དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཐུགས་ཀྱི་མེ་ལོང་༔

From Dudjom Wiki
Revision as of 16:01, 4 September 2025 by Mort (talk | contribs) (Text replacement - "ཧྲཱི༔" to "ཧྲཱིཿ")
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-011
Wylie title dag snang ye shes drwa ba las: 'jam dpal smra ba'i seng ge'i sgrub thabs thugs kyi me long: TTDL-ZABTER-15-BA-011.pdf
Location bdud 'joms gling pa zab gter
Volume 15, Text 11, Pages 49-59 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las 'jam dpal smra ba'i seng ge'i sgrub thabs thugs kyi me long. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 49-59. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub thabs   Verso: bdud 'joms 'jam dpal smra seng
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity 'jam dpal smra ba'i seng+ge
Colophon

ཞེས་པ་འདི་ཉིད་རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di nyid rigs sras dri med 'od zer gyis nan du bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba'o:_dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཐུགས་ཀྱི་མེ་ལོང་བཞུགས༔


༁ྃ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྨོངས་པའི་མུན་པ་སེལ་བའི་ཕྱིར༔ འཇམ་དཔལ་གསང་བ་འདུས་པ་ཡི༔ ཐུགས་སྒྲུབ་ཟླ་རྒྱས་གྲུབ་བྲལ་ཉིད༔ སྐལ་བཟང་སྐྱེས་བུ་མཆོག་ལ་གདམས༔ སྐྱབས་སུ་འགྲོ་བ་ནི༔ ཨཿབདེ་གཤེགས་སྙིང་པོ་སྐུ་གསུམ་དབྱིངས༔ འདི་འབྲལ་མེད་པར་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ སེམས་དང་སེམས་བྱུང་ཁམས་གསུམ་འགྲོ༔ དག་མཉམ་ངང་ཐོབ་བྱང་ཆུབ་སེམས༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ མ་རིག་གཟུང་འཛིན་རྣམ་རྟོག་བགེགས༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་སངས་རྒྱས་ལ༔ བགེགས་དང་བར་ཆད་མིང་ཡང་མེད༔ དེ་ནས་བྱིན་ཆེན་འབེབས་པ་ནི༔ ཨཿསྤྲོས་བྲལ་རྣམ་ཐར་གསུམ་ལྡན་མཁར༔ མཁྱེན་གཟིགས་ཡེ་ཤེས་དབང་བྱིན་ཕོབ༔ དེ་ནས་མཆོད་རྫས་བྱིན་བརླབས་ལ༔ ཧཱུྃ༔ གདོད་ནས་ལྷུན་གྲུབ་བདེ་ཆེན་དབྱིངས༔ མ་སྤེལ་མཆོད་སྤྲིན་ཟད་མི་ཤེས༔ མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ དེ་ནས་ལྷ་བསྐྱེད་པ་ནི༔ ཨ༔ སྐྱེ་མེད་རྣམ་དག་མཁའ་དབྱིངས་སུ༔ ཡེ་ཤེས་དྭངས་མ་འོད་ལྔའི་སྣོད༔ དྭངས་མའི་ཡང་བཅུད་དཔའ་བོ་དང་༔ དཔའ་མོའི་རྣམ་རོལ་ངོམས་པ་ཡིས༔ བདེ་ཆེན་འགྱུར་མེད་ཞིང་ཁམས་སུ༔ ཟིལ་གནོན་སེང་ཆེན་སྔོན་པོ་དང་༔ མ་ཆགས་སྐྱོན་བྲལ་པད་ཟླའི་སྟེང་༔ ཧྲཱིཿ ལས་རང་རིག་འཇམ་པའི་དབྱངས༔ དམར་གསལ་མཛེས་སྒེག་མཚན་དཔེས་སྤྲས༔ ཞི་འཛུམ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་རལ་གྲི་འབར་བ་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ སྐེ་རག་པང་ཁེབ་དར་གྱི་ཆས༔ དབུ་རྒྱན་སྙན་ཆ་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་ཕྱག་གདུབ་དང་༔ སོར་གདུབ་ཞབས་གདུབ་རིན་ཆེན་ཆས༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ དབྱངས་ཅན་ལྷ་མོ་ཡུམ་གྱིས་འཁྱུད༔ སྔོན་མོ་རབ་མཛེས་རལ་གྲི་དང་༔ གཡོན་པས་ཨུཏྤལ་སྔོན་པོ་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་རྫོགས་ཤིང་༔ བདེ་དང་སྟོང་པའི་ཡེ་ཤེས་འབར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཧྲཱིཿ དམར་དང་ནི་དྷཱི༔ ཡིག་ལས༔ སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ བཟླས་པས་འཁོར་འདས་ཐམས་ཅད་ཀྱི༔ དཔལ་ཡོན་བསྡུས་ནས་ཧྲཱིཿལ་བསྟིམ༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿ ཆོས་དབྱིངས་སྐྱེ་མེེད་གཞལ་ཡས་ནས༔ མཁྱེན་དང་གཟིགས་པའི་ཡེ་ཤེས་དཔལ༔ མངོན་གྱུར་ཆེན་པོར་དབྱིངས་ནས་བཞེངས༔ ཡེ་ནས་ཡེ་ཤེས་རང་ཞལ་སྤྲོད༔ ཛཿཧཱུྃ་བཾ་ཧོ་ས་མ་ཡ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ དབྱིངས་ནས་ཡེ་ཤེས་མཉམས་བརྡལ་བའི༔ རྣམ་མཁྱེན་ཆེན་པོར་བརྟན་བཞུགས་གསོལ༔ ས་མ་ཡ་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ཨ༔ འཁོར་འདས་དག་མཉམ་ཡེ་སངས་རྒྱས༔ ཁྱབ་བདག་གདོད་མའི་དབྱིངས་ལ་འདུད༔ ན་མོ་དྷརྨ་དྷརྟུ་ཨ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ༔ ཨཱ༔ ཧཱུྃ༔ གདོད་ནས་མ་བྱུང་མ་སྐྱེས་པའི༔ ལྷུན་གྲུབ་རོལ་པ་འཕྲུལ་མོ་ཆེ༔ མཆོད་ཡུལ་བྲལ་ཞིང་མཆོད་དུ་མེད༔ རང་བྱུང་མཆོད་པའི་མཆོག་ཆེན་པོ༔ མ་ཧཱ་པཉྩ་པུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཨཱཿགཞོམ་གཞིག་བྲལ་བ་ཆོས་ཀྱི་དབྱིངས༔ ཇི་ལྟ་མཁྱེན་ཅིང་ཇི་སྙེད་གཟིགས༔ ཡེ་ཤེས་སྤྱན་གཅིག་དྲི་མ་མེད༔ ཡེ་ཤེས་མངོན་བྱེད་ཁྱོད་ལ་འདུད༔ འཁོར་བ་ཡོངས་སྒྲོལ་ཁྱོད་ལ་འདུད༔ བྱང་ཆུབ་ཆེན་པོ་ཁྱོད་ལ་འདུད༔ སྐུ་དང་ཡེ་ཤེས་ཁྱོད་ལ་འདུད༔ དཔལ་དང་ཡོན་ཏན་ཁྱོད་ལ་འདུད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ དེ་ནས་གསོལ་བ་འདེབས་པ་ནི༔ ན་མོ༔ ཀ་དག་མཐའ་བྲལ་ཆོས་ཀྱི་སྐུ༔ མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས༔ ཀུན་ཁྱབ་ཐུགས་རྗེ་སྤྲུལ་པའི་སྐུ༔ ཡོངས་རྫོགས་དག་དབྱིངས་ཤེས་རབ་ཆེ༔ འཇམ་པའི་དབྱངས་ལ་གསོལ་བ་འདོབས༔ བདག་རྟོག་མ་རིག་མུན་ཁམས་སུ༔ བདག་རྒྱུད་འཁོར་བར་འཆིང་བའི་སྒྲིབ༔ ཤེས་རབ་ཡེ་ཤེས་མེ་བོ་ཆེས༔ བསྲེག་ཅིང་བསལ་བར་མཛད་དུ་གསོལ༔ ཨོཾ་ཧྲཱི་དྷི་མ་མི་དྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱི་པྲཛྙཱ་ཝརྡྷ་ནི་ཧྲཱི་དྷི་སྭཱ་ཧཱ༔ སྒྲུབ་པའི་འཛབ་དམིགས་ལ༔ རང་ཉིད་སྨྲ་བའི་སེང་གེ་ཡི༔ ཐུགས་ཀར་པདྨ་ཟླ་གདན་ལ༔ རལ་གྲི་སོར་བཞི་ཧྲཱིཿ ཡིག་མཚན༔ སྔགས་ཀྱི་ཕྲེང་བས་བསྐོར་བ་དང་༔ ཡུམ་གྱི་ཐུགས་ཀར་པདྨ་དང་༔ ཉི་སྟེང་ཡི་གེ་ཧྲཱིཿཡིག་ལ༔ འོད་ཟེར་གཡོན་དུ་འཁོར་བར་བསྐྱེད༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ཉི་ཟླ་ནོར་བུ་འབྱུང་བཞིའི་བཅུད༔ ལྷ་དང་དྲང་སྲོང་རིག་འཛིན་དང་༔ ཡེ་ཤེས་ཡོན་ཏན་ཚེ་བསོད་དཔལ༔ པཎྜི་ཏ་ཡི་ཤེས་རབ་ཀུན༔ བསྡུས་ཏེ་རང་གི་སྙིང་གར་བསྟིམ༔ ཨོཾ་ཧྲཱི་དྷི་སོགས༔ དེ་ནས་ལས་ལ་སྦྱོར་བ་ནི༔ ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས༔ ཤེས་རབ་ཡེ་ཤེས་མེ་དཔུང་འབར༔ མི་ཤེས་མ་རིག་རྨོངས་པའི་སྒྲིབ༔ བག་ཆགས་དང་བཅས་བསྲེགས་པར་བསྒོམ༔ ཨོཾ་ཧྲཱི་དྷི་སོགས༔ དམིགས་པ་གནད་དང་ལྡན་པས་བཟླ༔ ཉམས་ཆགས་བསྐང་ཞིང་ཚོགས་རྫོགས་ཕྱིར༔ ཚོགས་དང་བསྐང་བའི་རིམ་པ་ལ༔ དེ་ནས་ཚོགས་རྫས་བྱིན་བརླབས་ལ༔ རཾ་ཡཾ་ཁཾཿཚོགས་ཀྱི་དངོས་འཛིན་དྲི་མ་སྦྱངས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་པའི༔ འདོད་རྒུར་འཆར་བའི་ཆོ་འཕྲུལ་ཅན༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་དག་པའི་ཞིང་ཁམས་ནས༔ བརྒྱུད་གསུམ་བླ་མ་རྒྱ་མཚོ་དང་༔ བདེ་ཆེན་པདྨ་བཀོད་ཞིང་ནས༔ འཇམ་དཔལ་སྨྲ་སེང་ཡབ་ཡུམ་དང་༔ ནོར་སྟེར་ལྷ་མོ་དཔོན་གཡོག་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ རིག་འཛིན་རྩ་བརྒྱུད་བླ་མ་དང་༔ འཇམ་དཔལ་ཡབ་ཡུམ་འཁོར་བཅས་ལ༔ བདེ་སྟོང་ཟག་མེད་བདུད་རྩི་དང་༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཨོཾ་ཨཱ་ཧཱུྃ༔ བསྐང་རྫས་མི་ཟད་འདོད་རྒུའི་གཏེར༔ ཕྱི་ནང་གསང་མཆོད་བླ་ན་མེད༔ དཔག་ཡས་ནམ་མཁའི་ཁམས་གང་གྱུར༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས༔ དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ བརྡ་བརྒྱུ་བླ་མའི༴ རང་བཞིན་དག་པའི་གནས་མཆོག་ནས༔ སྙན་བརྒྱུད་བླ་མའི༴ ཤེས་རབ་ཡེ་ཤེས་དཀྱིལ་འཁོར་ནས༔ སྨྲ་བའི་སེང་གེའི༴ ཐབས་ཤེས་གཉིས་སུ་མེད་པའི་ཕྱིར༔ སྒྲ་དབྱངས་ལྷ་མོའི༴ ལོངས་སྤྱོད་ནོར་གྱི་རྒྱུན་སྩོལ་ཕྱིར༔ འདོད་སྟེར་ལྷ་མོའི༴ ཉམས་ཆག་ཉེས་ལྟུང་ཅི་མཆིས་པ༔ བཤགས་སོ་དག་པར་མཛད་དུ་གསོལ༔ རྡོ་རྗེ་གསུམ་གྱི་དབང་དངོས་གྲུབ༔ མ་ལུས་བདག་ལ་སྩོལ་བ་དང་༔ ཚེ་འདིར་རྣམ་གྲོལ་ས་རུ་སྐྱོལ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ དཔང་གྱུར་རིག་འཛིན་བླ་མ་དང་༔ འཇམ་དཔལ་ཡབ་ཡུམ་སྤྱན་སྔ་རུ༔ བདག་ནི་མ་རིག་དབང་གྱུར་པས༔ ཉེས་བྱས་ཉམས་ཆག་རྟོག་སྒྲིབ་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ག་ན་ཙཀྲ་སཏྭ་ས་མ་ཡ༔ སོགས་དང་དེ་ནས་བསྒྲལ་བ་ལ༔ ཧཱུྃ༔ མ་རིག་ཉོན་ཤེས་སྒྲིབ་པའི་གདངས༔ བདག་རྟོག་གཉིས་འཛིན་རཱུ་ཏྲ་ཀུན༔ བདག་མེད་རོལ་པའི་སྟོབས་ཀྱིས་བསད༔ འཁྲུལ་མི་ཤེས་པའི་ས་རུ་བསྒྲལ༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ལྷའི༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ ཚོགས་ཀྱི་དངོས་གྲུབ་རོལ་པ་ལ༔ གཙང་རྨེ་གཉིས་འཛིན་བྲལ་བ་ཡི༔ ཟག་མེད་བདེ་ཆེན་བཅུད་ལ་རོལ༔ ཨ་ལ་ལ་སྟེ་བདེ་བ་ཆེ༔ ཛྙཱ་ན་པཉྩ་སིདྡྷི་ ཧོཿ དེ་ནས་ལྷག་མ་བཏང་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ དཔལ་གྱི་སྤྱན་སྔར་ཁས་བླངས་པའི༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ དེ་འཁོར་ཡང་འཁོར་བྲན་འབངས་བཅས༔ འདིར་གཤེགས་ལྷག་མའི་གཏོར་མ་རོལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ བསྐུལ་ལོ་འཇམ་དཔལ་སྒྱུ་འཕྲུལ་ལྷ༔ བཞེངས་ཤིག་གཤིན་རྗེ་གཤེད་དམར་ནག༔ མ་གཡེལ་ཐུགས་དམ་དུས་ལ་བབས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་རྦོད་གཏོང་ལྷ་དང་བཅས༔ གནོད་གདུག་དྲག་ཤུལ་སེམས་ལྡན་པ༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ དུས་ལ་བབ་བོ་ས་མ་ཡ༔ བདུད་རྩི་སྐྱེམས་གཏོར་མཆོད་འབུལ་བཞེས༔ མངོན་སྤྱོད་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཆད་མདོ་བཏང་བ་ལ༔ འགུགས་གཞུག་བྱས་མཐར་ཤ་ཁྲག་གི༔ རི་དང་རྒྱ་མཚོ་དམིགས་པས་བསྒྱུར༔ ཧཱུྃ་བྷྱོ༔ ཆད་དོན་དམ་ཅན་སྲུང་མའི་ཚོགས༔ འདིར་བྱོན་དམར་གྱི་གཏོར་མ་ལོངས༔ རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་མཛོད༔ ཕྱི་ནང་བར་ཆད་དབྱིངས་སུ་བཟློག༔ དགྲ་གེགས་གནོད་བྱེད་ཆོམ་ལ་ཕོབ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཆད་དོན་གཏོར་མ་བཏང་བ་ནི༔ ཧཱུྃ་བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་མཛད་པའི༔ བསྟན་སྲུང་མ་སྲིང་བརྟན་མའི་ཚོགས༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ རབ་འབྱམས་ཕྲིན་ལས་ཡོངས་གྲུབ་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་ཨེ་དཾ་བ་ལིང་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ལ༔ ཧཱུྃ༔ བསྒྲུབ་ལ་བར་དུ་གཅོད་པ་ཡི༔ གནོད་བྱེད་དམ་སྲི་རྒབ་འདྲེ་ཀུན༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མ་ཤོར་ཐེག་པ་རིམ་དགུའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧཱུྃ༔ འཇམ་དཔལ་སྨྲ་བའི་སེང་གེ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་ཅི་མཆིས་པ༔ མ་ལུས་བདག་ལ་ཐོབ་པར་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ལ༔ འཇམ་དཔལ་ཡབ་ཡུམ་སྤྱན་སྔ་རུ༔ བདག་གི་ཚེ་རབས་སྡིག་ལྟུང་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ བྱང་ཞིང་དག་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྡུག་བསྔལ་གྱིས་བཅིང་སེམས་ཅན་རྣམས༔ ཕྱམ་ཅིག་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ འདི་བསྒྲུབ་དགེ་བའི་བསོད་ནམས་ཀྱི༔ བདག་ཅག་འཁོར་དང་བཅས་རྣམས་ཀུན༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་ཀུན༔ གོང་འཕེལ་བསྟན་རྒྱས་བཀྲ་ཤིས་ཤོག༔ རྟག་ཆད་ཀྱི་མཐའ་བསལ་བ་ནི༔ ཧཱུྃ༔ དབྱིངས་ལས་སྤྲུལ་པ་སྒྱུ་མའི་ལྷ༔ ཡེ་ཤེས་རོལ་པའི་དབྱིངས་སུ་ཨ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་བཞེངས༔ སྔགས་ཅུང་ཟད་བཟླས༔ བསྐྱེད་དང་བསྒོམ་བཟླས་གནད་ལྡན་པས༔ འདི་ལྟར་བསྒྲུབ་ལ་དབང་ཐོབ་པས༔ རྣལ་འབྱོར་དམ་ལྡན་གང་སུ་དག༔ ཤེས་རབ་ཡེ་ཤེས་རྩལ་འབར་ཏེ༔ རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ གུ་ཧྱ༔ ཞེས་པ་འདི་ཉིད་རིགས་སྲས་དྲི་མེད་འོད་ཟེར་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ༔ དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།