ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ༔ རྟ་མགྲིན་གཏུམ་དྲག་ཡང་ཁྲོས་ནག་པོ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྙིང་སྒྲུབ་པདྨའི་ཕྲེང་བ༔

From Dudjom Wiki
Revision as of 09:29, 5 September 2025 by Mort (talk | contribs)

TTDL-ZABTER-03-GA-010
Wylie title zab gsang mkha' 'gro'i snying thig las: khro rgyal khams gsum rol pa: rta mgrin gtum drag yang khros nag po: rgyal kun gsang gsum 'dus pa'i snying sgrub pad+ma'i phreng ba: TTDL-ZABTER-03-GA-010.pdf
Location bdud 'joms gling pa zab gter
Volume 3, Text 10, Pages 111-126 (Folios 1a1 to 9b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las khro rgyal khams gsum rol pa rta mgrin gtum drag yang khros nag po rgyal kun gsang gsum 'dus pa'i snying sgrub pad+ma'i phreng ba. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 111-126. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin nag po
Colophon

ཞེས་སྤྲང་པོ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་བཅུ་གསུམ་ལ་བཀའ་རྒྱས་བཏབ་ནས་མཐར་ཚེས་བཅུའི་མིང་འཛིན་བཙུན་ཆུང་ཞིག་གིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་བཤུས་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes sprang po bdud 'joms rdo rje khro lod rtsal gyis gser smad rnga la stag rtse'i g.yas logs shwa brag rdo rje nas gdan drangs te mi lo bcu gsum la bka' rgyas btab nas mthar tshes bcu'i ming 'dzin btsun chung zhig gis nan du bskul ngor shog ser las bshus pa'i yi ge pa ni hor gyi ban+de phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་ཁམས་གསུམ་རོལ་པ༔ རྟ་མགྲིན་གཏུམ་དྲག་ཡང་ཁྲོས་ནག་པོ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྙིང་སྒྲུབ་པདྨའི་ཕྲེང་བ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) བདེ་གཤེགས་ཡོངས་རྫོགས་དཔལ་ཆེན་པོ༔ དབང་ཆེན་རྡོ་རྗེ་གཏུམ་པོའི་སྐུ༔ འཁོར་འདས་སྤྱི་དཔལ་གསང་བའི་བདག༔ ཁྱེད་ཀྱི་ཞབས་ལ་བཏུད་དེ་མཆི༔ ཡེ་སངས་རྒྱས་པ་པད་འབྱུང་ངས༔ དབང་ཆེན་གསུང་གི་རིག་འཛིན་བརྙེས༔ གསང་གསུམ་རྡོ་རྗེ་ཀློང་དུ་འདྲེས༔ འགྲོ་བའི་དོན་དུ་སྒྱུ་འཕྲུལ་རོལ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ རྗེ་རིགས་འབངས་འབབ་འབངས་རིགས་རྗེ༔ ཉེས་མེད་ཆད་པའི་མལ་དུ་མནར༔ ཉེས་ཆེན་མཐོ་བའི་ཁྲི་རུ་བསྟོད༔ ཆོས་བྱེད་སྨོད་ཅིང་སྡིག་བྱེད་བསྟོད༔ ཟས་སུ་ལྕི་བའི་སྡིག་ཟས་སྤྱོད༔ ལས་ཀ་དམག་ཇག་འཕྲོག་བཅོམ་བྱེད༔ རང་ལས་བརྩེ་གྲོགས་མི་འོང་ཞིང་༔ ཉེ་འབྲེལ་གྲོགས་དང་སྤུན་གྱིས་བསླུ༔ སྔགས་པ་དགེ་བཙུན་དམ་སྡོམ་ཉམས༔ འདྲེ་རུ་རྒྱལ་བསེན་སྡེ་བརྒྱད་དང་༔ ཁྱད་པར་ཀླུ་གཉན་གདུག་པ་དར༔ ནད་རིམས་གོད་ཡམས་སྣ་ཚོགས་འཚུབས༔ དམ་ཉམས་འདྲེར་འཁྲུལ་དམ་སྲི་རྒོད༔ དམ་ཚིག་སྡོམ་པའི་ཚུལ་ཁྲིམས་བཤིགས༔ དེ་དུས་སེམས་ཅན་དམུ་རྒོད་པས༔ ཆོས་ལམ་ཞུགས་ཀྱང་བདུད་འབངས་མཆི༔ རྣམ་པར་གཡེང་བའི་ལེ་ལོ་དང་༔ ཚོགས་དྲུག་ཡུལ་དུ་ལྷ་བདུད་ཀྱིས༔ བསླུས་ཏེ་སྡིག་པའི་སྒོ་རུ་བཙུད༔ གལ་སྲིད་ཆོས་བཞིན་སྤྱོད་པའི་བུ༔ ཉིན་མོའི་སྐར་མའི་དཔེ་སྲིད་ཀྱང་༔ དེ་ལ་ནག་ཕྱོགས་བར་གཅོད་ན༔ དབང་དྲག་རྡོ་རྗེ་གཏུམ་པོ་ཉིད༔ བསྒྲུབ་པས་ལོག་འདྲེན་ཚར་གཅོད་ཅིང་༔ བདུད་ལས་རྣམ་རྒྱལ་ནད་ལས་གྲོལ༔ འཁོར་འདས་ཡོངས་ཀྱི་དཔལ་ཐོབ་སྟེ༔ སྣང་སྲིད་དབང་སྡུད་རྒྱལ་པོར་འགྱུར༔ ས་མ་ཡ༔ འདི་ཉིད་སྒྲུབ་གནས་བྱེ་བྲག་ནི༔ རབ་ལ་དུར་ཁྲོད་འབྲིང་རི་ཁྲོད༔ ཐ་མ་ནགས་ཁྲོད་དབེན་པ་བསྟེན༔ སྒྲུབ་པའི་གསང་བ་རྒྱ་ཞེས་བྱ༔ སྒྲུབ་པའི་ལྷ་དང་གནས་གྲོགས་དུས༔ རླུང་ཕྱོགས་ཙམ་ཡང་བསྒྲགས་མི་རུང་༔ བར་ཆད་བསྲུང་བའི་གནད་དུ་ཆེ༔ བསྒྲུབ་པའི་དམ་རྒྱ་བྱ་བ་ནི༔ ནང་ནས་ཕྱི་མཐོང་ཕྱི་ནས་ནང་༔ ཕྱི་ནང་རང་གཞན་གཉིས་མཐོང་ན༔ རལ་བ་གསུམ་སྟེ་སྤང་བར་བྱ༔ སྒྲུབ་པའི་དངོས་སྒྲུབ་བསྲུང་བ་ནི༔ འདུ་འཛི་རྣམ་གཡེང་ལེ་ལོ་དང་༔ ངག་གིས་འཁྱལ་ཚིག་བྲེ་མོའི་གཏམ༔ ཚོགས་གཏོར་གཞན་ལ་སྤེལ་བ་དང་༔ དམ་བཅའ་ཚད་དུ་མི་སྐྱོལ་བ༔ བསྲུང་མཚམས་རལ་འཇུག་ཕྱི་མི་བཙུད༔ འདི་དག་དངོས་གྲུབ་འཇོམས་བྱེད་ཀྱི༔ བར་ཆད་ནང་དུ་འགུགས་པས་འདྲེན༔ སྲོག་ལ་བབས་ཀྱང་སྤང་བར་བྱ༔ དགྲ་ལ་སྡང་དང་གཉེན་ལ་བརྩེ༔ མི་ཡི་ངོ་བསྲུང་ནོར་ལ་སྲེད༔ འདི་གསུམ་བསྒྲུབ་དུས་དུག་བཞིན་སྤང་༔ བཟང་པོའི་རྟགས་མཚན་མཆོག་འཛིན་ཅིང་༔ རེ་རློམས་དགའ་བྲོད་ཞེན་ཆགས་སྤང་༔ ངན་རྟགས་མཚན་མར་དོགས་པ་དང་༔ སེམས་སྡུག་ཞེ་འཁུམ་བློ་རྨོངས་སོགས༔ ཡིད་ལ་མི་བདེ་མྱང་བ་སྤང་༔ ཐེ་ཚོམ་འཁུ་འཁྲིག་ཁ་རུ་འདོན༔ འདི་རྣམས་སྤང་བ་གནད་དུ་ཆེ༔ དངོས་གྲུབ་ཨེ་ཐོབ་ཁྱོད་ལ་རག༔ ས་མ་ཡ༔ སྒྲུབ་པའི་ལག་ལེན་རིམ་པ་ནི༔ བཟའ་བཏུང་ཆ་ལག་སྔོན་དུ་བསགས༔ ཆག་གྲུམ་གས་སེལ་སྣོད་ངན་སྤངས༔ རྟེན་འབྲེལ་ཡིན་པས་སྤང་བྱའོ༔ སྒྲུབ་པའི་གནས་སུ་འོས་པའི་སར༔ དཀྱིལ་འཁོར་གྲུ་བཞི་བདེ་འཇམ་བྱ༔ གཏོར་མ་དཔེའུ་ཆུང་ལྟར་བསྟེན་ནོ༔ ཡང་ན་རས་བྲིས་དལ་དུ་བསྟེན༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་བསྟེན༔ ཡང་ན་ཕུར་པ་སྐུ་གཟུགས་བརྟེན༔ མཆོད་རྫས་སྣ་ཚོགས་འབྱོར་ཚད་བཤམ༔ ལྷ་སྲིན་ས་བདག་ཟོ་དོར་མཆོད༔ ལན་ཆགས་གདོན་ཚོགས་གླུད་ཀྱིས་བཀར༔ ས་མ་ཡ༔ སྒྲུབ་པའི་དལ་དུ་འཇུག་པའི་སྔོན༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བ་སྲས་བཅས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཧོཿ མ་གྱུར་འགྲོ་བ་སེམས་ཅན་རྣམས༔ མྱང་འདས་ཐོབ་པའི་རྒྱུར་བརྩོན་བྱ༔ རྒྱལ་བ་སྲས་བཅས་བདག་ལ་དགོངས༔ བྱང་ཆུབ་སེམས་བཟུང་བསླབ་ལ་གནས༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་པདྨ་དྲག་པོའི་སྐུ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ གནས་འདིར་མ་འདུག་ཕྱིར་དེངས་ཤིག༔ ཚིག་ལས་འདའ་ན་བརླག་འགྱུར་རོ༔ རྩ་སྔགས་དང་ནི་ཧཱུྃ་བཞིའི་སྔགས་བརྗོད་ཅིང་༔ དྲག་ཏུ་རྫས་ཀྱིས་བྲབ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ་ཧྲཱིཿ རང་རིག་ཡེ་ཤེས་རོལ་རྩལ་ལས༔ ཐབས་ཤེས་ཉི་ཟླའི་གའུའི་ཕྱི༔ ཁྱུང་སྡིག་ཁྲོ་མཚོན་མེ་རླུང་ཆུས༔ སྲུང་བའི་གུར་ཁང་ལྷུན་གྱིས་གྲུབ༔ ཨ་ཙནྡྲ་མ་སཱུཪྻ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཁཾ་ཁྲོཾ་ཡཀྵ་སརྦ་རཀྵ་རཀྵ་སྭཱ་ཧཱ༔ དེ་ནས་བྱིན་འབེབས་པ་ནི༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ རྟ་མགྲིན་གཏུམ་དྲག་ཡབ་ཡུམ་དང་༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བཅས༔ འདིར་གཤེགས་དབང་བསྐུར་བྱིན་ཕོབ་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀྲོ་དྷི་ཀ་ལི་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཨ་བེ་ཤ་ཡ་ཨ་ཨ༔ མཆོད་པའི་ཡོ་བྱད་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་གདོད་ནས་རང་སྣང་སེམས༔ མ་བཙལ་རྫོགས་ལྡན་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ དྲན་པ་ཙམ་གྱིས་ཡོངས་སུ་རྫོགས༔ ཨོཾ་ཨཱཿཧཱུྃ་སརྦ་གྷ་ཎ་ཙཀྲ་པཉྩ་པཱུ་ཛ་ཨཱཿཧཱུྃ་སྭ་ཧཱ༔ དེ་ནས་རྟེན་དང་བརྟེན་པ་བསྐྱེད་པ་ནི༔ ཨོཾ༔ འཁོར་འདས་དབྱེར་མེད་ཆོས་སྐུར་སད༔ ཨཱཿཡོངས་ཁྱབ་ཐུགས་རྗེ་ཆེན་པོའི་སྐུ༔ ཧཱུྃ༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ལས༔ འོད་ཀྱིས་གྲུ་གསུམ་ཐོད་མཁར་དམར༔ མེ་རླུང་ཁྱུང་སྡིག་མཚོན་ཆ་ཐུན༔ སྐར་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབས༔ ཁྲོ་ཆུ་བཙན་དུག་མཚོ་དང་རླངས༔ རབ་དུ་ཁོལ་ཞིང་འཕྱོ་བའི་དབུས༔ པད་ཉི་སྡེ་བརྒྱད་བསྣོལ་ཁྲིའི་དབུས༔ དུར་ཕག་ནག་མོ་མགོ་དགུའི་སྟེང་༔ ཧཱུྃ་ལས་དབང་དྲག་གཏུམ་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ གཡས་གཉིས་རལ་གྲི་ལྕགས་ཀྱུ་དང་༔ གཡོན་གཉིས་ཐོད་ཁྲག་སྦྲུལ་ཞགས་བསྣམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཁྲོ་གཉེར་སྡུད་ཅིང་སྤྱན་གསུམ་བགྲད༔ སྨ་ར་སྨིན་མར་མེ་ཞགས་འཕྱོ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ དར་ནག་བེར་ཆེན་སྐུ་ལ་གསོལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ སྤྱི་བོར་རྟ་ཞལ་ལྗང་ནག་མཚེར༔ རྔོག་མ་ལེ་བརྒན་མེ་དཔུང་འབར༔ ཁྲོས་མ་ནག་མོ་ཡུམ་གྱིས་འཁྱུད༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་སྟོབ༔ གཟིག་ཤམ་སྨད་དཀྲིས་རུས་རྒྱན་སྤྲས༔ སྤྱི་བོར་ཕག་དབུ་གྱེན་དུ་ངུར༔ ཡབ་ཡུམ་གཉིས་མེད་མཉམ་སྦྱོར་བའི༔ ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས༔ ཤར་དུ་རྡོ་རྗེ་གཏུམ་དྲག་དཀར༔ གཡས་གཡོན་རྡོ་རྗེ་ལྕགས་སྡིག་འཛིན༔ ལྷོ་རུ་རཏྣ་གཏུམ་དྲག་སེར༔ ཕྱག་གཡས་རིན་ཆེན་དབྱུག་ཏོ་དང་༔ གཡོན་པས་ཕག་ནག་མགོ་དགུ་འཛིན༔ ནུབ་ཏུ་པདྨ་དབང་ཆེན་དམར༔ གཡས་གཡོན་ལྕགས་ཀྱུ་ཁྱུང་ནག་བསྣམས༔ བྱང་དུ་ཀརྨ་དྲག་ཁྲོས་ལྗང་༔ གཡས་གཡོན་དགྲ་སྟྭ་སེང་དཀར་བསྣམས༔ ཀུན་ཀྱང་དར་གྱི་འཇོལ་བེར་གསོལ༔ སྤྱི་བོར་རྟ་མགོ་ལྗང་ཞུར་མཚེར༔ རིགས་བཞིའི་ཁྲོས་མ་ཡུམ་དང་སྦྱོར༔ ཞབས་གཉིས་འདོར་སྟབས་སྡེ་བརྒྱད་གནོན༔ མེ་དཔུང་རབ་འབར་ཀློང་དུ་བསྐྱེད༔ སྤྱི་བོར་རིགས་ལྔའི་ཁྱུང་ཆེན་ལྡིང་༔ ཤངས་ནས་ཕག་ཁྱུང་སྡིག་སེང་འཕྲོ༔ གནོད་བྱེད་མ་ལུས་ཟ་བར་བསྒོམ༔ སྒོ་བཞིར་ཡེ་ཤེས་སྒོ་མ་བཞི༔ དཀར་སེར་དམར་ལྗང་གར་སྟབས་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ འགུགས་འཆིང་སྡོམ་མྱོས་ལས་ཀྱི་མཚོན༔ གཡོན་རྣམས་དྲིལ་བུ་དཀུ་ལ་བརྟེན༔ ཕྱི་རིམ་དྲེགས་པ་སྡེ་བརྒྱད་ཚོགས༔ དཔག་མེད་ཉི་རྡུལ་འཐིབས་བཞིན་བསྒོམ༔ ཞེས་རང་ཡི་དམ་གྱི་ལྷ་དེ་དག་རྣམས་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པ་པདྨ་དབང་གི་དཀྱིལ་འཁོར་ནས་རྟ་མགྲིན་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྟ་མགྲིན་ཡང་ཁྲོས་ནག་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པ་ཅན་དུ་གྱུར་ནས་བདག་ཉིད་ལ་གཉིས་མེད་སིབ་སིབ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་ཉོན་མོངས་ཡེ་ཤེས་ཀྱི་རོལ་པར་འཕོས་ཤིང་སངས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀྲོ་དྷི་ཀ་ལི་སརྦ་ཀྲོ་དྷ་ཀྲོ་དྷི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཛ༔ ཧཱུྃ་བྃ་ཧོཿ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ཡང་ཁྲོས་གཤེགས་སུ་གསོལ༔ སྣང་སྲིད་དུར་ཁྲོད་གཞལ་ཡས་ནས༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས༔ ཡ་མཱནྟ་ཀ་གཤེགས་སུ་གསོལ༔ གཏུམ་དྲག་འཇིགས་པའི་དུར་ཁྲོད་ནས༔ རྡོ་རྗེ་གཏུམ་པོ་གཤེགས་སུ་གསོལ༔ ཟླ་གམ་དབང་གི་གཞལ་ཡས་ནས༔ པདྨ་དབང་ཆེན་གཤེགས་སུ་གསོལ༔ དཔག་བསམ་ཤིང་གི་རྩེ་མོ་ནས༔ ཡེ་ཤེས་ཁྱུང་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ཡི་འོད་ཀློང་ནས༔ ཁྲག་འཐུང་རིགས་ལྔ་གཤེགས་སུ་གསོལ༔ ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔ སྒོ་མ་ཆེན་མོ་གཤེགས་སུ་གསོལ༔ ཕྲིན་ལས་ལས་ཀྱི་ཕོ་ཉ་བྲན༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ ཧྲཱི་ཛཿདངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ འགྲོ་བ་འདྲེན་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་འདུལ་ཕྱིར་གཤེགས་སུ་གསོལ༔ ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ སྡུག་བསྔལ་གཞོམ་ཕྱིར་གཤེགས་སུ་གསོལ༔ ནད་རིམས་འཇོམས་ཕྱིར་གཤེགས་སུ་གསོལ༔ བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ ཡེ་ཤེས་དབྱིངས་ནས་བཞེངས་པའི་ལྷ༔ ལྷན་སྐྱེས་ཡོངས་གྲུབ་དཀྱིལ་འཁོར་དང་༔ གཉིས་མེད་མཉམ་སྦྱོར་ཆེན་པོར་བཞུགས༔ འཁོར་བ་མྱང་འདས་ཀློང་དུ་རོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ས་མ་ཏི་བཛྲ་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿརང་རིག་ཡེ་ཤེས་ཡོངས་རྫོགས་དཔལ༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་པའི༔ ལྷ་དང་དཀྱིལ་འཁོར་ལྷུན་གྲུབ་ཆེར༔ རྫོགས་པ་ཆེན་པོར་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་འཛིན་པ་སེམས་ཀྱི་ཆོས༔ འདོད་རྒུའི་དཔལ་ཡོན་རྫོགས་པའི་སྤྲིན༔ སྟོབ་བྱེད་ལྷ་མོས་དགྱེས་བསྐང་རྩེ༔ ཡང་ཁྲོས་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཁམས་གསུམ་ཕྱི་རུ་ཤར་བ་ཡུལ༔ སོ་སོར་དབྱེ་བ་ནང་གི་སེམས༔ དོན་ལ་དབྱེར་མེད་གསང་ཆེན་པོ༔ ཡང་ཁྲོས་དཀྱིལ་འཁོར་དགྱེས་ཕྱིར་སྟོབ༔ ཕྱི་ནང་གསང་མཆོད་ཟག་མེད་གཏེར༔ སྣང་སྟོང་སྦྱོར་བའི་བདེ་ཆེན་བཅུད༔ འཁོར་བ་ཡོངས་སྒྲོལ་སྟོབས་ཆེན་ཤུགས༔ རྟ་མགྲིན་ཁྲོས་པའི་དལ་དུ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཏ་ན་ག་ན་སརྦ་པཱུ་ཛ་ ཧོཿ མཚམས་འདིར་འབུལ་སྔགས་དང་ཁཱ་ཧི་གང་འདོད་སྦྱར་ཀྱང་རུང་། མཆན། དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ ཡེ་གཞི་ཀ་དག་ཀློང་ཆེན་པོར༔ བདེ་སྟོང་འཁྱིལ་བའི་གཞལ་ཡས་སུ༔ ཡེ་རིག་དོན་གྱི་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་དཔལ་ཆེན་པོར༔ རྡོ་རྗེ་གསུམ་གྱི་རྣམ་འཕྲུལ་གར༔ ཡ་མཱནྟ་ཀ་རྡོ་རྗེ་གཏུམ༔ པདྨ་དབང་ཆེན་ག་རུ་ཌ༔ སྤྲུལ་པའི་ཕག་སྡིག་ལས་ལ་འགྱེད༔ སྐུ་ཡི་བཀོད་པ་རྫོགས་པའི་དཔལ༔ གཡས་གཉིས་རལ་གྲི་ལྕགས་ཀྱུ་ཡིས༔ འཁོར་བ་ཡོངས་སྒྲོལ་ཁམས་གསུམ་དབང་༔ གཡོན་གཉིས་ཐོད་ཁྲག་སྦྲུལ་ཞགས་ཀྱིས༔ ཁམས་གསུམ་ཁྲག་རོལ་ལོག་རྟོག་འཇོམས༔ ཚོགས་བརྒྱད་གནས་དག་ཐེག་དགུ་རྫོགས༔ དུར་ཁྲོད་དཔལ་ཆས་གར་ཉམས་ལྡན༔ རྒྱན་དང་ཆ་ལུགས་རྫོགས་པའི་དཔལ༔ སྟོང་པའི་བདག་ཉིད་ཡུམ་ཆེན་མོ༔ རོལ་པའི་རྩལ་གྱི་སྒྱུ་འཕྲུལ་གར༔ རིགས་བཞིའི་ཁྲག་འཐུང་སྒོ་མ་བཞི༔ དྲེགས་པ་སྡེ་བརྒྱད་ལས་བྱེད་བྲན༔ ཡུམ་དང་སྤྲུལ་འཁོར་རྫོགས་པའི་དཔལ༔ ཡེ་ཤེས་མེ་དཔུང་འབར་འཁྲིགས་ཀློང་༔ མི་སྲུན་དྲེགས་པ་འདུལ་བའི་ཕྱིར༔ ཁྲོས་པའི་ཡང་ཁྲོས་ནག་པོར་སྟོན༔ རྟ་མགྲིན་མ་ཧཱ་ཀཱ་ལ་ཆེ༔ རང་རིག་ཡེ་ཤེས་འཁོར་ལོའི་ཀློང་༔ གཉིས་མེད་རིག་པས་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྣལ་འབྱོར་ཉམས་པ་བསྐང་བ་དང་༔ ཚོགས་གཉིས་རྫོགས་ཕྱིར་ཚོགས་མཆོད་ནི༔ ཤ་ཆང་འབྲུ་ཟན་ཤིང་ཐོག་རིགས༔ དཀར་གསུམ་མངར་གསུམ་ཟས་སྣ་ཚོགས༔ ལྒ་སྒོག་གོ་སྙོད་ཚྭ་སོགས་སྤོད༔ འབྱོར་ཚོགས་འདོད་ཡོན་སྣ་ཚོགས་བཤམས༔ གཙང་མའི་ཆབ་ཀྱིས་རབ་བྲན་ནས༔ ཡེ་ཤེས་བདུད་རྩིར་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ གཉིས་འཛིན་རྣམ་པར་རྟོག་པའི་གྲིབ༔ ཡེ་ཤེས་འོད་ཀྱིས་བསྲེག་གཏོར་བཀྲུས༔ འབྲུ་གསུམ་འོད་ཞུ་འདོད་ཡོན་ཚོགས༔ བདེ་སྟོང་བདུད་རྩིས་འཁོར་འདས་ཁྱབ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ལྷུན་གྲུབ་ཞིང༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་ཁྲོས་པའི་རྒྱལ་པོ་ཉིད༔ ཚོགས་ལ་སྤྱ་འདྲེན་གཤེགས་སུ་གསོལ༔ སྟོང་པའི་བདག་ཉིད་ཁྲོས་མ་ཡུམ༔ རྡོ་རྗེའི་ངོ་བོ་གསང་གསུམ་ལྷ༔ སྤྲུལ་པའི་ལས་མཁན་ཁྱུང་ཆེན་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་བདག་ཁྲོ་ཆེན་ལྔ༔ ཚད་མེད་རྣམ་བཞི་སྒོ་མ་སྐྱོང་༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་དུ༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཉམས་ཆག་བཤགས་སོ་དགྱེས་དགོངས་འཚལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་མཎྜ་ལ་གྷ་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ དེ་ནས་བར་པ་བཤགས་པ་ནི༔ ཧོཿ བླ་མ་ཡང་ཁྲོས་དབྱེར་མེད་དགོངས༔ བདག་གིས་དུས་གསུམ་སྡིག་ལྟུང་དང་༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཅས༔ ཞལ་ཟས་ཚོགས་ཀྱི་བསྐང་ཞིང་བཤགས༔ ཨོཾ་གྷ་ཎ་ཙཀྲ་ས་ཏྭ་སོགས༔ དེ་ནས་རཱུ་དྲ་བསྒྲལ་བའི་ལས༔ ཧཱུྃ༔ གསང་ཆེན་དབང་གི་དཀྱིལ་འཁོར་ནས༔ རྟ་མགྲིན་ཡང་ཁྲོས་སྐུར་བཞེངས་ཤིག༔ ཡེ་ཤེས་གར་གྱི་རྣལ་རོལ་བསྐུལ༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་སརྦ་ས་པ་རི་ཝཱ་ར་ཀཱ་ལ་རཱུ་པ་ཨ་མུ་ཀ་མཱ་ར་ཡ་རྦད་ཕཊ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དབང་དྲག་འབར་བའི་ཞལ་ཕྱེས་ཤིག༔ ཉོན་མོངས་དུག་ལྔ་དུག་གསུམ་བགེགས༔ ལོག་པར་འདྲེན་པའི་རཱུ་དྲར་བཅས༔ ལྷག་མ་མེད་པར་བཞེས་ཤིག་རོལ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཙིཏྟ་ལ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ དཔལ་ཆེན་བཀའ་ཉན་ལྷག་སྐྱོང་ཚོགས༔ ཆད་བཞིན་ལྷག་རོལ་ཕྲིན་ལས་བསྒྲུབ༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་པ་ནི༔ ཧཱུྃ་བྷྱོ༔ ཐོག་མཐའ་བར་གསུམ་རྩོད་ལྡན་ཡན༔ ཆེ་མཆོག་དབང་ཆེན་པད་འབྱུང་གི༔ ཞལ་མཇལ་གསུང་ཐོས་དབང་བསྐུར་ཞིང་༔ བྲན་དུ་བཀོལ་བའི་ལྷ་སྲིན་སྡེ༔ དེ་འཁོར་ཡང་འཁོར་ལྷ་འདྲེ་དང་༔ གློ་བུར་ལྷགས་དང་དུས་མཐའི་བགེགས༔ ཀུན་ཀྱང་སྔོན་གྱི་ཆད་དོན་ཁྲིམས༔ བསྲུང་ནས་རྡོ་རྗེའི་དམ་ལ་འདུས༔ ཞེས་རྡོ་རྗེའི་རྭ་རྩེས་ཆུ་བྲན་ཏེ༔ སྣང་སྲིད་ལྷ་འདྲེ་མ་ལུས་པའི་ལྕེ་ལ་དམ་ཚིག་གི་བདུད་རྩི་ཕོག་ནས་དམ་ཚིག་གི་སྲོག་ཐོབ་སྟེ་སྐད་ཅིག་ཙམ་ཡང་འདའ་བའི་གནས་མེད་པར་བསམ༔ ས་མ་ཡ་བཛྲ་ན་ར་ཀན་དེའོ༔ ཧཱུྃ༔ དམ་ལ་གནས་པའི་དམ་ཅན་རྣམས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ འགལ་རྐྱེན་དགྲ་བགེགས་དབྱིངས་སུ་སྒྲོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབ༔ ཡང་ཁྲོས་བསྟན་དང་བསྟན་འཛིན་སྐྱོངས༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཧཱུྃ་མ་བྷྱོ་ཛཿབོད་ཁམས་སྐྱོང་བའི་མ་སྲིང་སྡེ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ རྡོ་རྗེ་ཐོད་ཕྲེང་བཀའ་བཞིན་དུ༔ སྙིང་ཐིག་བསྟན་པ་སྤེལ་ཞིང་སྲུངས༔ རིག་འཛིན་བདག་གི་འདོད་དོན་སྒྲུབས༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་ཤིང་༔ བསྟན་དགྲ་སྒྲོལ་ཞིག་དམ་ཅན་མ༔ མ་མ་ལི་ལི་ཨ་ཕྱི་ཡོངས་ལ་ཕྱི་མ་པྲ་མོ་ཧ་ཨེ་དཾ་བ་ལིཾ་ཏ་ཁཱ་ཧི༔ བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་ནས༔ དབང་དྲག་རོལ་པའི་རྟ་བྲོ་ཆེམས༔ དྲག་པོའི་རྟ་སྐད་འུ་རུ་རུ༔ སྒྱུ་འཕྲུལ་གར་བསྒྱུར་ཤིགས་སེ་ཤིག༔ ཡེ་ཤེས་རྔམས་པའི་བརྟུལ་ཞུགས་ཀྱིས༔ དུག་གསུམ་སྐུ་གསུམ་ཧོམ་དུ་ནན༔ དུག་ལྔ་ཡེ་ཤེས་ཧོམ་དུ་བྲུབ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་༔ རྒྱུ་རྐྱེན་འབྲེལ་བའི་ལྷ་འདྲེ་རྣམས༔ ཆོས་ཕུང་བརྒྱད་ཁྲིའི་ཧོམ་དུ་བྲུབ༔ ཐེག་པ་རིམ་དགུའི་བྲོ་རྒྱས་གདབ༔ འུར་འུར་ཆེམ་ཆེམ་རྦད་ཡ་ནན༔ རྩ་སྔགས་མཐར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ ལོག་འདྲེན་ན་ཤ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ དབང་དང་དངོས་གྲུབ་ཆུ་བོའི་རྒྱུན༔ སྒོ་གསུམ་བུམ་པའི་སྣོད་དུ་བབ༔ སྐུ་གསུམ་ལྷུམས་ཞུགས་བདེ་ཆེན་མཆོག༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ དེ་ནས་ཉམས་པ་བཤགས་པ་ནི༔ ཧཱུྃ༔ བླ་མ་ཡང་ཁྲོས་དཀྱིལ་འཁོར་དུ༔ མཆོད་རྫས་སྒྲུབ་རྫས་མ་འབྱོར་དང་༔ སྒྲུབ་པ་གཡེལ་ཞིང་ལྷ་མ་གསལ༔ སྔགས་ཀྱི་བར་ཆད་དམ་བཅའ་ཉམས༔ བསྐྱེད་དང་རྫོགས་རིམ་མ་གསལ་སོགས༔ ཉམས་ཆག་བཤགས་སོ་ཚངས་པར་སྩོལ༔ ཡིག་བརྒྱ་རྟེན་སྙིང་ཅི་མང་བཟླ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ རྟེན་འབྲེལ་སྙིང་པོས་མགོ་འདྲེན་ཏེ༔ ཧཱུྃ༔ དབང་ཆེན་ཡང་ཁྲོས་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་གྲོལ་བཀྲ་ཤིས་ཤོག༔ སྐྱེ་འཆིའི་རང་དབང་ཐོབ་པ་དང་༔ ལྷ་སྐུར་མངོན་གྱུར་བཀྲ་ཤིས་ཤོག༔ གཞི་དབྱིངས་ཀ་དག་ཀློང་ཆེན་དུ༔ འཁོར་འདས་འུབ་ཆུབ་བཀྲ་ཤིས་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཨཿ ཡེ་ནས་རྫོགས་པའི་ཡོངས་གྲུབ་ལྷ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་༔ འཁོར་བ་མྱང་འདས་ཀློང་གྲོལ་ལས༔ མི་ལྡོག་བདེ་ཆེན་ངང་དུ་ལྷུག༔ ས་མ་ཡ༔ ཡང་གསང་སྒྲུབ་པའི་དཀྱིལ་འཁོར་འདིར༔ རྩེ་གཅིག་འཇུག་པའི་སྐལ་ལྡན་རྣམས༔ དབེན་པའི་རི་ལ་བཙན་ས་ཟུངས༔ རེ་དོགས་བདུད་ཀྱི་བསྐུལ་མ་ཡིན༔ མཛའ་བཤེས་བདུད་ཀྱི་ལྕགས་སྒྲོག་ཡིན༔ ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན༔ བསྙེན་བཀུར་བདུད་ཀྱི་ཕོ་ཉ་ཡིན༔ ལོངས་སྤྱོད་བདུད་ཀྱི་ཇག་པ་ཡིན༔ བདུད་ཀྱི་བསླུ་བ་ངོས་བཟུང་ལ༔ རང་དབང་རྒྱལ་པོའི་བརྟུལ་ཞུགས་ཀྱིས༔ སྒྲུབ་པའི་གནས་སུ་བཙན་ས་ཟུངས༔ བདུད་ཀྱིས་བསླུ་བ་མ་ཤེས་ན༔ འགྲོ་དོན་ཡིན་སྙམ་རང་དོན་བོར༔ བདུད་ཡུལ་མུན་པའི་ན་བུན་དུ༔ རང་གཞན་མགོ་འཁོར་ཝ་སྐྱེས་ཟུང་༔ ཁྱིམ་ཆུང་སྤང་ནས་ཆོས་ལ་སེམས༔ ཡུལ་གྲུའི་ཕ་མཐར་ཁྱིམ་ཆེན་འཛིན༔ སྤོས་ཀྱི་གླང་པོས་རིལ་གསོག་བཞིན༔ བླ་བཙུན་ཚོང་དང་དཀོར་གྱི་ལས༔ མཁས་བཙུན་བཟང་པོའི་གྲལ་དུ་བརྩི༔ ཆོས་བྱེད་རི་སུལ་འཛིན་པའི་རིང་༔ ཟོག་དང་བླུན་པོའི་ཐ་མར་བཀོལ༔ ཀྱཻ་མ་དུས་མཐར་དེ་འདྲ་མང་༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ ཚེ་འདིའི་བྱ་བ་རྒྱབ་ཏུ་བོར༔ ཕྱི་མའི་བདེ་བ་དང་དུ་ལོངས༔ འཁོར་བའི་གནས་ན་ཡུན་རིང་ཐལ༔ ད་ནི་པད་འབྱུང་རྗེས་སུ་བཞུད༔ འདི་ཉིད་ཚུལ་བཞིན་ཉམས་ལེན་པའི༔ ལས་དང་སྐལ་བར་ལྡན་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨས་བསླུས་སོ་ཕ་ཡི་བུ༔ ཨོ་རྒྱན་པདྨ་བདུད་འཇོམས་ངས༔ གངས་ཅན་ཡུལ་གྱི་ཕྱོགས་མཚམས་སུ༔ རྟ་མགྲིན་སྒྲུབ་ཐབས་མང་སྦས་ཀྱང་༔ ས་ཡི་གསེར་ལྟར་མིན་རེ་ཀན༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ འདི་ཉིད་སྒྲུབ་པའི་རིག་འཛིན་རྣམས༔ བཅུ་ཕྲག་བཅུ་གསུམ་མངོན་འཚང་རྒྱ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ མཁའ་འགྲོའི་སྙིང་ཐིག་ཡི་གེར་ཐོབས༔ དབང་ཆེན་གསང་བའི་སྲས་མཆོག་དང་༔ གཟའ་བདུད་དུག་གི་སྤུ་གྲིས་སྐྱོངས༔ སྐུར་འདེབས་མཁན་གྱི་སྙིང་ཁྲག་རོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་སྤྲང་པོ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་བཅུ་གསུམ་ལ་བཀའ་རྒྱས་བཏབ་ནས་མཐར་ཚེས་བཅུའི་མིང་འཛིན་བཙུན་ཆུང་ཞིག་གིས་ནན་དུ་བསྐུལ་ངོར་ཤོག་སེར་ལས་བཤུས་པའི་ཡི་གེ་པ་ནི་ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།