DJYD-KABUM-18-TSHA-031

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-18-TSHA-031
Wylie title DJYD-KABUM-18-TSHA-031.pdf
Location bdud 'joms rin po che bka' 'bum
Volume 18, Text 31, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(དཀར་གསུར། དམར་གསུར། དམར་མཆོད་དོད་དུ་ཤ་ཁྲག་བསྔོ་བ་མདོར་བསྡུས་བཅས་བཞུགས་སོ། །གསུར་མཆོད་མདོར་བསྡུས་ནི།)ཨོཾ་ཨཱཿཧཱུྃ། གསུར་མཆོད་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འདི། །དཀོན་མཆོག་རྩ་གསུམ་སྲི་ཞུའི་མགྲོན་ལ་འབུལ། །ཚོགས་རྫོགས་སྒྲིབ་སྦྱང་ཐུགས་རྗེས་བསྐྱབ་ཏུ་གསོལ། །དམ་ཅན་ཆོས་སྐྱོང་ཡོན་ཏན་མགྲོན་ལ་འབུལ། །མཉེས་ཤིང་ཚིམས་ནས་ཕྱི་ནང་བར་ཆད་སོལ། །རིགས་དྲུག་སེམས་ཅན་སྙིང་རྗེའི་མགྲོན་ལ་བསྔོ། །སྡུག་བསྔལ་ཀུན་བྲལ་ཟག་མེད་བདེ་ཐོབ་ཤོག །གདོན་བགེགས་ལྷ་འདྲེ་ལན་ཆགས་མགྲོན་ལ་བསྔོ། །གནོད་འཚེའི་སེམས་ཞི་ཕན་བདེས་འཚོ་བར་ཤོག །འཁོར་འདས་མགྲོན་རིགས་དམིགས་མེད་ཟང་ཐལ་ངང་། །འཁོར་གསུམ་ཡོངས་དག་ཆོས་དབྱིངས་ཀློང་གྲོལ་ཤོག ། (ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)

༈(དམར་གསུར་མདོར་བསྡུས་ནི།)ཨོཾ་ཨཱཿཧཱུྃ། ཐོག་མེད་ངར་འཛིན་བག་ཆགས་ཀྱིས། །དུག་ལྔ་འཁྲུགས་པའི་རང་གཟུགས་ནི། །རྒྱལ་འགོང་དམ་སྲི་མོ་འདྲེ་སོགས། །སྡོམ་ཤོར་དམ་ཉམས་གནོད་སེམས་ཅན། །རྟག་ཏུ་གཞན་ལ་འཚེ་བྱེད་ཅིང་། །རྣམ་དཀར་བསྒྲུབ་ལ་(1བ)བར་དུ་གཅོད། །བློ་བསྒྱུར་འཁོན་འཐབ་ཕུང་སྣ་འདྲེན། །ཟས་ནོར་ལོངས་སྤྱོད་དཔལ་ལ་བརྐུ། །ཕྱི་བཞིན་འབྲང་བའི་སྒབ་འདྲེའི་རིགས། །ལན་ཆགས་མགྲོན་གྱུར་ཐམས་ཅད་ལ། ཤ་ཁྲག་ལ་སོགས་མཁོ་རྒུའི་རྫས། །འདོད་རྒུར་འཆར་བའི་དྲི་གསུར་སྤྲིན། །ནམ་མཁའ་མཛོད་དུ་སྤྲོས་བྱས་ཏེ། །ཕམ་རྒྱལ་འཐབ་རྩོད་མེད་པར་བསྔོ། །དགའ་མགུ་ཡི་རངས་ཚིམས་གྱུར་ནས། །བུ་ལོན་ལན་ཆགས་ཤ་འཁོན་བྱང་། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ཏེ། །ཐར་པའི་བདེ་བ་ཐོབ་གྱུར་ཅིག །བདེན་གཉིས་བསླུ་བ་མེད་པའི་མཐུས། །སྨོན་ལམ་ཡོངས་སུ་འགྲུབ་པར་ཤོག །(ཅེས་དང་ཆོས་སྦྱིན་བསྔོ་བ་སོགས་བྱའོ། །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)

༈(མཐའ་འཁོབ་ཀྱི་གྲོང་ཁྱེར་ཁ་ཅིག་ཏུ་དམར་མཆོད་བྱེད་པའི་སྲོལ་ཡོད་པ་དེའི་དོད་དུ་སེམས་ཅན་གང་གཏོང་དེའི་གཟུགས་ཟན་ལས་བཅོས་པའི་ཁོག་པར་ཤ་ཁྲག་ཚིལ་བུ་སོགས་བཅུག་པ་མདུན་དུ་བཀོད། ཉེ་ལོགས་སུ་ཁྲག་ཚབ་བྲག་ཞུན་ཇ་རྒོད་དུ་སྦང་བའང་འདུ་བྱ། ནམ་མཁའ་མཛོད་དུ་སྤེལ་ལ་འདི་སྐད་དོ། །)ཀྱཻ། སྲིད་པ་འདི་ན་ཅི་ཡང་སྲིད། །ལྷ་ཡང་སྲིད་ལ་འདྲེ་ཡང་སྲིད། །ལྷ་འདྲེ་གཉན་པོ་ཁྱེད་རྣམས་ཀྱང་། །འཁྲུལ་པའི་བག་ཆགས་སྟོབས་བཙན་པས། །ཤ་ལ་རྔམས་(2ན)ཤིང་ཁྲག་ལ་གདུང་། །འགྲོ་བའི་སྲོག་ལ་རྒོལ་བར་བྱེད། །ལས་དེའི་འབྲས་བུ་རང་ལ་སྨིན། །ངན་སོང་གནས་ནས་ཐར་དུས་མེད། །དེ་བས་ལྷ་འདྲེ་ཁྱེད་རྣམས་ལ། །ཤ་ཡི་རིན་དང་ཁྲག་གི་ཚབ། །ཟད་པ་མེད་པའི་ལོངས་སྤྱོད་གཏེར། །དངོས་ལས་ལྷག་པའི་ཡོན་ཏན་ཅན། །འདོད་རྒུར་འཆར་བའི་བརྔན་ཆ་བསྔོ། །ངོམས་ཤིང་ཚིམས་པར་གྱུར་ནས་ཀྱང་། །སྦྱིན་བདག་མི་ཕྱུགས་འཁོར་བཅས་ལ། །གནོད་དང་འཚེ་བའི་བསམ་སྦྱོར་སྤོང་། །ཞི་བ་བྱང་ཆུབ་སེམས་མཆོག་བསྐྱེད། །རྟག་ཏུ་ཕན་པའི་སྡོང་གྲོགས་མཛོད། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བཀྲ་ཤིས་བདེ་ལེགས་དཔལ་ཐོབ་ཤོག །(ཅེས་བརྗོད་ལ་གཟུགས་བརྙན་ཁ་གཤག་སྟེ་ནང་གི་ཤ་ཚིལ་རྣམས་ཀྱིས་དམར་གསུར་གཏོང་ཞིང་ཇ་རྒོད་འཐོར། གཟུངས་སྔགས་ཁྱད་པར་ཅན་མང་དུ་བཟླས་མཐར་ཤིས་པ་བརྗོད་པས་དོན་འགྲུབ་བོ། །ཞེས་པའང་རྒྱ་གར་སློབ་དཔོན་བསྟན་འཛིན་ཆོས་འཕེལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)