེ་ཏོག་དོར་བ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་དང་༔ རྡོ་རྗེ་ཐེག་པའི་བདེན་སྟོབས་ཀྱིས༔ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ཡི་རིགས་ལ་ཕོག༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མེ་ཏོག་དབུས་སུ་བབ་ན་བུདྡྷ་རིགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྤྱི་བོར་ཐིམ་པས་བསམ་ལ༔ མིང་ལ་སངས་རྒྱས་གར་དབང་༔ སངས་རྒྱས་འོད་ཟེར༔ ལྷུན་གྲུབ་རྒྱ་མཚོ་ཞེས་གསོལ་ལོ༔ ཤར་དུ་བབ་ན་རྡོ་རྗེ་རིགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྤྱི་བོར་ཐིམ་པར་བསམ་ལ༔ མིང་ལ་རྡོ་རྗེ་འོད་ཟེར༔ མི་འགྱུར་རྡོ་རྗེ༔ ཞི་བ་བཟང་པོ་ཞེས་གསོལ་ལོ༔ ལྷོ་རུ་བབ་ན་རིན་ཆེན་རིགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྤྱི་བོར་ཐིམ་པར་བསམ་ལ༔ མིང་ལ་རིན་ཆེན་དཔལ་འབར༔ རིན་ཆེན་དཔལ་ལྡན༔ རིན་ཆེན་དཔལ་རྒྱས་ཞེས་གསོལ་ལོ༔ ནུབ་ཏུ་བབ་ན་པདྨ་རིགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྤྱི་བོར་ཐིམ་པར་བསམ་ལ༔ མིང་ལ་པདྨ་རྒྱལ་པོ༔ པདྨ་དྲི་མེད༔ པདྨ་དབང་རྒྱལ་ཅེས་གསོལ་ལོ༔ བྱང་དུ་བབ་ན་ལས་ཀྱི་རིགས་ཀྱི་རྟེན་དང་བརྟེན་པ་ཐམས་ཅད་སྤྱི་བོར་ཐིམ་པར་བསམ་ལ༔ མིང་ལ་ཀརྨ་དོན་འགྲུབ༔ ཕྲིན་ལས་དཔལ་འབར༔ མངོན་སྤྱོད་གྲུབ་པ་ཞེས་མངའ་གསོལ་ལོ༔ མ་འོངས་པ་ན་རིགས་དེ་བསྒྲུབ་ན་དངོས་གྲུབ་ཐོབ་ཅིང་ཞིང་ཁམས་གང་ཡིན་པ་དེ་རུ་མངོན་སངས་རྒྱས་པར་འགྱུར་རོ༔ ཞེས་ལུང་བསྟན་ནོ༔ དེ་ནས་གདོང་གཡོགས་དཀྲོལ་བ་ནི༔ ཧཱུྃ༔ ཀ་དག་གདོད་མའི་མགོན་པོའི་ཞལ༔ སྒྲིབ་བྱེད་མ་རིག་ཉོན་ཤེས་སྒྲིབ༔ ཡེ་ཤེས་འོད་ཀྱིས་རབ་བསལ་ཏེ༔ སྐུ་དང་ཡེ་ཤེས་མངོན་གྱུར་མཛོད༔ ཨོཾཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་བསལ༔ དེ་ནས་དཀྱིལ་འཁོར་ངོ་སྤྲོད་པ་ནི༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་སྒྲིབ་གཉིས་དྲི་མ་སངས༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་འདིར༔ ལྟོས་ལ་རྣམ་གསུམ་དད་པ་བསྐྱེད༔ དངོས་གྲུབ་ཐམས་ཅད་ངང་གིས་འཐོབ༔ དམ་ཚིག་སྔགས་ལ་རྟག་བརྩོན་མཛོད༔ སླར་ཡང་དབང་ལྷ་སྤྱན་དྲང་བ་ནི༔ རང་ཉིད་ལྷར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྤྱན་དྲངས་ལ༔ ཨོཾབཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་སྐུ་གསུང་ཐུགས་ཀྱི་བསྟོད་པ་བྱས་མཐར༔ ཧོཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ ཉེ་བའི་སྲས་མཆོག་སེམས་དཔའ་ལ༔ འགྲོ་བ་སྐྱོབ་པའི་ཆེད་དུ་དབང་༔ ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ༔ དེ་ལྟར་འདི་ལ་སྩལ་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ༔ བདེ་གཤེགས་ཞི་བ་རྣམས་ཀྱིས་དགོངས་པ་མཛད༔ དབང་ཕྱུག་ཡུམ་ཆེན་རྣམས་ཀྱིས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད༔ ཁྲོ་མོ་རྣམས་ཀྱིས་བར་ཆད་བསལ་ཏེ་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར༔ དེ་ནས་བུམ་པ་ཐོགས་ལ༔ ཨོཾ༔ རྣམ་ཤེས་ཞེ་སྡང་རྣམ་དག་དབྱིངས༔ མེ་ལོང་ཡེ་ཤེས་ངོ་བོ་ཉིད༔ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿདེ་ནས་དབུ་རྒྱན་བསྐོན་ལ༔ ཧཱུྃ༔ ཚོར་ཕུང་ང་རྒྱལ་གནས་དག་དབྱིངས༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ རིན་ཆེན་དབུ་རྒྱན་འདི་བསྐོན་པས༔ དཔལ་ལྡན་ཡོན་ཏན་དབང་ཐོབ་ཤོག༔ སརྦ་རཏྣ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་ཐོགས་ལ༔ ཧཱུྃ༔ འདུ་ཤེས་འདོད་ཆགས་རྣམ་དག་དབྱིངས༔ སོར་རྟོག་ཡེ་ཤེས་ངོ་བོ་ཉིད༔ ཆགས་པ་བྲལ་བའི་རྡོ་རྗེ་འདིས༔ དཔལ་ལྡན་གསུང་གི་དབང་ཐོབ་ཤོག༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཿདེ་ནས་དྲིལ་བུ་གཏད་ལ༔ ཧཱུྃ༔ འདུ་བྱེད་ཕྲག་དོག་རྣམ་དག་དབྱིངས༔ བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད༔ ཕྲག་དོག་གཞོམ་བྱེད་དྲིལ་བུ་འདིས༔ དཔལ་ལྡན་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྣམ་པར་སྣང་མཛད་ཀྱི་སྐུ་ཐོགས་ལ༔ ཧཱུྃགཟུགས་ཕུང་གཏི་མུག་རྣམ་དག་དབྱིངས༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད༔ རྣམ་པར་སྣང་མཛད་མིང་གི་དབང་༔ དཔལ་ལྡན་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ སྣང་སྟོང་གཉིས་མེད་རྡོ་དྲིལ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ འཆད་རྩོད་རྩོམ་སོགས་གང་འདུལ་གྱི༔ ཐུགས་རྗེ་ཐབས་ཚུལ་སྒོ་དུ་མས༔ འགྲོ་ཀུན་རྗེས་སུ་བཟུང་བར་མཛོད༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་བོའི་ཐུགས་ཆོས་ཉིད་ཀྱི་ཀློང་ལྷུན་གྲུབ་རིན་པོ་ཆེའི་མཛོད་ལས་དབང་རྫས་རྣམས་རིམ་བཞིན་དུ་བྱུང་ནས་སློབ་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྨིན་ཅིང་གྲོལ་བར་བསམ༔ དེ་ནས་གཙོ་བུམ་ཐོགས་ལ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང་༔ ནང་ན་འཇམ་དཔལ་ལྷ་ཚོགས་རྣམས༔ མ་བཙལ་ཡོངས་གྲུབ་ཆེན་པོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་རྫོགས་རབ་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སླར་ཡང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རིམ་བཞིན་དུ་ལྷ་རང་འདྲ་བ་རེ་འཕྲོས་ནས་སློབ་མ་ལ་ཐིམ་པར་བསམ་ལ༔ འཇམ་དཔལ་གཙོ་བོ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཇི་ལྟ་ཇི་སྙེད་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ འཇམ་དཔལ་ཡབ་ཡུམ་དབང་བསྐུར་རོ༔ མ་རིག་མུན་པ་དྲུང་འབྱིན་ཏེ༔ ཡེ་ཤེས་སྐུ་ཉིད་མངོན་གྱུར་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་དཀར་པོ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་མཁྱེན་རབ་དབང་པོ་ཡི༔ ཐུགས་གསང་སྟོང་གསལ་ཡེ་ཤེས་ཀྱི༔ ངོ་བོ་ཐབས་ཀྱི་སྐུར་སྣང་བ༔ འཇམ་དབྱངས་དྲི་མེད་གསལ་ཁྱབ་དང་༔ དབྱངས་ཅན་མ་ཡི་དབང་བསྐུར་རོ༔ མ་རིག་སྒྲིབ་པ་དྲུང་འབྱིན་ནས༔ ཡེ་ཤེས་སྐུ་ཉིད་མངོན་གྱུར་ཤོག༔ ཨོཾ་ཝ་ཀྱཻ་དཾ་ན་མ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་སེར་པོ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་མཁྱེན་རབ་དབང་པོ་ཡི༔ ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ༔ ཡོན་ཏན་བཟང་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་དང་བྲལ་ཞིང་༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ ཨོཾཝཱ་གཱི་ཤྭ་རི་མུཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་དམར་པོ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ བཅོམ་ལྡན་མཁྱེན་རབ་དབང་པོའི་གསུང་གི་བདག༔ འཇམ་དཔལ་སྨྲ་བའི་སེང་གེ་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མ་རིག་མུན་པ་དྲུང་ནས་འབྱིན་གྱུར་ཏེ༔ ཡེ་ཤེས་སྒྱུ་མའི་སྐུ་ཉིད་མངོན་གྱུར་ཤོག༔ ཨཱོཾ་ཧྲཱིཿདྷཱི་མ་མེ་དྷཱི་བཾ་མཉྫུ་ཤྲཱི་མཱུཾ་ཧྲཱིཿཔྲ་ཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་ནག་པོ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ བཅོམ་ལྡན་མཁྱེན་རབ་དབང་པོའི་ཕྲིན་ལས་དཔལ༔ མངོན་སྤྱོད་ལྷུན་གྲུབ་བྱ་གྲུབ་ཡེ་ཤེས་སྐུ༔ འཇམ་དཔལ་འཁོར་བ་ཡོངས་སྒྲོལ་ཡབ་ཡུམ་གྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གཡུལ་བཟློག་ཅིང་༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མངོན་འགྱུར་ཤོག༔ ཨཱོཾ་པྲ་སོད༔ ཆུ་སོད༔ དུར་ཏ་སོད༔ དུར་མེ་སོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛ༔ ཀང་ཤང་རྦད་ཕཊ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཤར་གྱི་སྒོ་བའི་སྐུ་གཏད་ལ༔ ཛཿདུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཐུགས་རྗེའི་ལྕགས་ཀྱུས་འཁོར་བ་གནས་ནས་འདྲེན༔ གཤིན་རྗེ་འགུགས་བྱེད་ཆེན་པོའི་དབང་བསྐུར་རོ༔ ཞི་བའི་ཕྲིན་ལས་ཡོངས་སུ་འགྲུབ་པར་ཤོག༔ ཛཿཡ་མཱནྟ་ཀ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ལྷོ་ཡི་སྒོ་བའི་སྐུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ བྱམས་པའི་ཞགས་པས་འཁོར་བ་དབྱིངས་སུ་འཆིང་༔ གཤིན་རྗེ་འཆིང་བྱེད་ཆེན་པོའི་དབང་བསྐུར་རོ༔ རྒྱས་པའི་ཕྲིན་ལས་ཡོངས་སུ་འགྲུབ་པར་ཤོག༔ ཧཱུྃ་ཡ་མཱནྟ་ཁ་༔ ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ནུབ་ཀྱི་སྒོ་བའི་སྐུ་གཏད་ལ༔ བཾ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ དགའ་བའི་ལྕགས་སྒྲོག་ཉོན་མོངས་སྒོ་སྡོམ་མཛད༔ གཤིན་རྗེ་རྨོངས་བྱེད་ཆེན་པོའི་དབང་བསྐུར་རོ༔ དབང་གི་ཕྲིན་ལས་ཡོངས་སུ་འགྲུབ་པར་ཤོག༔ བཾ་ཡ་མཱནྟ་ཀ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྱང་གི་སྒོ་བའི་སྐུ་གཏད་ལ༔ ཧོཿ དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ བཏང་སྙོམས་དྲིལ་བུས་འཁོར་བ་དོང་སྤྲུགས་མཛད༔ གཤིན་རྗེ་མྱོས་བྱེད་ཆེན་པོའི་དབང་བསྐུར་རོ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཡོངས་འགྲུབ་ཤོག༔ ཧོཿ ཡ་མཱནྟ་ཀ་ཧོཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གཤིན་རྗེ་ནག་པོའི་སྐུ་ཐོགས་པ༔ ཧཱུྃ༔ མི་སྲུན་རྔམ་པ་ཁམས་གསུམ་སྲོག་བདག་ཆེ༔ དྲག་ཤུལ་སྟོབས་ལྡན་འགྲོ་བའི་ཤུགས་ཀྱི་བདག༔ མཐུ་རྩལ་ཐོགས་མེད་འབྱུང་བ་གཡོ་འཁྲུགས་འགྱེད༔ ལས་གཤིན་འཆི་བདག་ནག་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ འཆི་བདག་ཡོངས་ཀྱི་སྐུ་ལ་དབང་ཐོབ་སྟེ༔ བསྟན་དགྲ་མ་ལུས་བསྒྲལ་བའི་མཐུ་ཐོབ་ཤོག༔ ཀཱ་ལ་རཱུ་པ་ཙ་མུནྟྲི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ལ༔ དང་པོ་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་དང་༔ མཁྱེན་རབ་དབང་པོའི་གསུང་གི་བཅུད༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ ཡེ་ཤེས་བདུད་རྩི་མྱོང་གྲོལ་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་གི་སྒྲིབ་པ་ཀུན་དག་ཅིང་༔ གསང་བ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་རྣམས་ཀྱི་ཤམ་དུ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གསུང་རབ་པོ་ཏི་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ལྷུན་གྲུབ་རོལ་པའི་རང་རྩལ་ལས༔ ཆོས་ཕུང་ཡོངས་རྫོགས་པོ་ཏི་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཆད་རྩོད་བརྩམ་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་ཀྱི་ཡི་གེ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཁྱེན་བརྩེའི་ནུས་པའི་བདག་ཉིད་དཔལ༔ འཇམ་དཔལ་སྒྱུ་འཕྲུལ་རིགས་ལྔ་ཡི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་རྣམས་བཅུད་དྲིལ་བའི༔ ཡང་སྙིང་སྔགས་ཀྱི་ཡི་གེ་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་སྟེ༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ཅིག༔ ཨོཾ་ཨ་ར་པ་ཙ་ན་དྷཱི་ཧྲཱིཾཿསྦྱོར་སྔགས་དྲུག་ཀྱང་བརྗོད༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་གཤིན་རྗེ་ཡ་མ་རཱ་ཛའི་སྔགས་གསུམ་གཏད་ལ༔ ཧཱུྃ༔ དྲེགས་པའི་རྒྱལ་པོ་ཆེན་པོ་ནི༔ གཤིན་རྗེ་ཡ་མ་རཱ་ཛ་ཡི༔ གསུང་གསང་འདུས་པའི་སྔགས་གསུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་ཙམ་གྱིས་འགྲུབ་གྱུར་ཏེ༔ འབོད་རྦད་བསད་དང་གསུམ་གྱི་རྟགས༔ རིང་པོར་མི་ཐོགས་མངོན་གྱུར་ཏེ༔ མངོན་སྤྱོད་ཕྲིན་ལས་འགྲུབ་གྱུར་ཅིག༔ ཀཱ་ལ་རཱུ་པ་ཙ་མུནྟྲི་ཀཱ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ སྔགས་ཀྱི་བགྲང་ཕྲེང་འདི་གཏད་པས༔ རྣམ་པར་རྟོག་པ་དབྱིངས་སུ་སྒྲོལ༔ ཡེ་ཤེས་རོལ་པ་ལུ་གུ་རྒྱུད༔ ནམ་མཁའ་མཛོད་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཤེར་དབང་བསྐུར་བ་ལ༔ རིག་མ་གཏད་ལ༔ ཧཱུྃ༔ ལྷན་སྐྱེས་ཡེ་ཤེས་རོལ་པའི་གདངས༔ བདེ་ཆེན་སྦྱོར་བའི་ཡུམ་ཆེན་མོ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཐབས་ཤེས་སྙོམས་འཇུག་རོལ་པའི་འཕྲུལ༔ དགའ་བ་བཞི་ཡི་བྱེད་ལས་ཀྱིས༔ ཟག་མེད་བདེ་སྟོང་ཡེ་ཤེས་སྐུ༔ ཀུན་ཏུ་བཟང་པོར་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དབྱངས་ཅན་རིགས་ལྔ་ཐོགས་ལ༔ ཧཱུྃ༔ ནམ་མཁའ་དག་སྦྱོར་ནམ་མཁའི་དབྱིངས༔ ཆུ་ཁམས་དག་སྦྱོར་ཆུ་ཡི་དབྱིངས༔ ས་ཁམས་དག་སྦྱོར་ས་ཡི་དབྱིངས༔ མེ་ཁམས་དག་སྦྱོར་མེ་ཡི་དབྱིངས༔ རླུང་ཁམས་དག་སྦྱོར་རླུང་གི་དབྱིངས༔ ཐམས་ཅད་སྟོང་པར་རོལ་པ་མོ༔ ཡེ་ཤེས་རིགས་ལྔའི་དབྱངས་ཅན་མ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ ཁམས་གསུམ་འཁོར་བ་སྟོང་པར་བཤིགས༔ ཡེ་ཤེས་ལྔ་ཡི་ཀློང་བརྡོལ་ནས༔ གདོད་མའི་མགོན་པོར་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དྷཱིཿཡིག་རྣམ་ལྔ་གཏད་ལ༔ ཧཱུྃ༔ བཅོམ་ལྡན་མཁྱེན་རབ་རིགས་ལྔ་ཡི༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷའི༔ ཐུགས་སྲོག་ངོ་བོ་དྷཱིཿཡི་གེས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ ཀུན་བཟང་ཡབ་ཡུམ་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཡིག་དཀར་སེར་དམར་ལྗང་ཐོགས་ལ༔ ཧཱུྃ༔ འཆི་བདག་གཞོམ་བྱེད་ཁྲོ་བོའི་རྒྱལ༔ གཤིན་རྗེ་གཤེད་པོ་བགེགས་ཀྱི་གཤེད༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ ཐབས་ཀྱི་ཡང་སྙིང་ཡི་གེ་ཧཱུྃ༔ ཁྱོད་ཀྱི་སྙིང་གར་བཞག་པ་ཡིས༔ ཡིད་སྒྲིབ་དག་ནས་ཐུགས་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རལ་གྲི་ལྔ་གཏད་ལ༔ ཧཱུྃ༔ བཅོམ་ལྡན་མཁྱེན་རབ་དབང་པོ་ཡི༔ ཤེས་རབ་ཡེ་ཤེས་རང་གཟུགས་ལས༔ གཟུང་འཛིན་གཅོད་པའི་རལ་གྲི་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱིས༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཡ་ཡིག་གཏད་ལ༔ ཧཱུྃ༔ ཡ་ཡིག་འཆི་བདག་གཤིན་རྗེའི་སྲོག༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ གཤིན་རྗེ་ཡོངས་ལ་དབང་བསྒྱུར་ནས༔ བསྟན་དགྲ་ཡོངས་སྒྲོལ་དབང་ཐོབ་ཤོག༔ ཡ་མ་རཱ་ཙ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དགྲ་སྟྭ་གཏད་ལ༔ ཧཱུྃ༔ དགྲ་སྟྭ་འཆི་བདག་གཤིན་རྗེའི་ཐུགས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ བསྟན་དགྲ་བསྒྲལ་བའི་མཐུ་ཐོབ་ཤོག༔ ཨཿཡཿམཿདུཿརུཿཙཿཤཿནཿསརྦ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སློབ་མ་འཇམ་དཔལ་དུ་གསལ་བའི་ཐུགས་ཀ་ནས་ཡ་ཡིག་ནག་པོ་མདུན་མཁར་འཕྲོས་པ་ལ་འཁོར་འདས་གཉིས་ཀྱི་གཟི་བྱིན་ནུས་མཐུ་ཐམས་ཅད་ཐིམ་པས་གནས་སུ་གྱུར་པ་ལས་གཤིན་རྗེ་ཡ་མ་རཱ་ཙ་ལ་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་བའི་གྲོགས་སུ་ལྷགས་པར་བསྒོམ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་དབྱིངས༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཀུན་ནས་ཟླུམ་པ་ཐིག་ལེ་ཆེ༔ སྲོག་གི་འཁོར་ལོ་འདི་གཏད་པས༔ སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིལ་བུ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་བཅུད་འདུས་པའི་རིལ་བུ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་ཡིས༔ འགྲོ་དོན་རླབས་ཆེན་འགྲུབ་པ་དང་༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ལ༔ དང་པོ་འཇའ་ཤེལ་གཏད་ལ༔ ཧཱུྃ༔ གདོད་མ་གཞི་ཡི་སངས་རྒྱས་ཀྱི༔ ལྷུན་གྲུབ་རོལ་པའི་རང་རྩལ་ལས༔ ཡེ་ཤེས་འཇའ་ཤེལ་འདི་གཏད་པས༔ སྒྲོན་མ་བཞི་ཡི་ངང་མངོན་གྱུར༔ སྣང་བ་བཞི་ཡི་འཕེལ་སྨིན་ཟད༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཇའ་འོད་ཀྱི་ཐིག་ལེ་གཏད་ལ༔ ཧཱུྃ༔ གདོད་མ་གཞི་ཡི་སངས་རྒྱས་ཀྱི༔ ལྷུན་གྲུབ་དག་མཉམ་ཆེན་པོའི་གདངས༔ ཡེ་ཤེས་འོད་ཐིག་འདི་གཏད་པས༔ མ་དག་འཁོར་བའི་སྣང་སེམས་ཀུན༔ དག་དབྱིངས་དྭངས་མར་མངོན་སངས་རྒྱས༔ འཇའ་ལུས་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་ལ༔ འོད་ཀྱི་ཐིག་ལེ་གཏད་ལ༔ ཧཱུྃ༔ ཀུན་ནས་ཟླུམ་པ་གཞིའི་ཐིག་ལེ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མ་རིག་འཁྲུལ་པའི་སེམས་སྣང་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཀ་དག་གདོད་མའི་དབྱིངས་སུ་ཞིག༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ༔ བརྗོད་པས་ཁམས་གསུམ་གྱི་སྣང་སེམས་ཐམས་ཅད་ཐུགས་རྗེ་སྤྲུལ་སྐུའི་དབྱིངས་སུ་ཞིག༔ ཨ༔ བརྗོད་པས་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཞིག༔ ཨ༔ བརྗོད་པས་ཀ་དག་ཆོས་སྐུའི་དབྱིངས་སུ་འབྱམས་ཀླས༔ ཕཊ༔ བརྗོད་པས་དུས་གསུམ་འཕོ་འགྱུར་མེད་པའི་རྒྱས་ཐེབས་པར་གྱུར༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ འཁོར་འདས་འུབ་ཆུབ་རོལ་པ་ཡི༔ ཐབས་ཤེས་དབྱེར་མེད་བ་ལིཾ་ཏ༔ བརྡལ་ཁྱབ་ཆོས་དབྱིངས་མཁའ་ལ་བསྙེགས༔ དྭངས་གསལ་འོད་ཀྱི་མཁའ་ཀློང་དུ༔ རྒྱལ་བའི་ཞིང་ཁམས་རྟེན་བརྟེན་པ༔ རྒྱ་མཚོར་གཟའ་སྐར་བཞིན་དུ་ཤར༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ རིགས་དང་དཀྱིལ་འཁོར་མ་ལུས་པ༔ བསྒྲུབ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཅེས་ལྷ་དང་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པའི་གཏོར་མ་སློབ་བུ་ལ་ཐིམ་པས་གཏོར་མ་དང་དཀྱིལ་འཁོར་བཀྲམ་པ་ཙམ་གྱིས་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་བསྒོམ༔ རྩ་སྔགས་དང་༔ མ་ཧཱ་བ་ལིཾ་ཏ་མཎྜ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སེང་གེའི་ཁྲི་སྟན་དང་བཅས་པ་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་དབང་ཕྱུག་གིས༔ རྡོ་རྗེ་གསུམ་དུ་སྨིན་གྲོལ་བའི༔ རྒྱལ་བའི་དབང་པོ་དམ་པ་ཁྱོད༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡི༔ རྒྱལ་པོར་མངའ་གསོལ་ཁྲི་རུ་འཁོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གདུལ་བྱ་ཕྲིན་ལས་དཔལ་ཐོབ་ནས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ དེ་ནས་གླེགས་བམ་སྤྱི་བོར་བཞག་ལ༔ ན་མོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའ༔ གུ་རུ་དགའ་རབ་རྡོ་རྗེ༔ མཁས་པ་ཤྲཱི་སེངྷ༔ པཎ་གྲུབ་འཇམ་དཔལ་བཤེས་གཉེན༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་ཆེན་བརྒྱ་དང་རྩ་བརྒྱད༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ༔ ཡི་དམ་དཔའ་བོ་མཁའ་འགྲོ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དང་༔ ཁྱད་པར་དུ་འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ཀྱིས༔ སྐལ་ལྡན་གྱི་སློབ་མ་འདི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་ཡོངས་སུ་རྫོགས་པར་བསྐུར་དུ་གསོལ༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་འཕོ་བར་མཛད་དུ་གསོལ༔ རྟོགས་པ་སྤར་དུ་གསོལ༔ མཐུ་ནུས་བསྐྱེད་དུ་གསོལ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ་འཕོ་བར་མཛོད་ཅིག༔ སྨིན་ཅིང་གྲོལ་བར་མཛོད་ཅིག༔ བཀའ་དང་བསྟན་བཅོས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་ཡོངས་སུ་རྫོགས་པ་ཐོབ་པར་མཛད་དུ་གསོལ༔ ཚེ་གཅིག་ལུས་གཅིག་འདི་ཉིད་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་སད་ནས་སངས་རྒྱས་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ སརྦ་བུདྡྷ་དྷརྨ་སངྒ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ༔ ཡོངས་ཐོབ་དོན་གཉིས་ལྷུན་གྲུབ་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ནས༔ སྤྲུལ་སྐུའི་གདུལ་བྱ་མྱུར་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་འདི་གཏད་པས༔ རྒྱལ་བའི་རྒྱལ་སར་དབང་འབྱོར་ཏེ༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏང་རག་འབུལ་བ་དང་༔ དམ་ཚིག་གཉན་པོ་བསྒྲགས་པ་ཡི༔ རྗེས་ལ་བཀྲ་ཤིས་བསྔོ་སྨོན་བྱ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་བུ་ཡི༔ དབང་འདི་ཐོབ་ནས་ཉམས་ལེན་ན༔ ཚེ་འདིར་མངོན་སངས་རྒྱས་འགྱུར་རོ༔ བཅུ་ལས་མང་ལ་བསྐུར་མི་རུང་༔ མཁའ་འགྲོ་འབུམ་གྱི་བཀའ་རྒྱ་ཡོད༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ གཟའ་དང་གནོད་སྦྱིན་གཤིན་རྗེར་གཏད༔ དམ་ཉམས་ལག་ཏུ་མ་ཤོར་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཡང་གཏེར་སྟོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་བར་དུ་བཀའ་རྒྱ་བྱས་མཐར་ཆོས་ཀྱི་བདག་པོ་ཀུན་བཟང་དཔལ་འབར་དང་དགེ་འདུན་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར་གསེར་སྟོད་བླ་མ་རོང་ནས་དག་པར་ཕབ་པའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།