DJYD-KABUM-14-PHA-017

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-14-PHA-017
Wylie title DJYD-KABUM-14-PHA-017.pdf
Location bdud 'joms rin po che bka' 'bum
Volume 14, Text 17, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(གཏེར་སྲུང་མཆོད་ཐབས་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།། །།)ན་མོ་ཤྲཱི་བཛྲ་མཧཱ་ཀྲོ་དྷ་ཡེ། (འདིར་མོན་ཁ་སེང་གེ་རྫོང་གསུམ་གྱི་གཏེར་སྲུང་མཆོད་པར་བགྱིད་ན། སྣོད་གཙང་དུ་གཏེར་སྲུང་མཆོད་གཏོར་འབྲུ་སྨན་དཀར་མངར་ཤ་ཁྲག་དར་ཟབ་སོགས་མཐུན་རྫས་ཀྱིས་བརྒྱན་པ་དང་། སྨན་རཀ་ཇ་ཆང་སོགས་གསེར་སྐྱེམས་རྔོན་ཆད་དང་ལྡན་པར་བཤམས་ལ།)རཾ་ཡཾ་ཁཾ་(གིས་བསང་།) ཨོཾ་ཨཱཿཧཱུྃ་(གིས་བརླབ།)ཨོཾ་བཛྲ་སྥར་ན་ཁཾ་(གིས་སྤེལ་ལ།)རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་སྲོག་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་རྣོ་མྱུར་འབར་བས་གཏེར་སྲུང་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར་(པར་བསམ་ལ།)ཧཱུྃ། རྡོ་རྗེ་འཆང་ཆེན་གསང་བའི་བདག །རྡོ་རྗེ་ཆོས་དང་ལས་ཀྱི་དབང་། །པྲ་ཆེན་ཧསྟི་པདྨ་འབྱུང་། །མཁར་ཆེན་མཚོ་རྒྱལ་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་རྩལ་འཆང་པའི། །ཧེ་རུ་ཀ་དཔལ་ཐམས་ཅད་ཀྱི། །དགོངས་ཉམས་གཅིག་བསྡུས་ཟབ་གསང་གི ། སྙིང་པོ་སྲུང་བར་ཞལ་བཞེས་པའི། །མཐུ་རྩལ་རབ་འབར་གཏེར་གྱི་བདག །གཏུམ་ཆེན་དྲེགས་བྱེད་རཱ་ཧུ་ལ། །སྨུག་ནག་དབུ་དགུ་བྱ་རོག་གདོང་། །སྤྱན་བགྲད་མཆེ་གཙིགས་ལྗགས་དམར་འཁྱུགས། །ཕྱག་དྲུག་དང་པོས་མདའ་གཞུ་བཀང་། །བར་པས་ཆུ་སྲིན་རྒྱལ་མཚན་དང་། །ཉམས་པ་འཆིང་བྱེད་སྦྲུལ་ཞགས་འཕེན། །ཐ་མས་ཆུ་གྲི་ཕུར་བུ་ (1བ)གདེངས། །སྐུ་སྟོད་སྲིན་པོའི་རྣམ་པ་ལ། །སྐུ་སྨད་སྦྲུལ་མཇུག་ཁྲག་མཚོར་འཁྱིལ། །དུས་གསུམ་གཟིགས་པའི་སྤྱན་སྟོང་གཡོ། །ཞིང་གླང་སྟག་སྦྲུལ་མགོ་ཕྲེང་བརྒྱན། །མེ་རླུང་དུག་རླངས་འཚུབས་དབུས་འགྱིངས། །བདུད་པོ་ཟུ་ར་རྭ་སྐྱེས་ནི། །མི་ནག་རྟ་ནག་བདུད་ཆས་ཅན། །མདུང་དར་དགྲ་སྟྭ་ཕྱག་ན་བསྣམས། །བདུད་དམག་བྱེ་བ་ལས་ལ་འགྱེད། །བཙན་རྗེ་སྲོག་ཟན་དམར་པོ་ནི། །མི་དམར་རྟ་དམར་ཁྲག་རྨོག་དང་། །འཁོར་གསུམ་བཙན་ཆས་རབ་ཏུ་བརྗིད། །མདུང་དམར་སྙིང་ཞགས་རྔམས་སྟབས་བསྒྱུར། །བཙན་དམ་ཉི་ཁྲི་ཟུག་བརྒྱས་བསྐོར། །ཀླུ་སྨན་རིན་ཆེན་འོད་འབར་མ། །གཟུགས་བཟང་སྐུ་སྟོད་སྨན་མོ་མཛེས། །སྦྲུལ་མཇུག་བ་གླང་སྣ་རིང་ཆིབས། །རིན་ཆེན་དར་དཔྱངས་རྒྱན་ཆས་བཀླུབས། །ཐལ་སྦྱར་གཏེར་བུམ་ནོར་བུ་འཛིན། །ཀླུ་རིགས་དུང་ཕྱུར་ཕྲག་བརྒྱས་བསྐོར། །པདྨའི་བཀའ་སྡོད་དམ་ཚིག་ཅན། །སྡེ་གསུམ་གཏེར་གྱི་སྲུང་མར་བསྟོད། །སྔོན་ཚེ་བར་དང་ཐ་མའི་དུས། །སྐུ་གསུམ་རིག་འཛིན་བླ་མ་དང་། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །སྲོག་གི་སྙིང་པོ་མངོན་སུམ་དུ། །ཕུལ་ནས་ཡང་ཟབ་གཏེར་གྱི་བཅུད། །སྲུང་ཞིང་སྤེལ་བར་ཞལ་བཞེས་པའི། །ཐ་ཚིག་གཉེན་པོ་མ་བསྙེལ་བར། །རང་མཐུན་དགྱེས་རྫས་དཀོར་ཆའི་ཚོགས། །དཔག་མེད་འདོད་ཡོན་རོལ་པའི་རྒྱན། །འདི་བཞེས་(2ན) ལས་དང་དངོས་གྲུབ་སྩོལ། །འདིར་དུས་དམ་ཚིག་དག་པའི་འཁོར། །མཆེད་དང་ལྕམ་དྲལ་བཅས་པ་རྣམས། །མིག་དང་སྙིང་བཞིན་གཅེས་པར་སྲུངས། །འགལ་རྐྱེན་བར་དུ་གཅོད་པའི་རིགས། །ཞི་བར་མཛོད་ཅིག་གཏེར་གྱི་བདག །ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །མངའ་ཐང་ལོངས་སྤྱོད་ཡོན་ཏན་རྣམས། །རྒྱས་པར་མཛོད་ཅིག་གཏེར་གྱི་བདག །འཁོར་འདས་དཔལ་ཡོན་བརྟན་གཡོའི་བཅུད། །རླུང་སེམས་མོས་པ་རྣམ་པ་བཞིས། །དབང་དུ་བསྡུས་ཤིག་གཏེར་གྱི་བདག །དམ་སྲི་བདུད་དགྲ་འབྱུང་པོ་དང་། །ཕས་རྒོལ་མནན་གཏད་སྲེག་འཕང་སོགས། །བསམ་སྦྱོར་ངན་པའི་བྱད་མའི་རིགས། །བསྟན་དང་འགྲོ་ལ་འཚེ་བྱེད་པའི། །མི་དང་མི་མིན་བདུད་ཀྱི་སྡེ། །ཚར་ཆོད་ཐལ་བའི་རྡུལ་བཞིན་དུ། །བརླག་པར་མཛོད་ཅིག་གཏེར་གྱི་བདག །མདོར་ན་ཡིད་ལ་བསམ་པའི་དོན། །འབད་མེད་ལྷུན་གྱིས་གྲུབ་པ་དང་། །དབང་བཅུ་ལས་བཞི་གྲུབ་བརྒྱད་སོགས། །རབ་འབྱམས་ལས་ལ་དབང་བསྒྱུར་ཞིང་། །ཟབ་པའི་གསང་བ་བླ་མེད་འདི། །ནམ་མཁའི་ཕ་མཐར་རྒྱས་པར་མཛོད། །དམ་ལས་མ་འདའ་དམ་ཚིག་ཅན། །བཀའ་བཞིན་སྒྲུབས་ཤིག་མཐུ་རྩལ་བདག །མ་གཡེལ་བཅོལ་བའི་འཕྲིན་ལས་མཛོད། །(ཅེས་ལྟ་(2བ)འགྱད་དུ་གྱུར་པའི་ལྷའི་ང་རྒྱལ་དང་ལྡན་པས་འཕྲིན་ལས་དྲག་ཏུ་བཅོལ་ལ་མཆོད་གཏོར་གཙང་སར་ཕུལ་ལོ། །དེ་ལྟར་གཏེར་སྲུང་མཆོད་ཕྲིན་འདིའང་ཤིང་ཕོ་འབྲུག་ལོར་མོན་ཁ་སེང་གེ་རྫོང་གི་ཀེའུ་ཚང་དུ་དཔལ་ཆེན་ཕུར་བུའི་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བར་གཏེར་ཞལ་འབྱེད་པའི་སྐབས་སུ་རིག་འཛིན་ཐུགས་མཆོག་རྡོ་རྗེའི་བཀས་བསྐུལ་བཞིན་དུས་ཞབས་ཀྱི་གཏེར་སྟོན་བདེ་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་རང་ཉིད་ཀྱིས་སྦྱར་བའོ།། །།)