དག་སྣང་ལས༔ གསང་བ་ཐབས་ཀྱི་གནད་ཐིག༔

From Dudjom Wiki
Revision as of 13:07, 30 October 2025 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-069
Wylie title dag snang las: gsang ba thabs kyi gnad thig: DUDJOM-THROMA-069.pdf
Location khros ma'i sgrub skor
Volume 1, Text 69, Pages 729-731 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang las gsang ba thabs kyi gnad thig. In Khros ma'i sgrub skor: 729-731. Kalimpong: Mani Dorji, 1979.
Side notes Recto: gnad thig   Verso: khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Guru Yoga Texts - bla ma'i rnal 'byor
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity khros ma nag mo
Colophon

ཞེས་པ་འདི་ཡང་རང་སློབ་དམ་པ་མི་བསྐྱོད་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།

zhes pa 'di yang rang slob dam pa mi bskyod rdo rjes bskul ngor khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba'o//

[edit]
༁ྃ༔ དག་སྣང་ལས༔ གསང་བ་ཐབས་ཀྱི་གནད་ཐིག་བཞུགས་སོ༔ རང་གི་སྤྱི་བོར་པད་ཟླའི་སྟེང་༔ རྡོ་རྗེ་བླ་མ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་མཚན་དཔེས་སྤྲས༔ བཅུ་དྲུག་གཞོན་ནུ་ཞི་མ་ཁྲོ༔ པད་ཞྭ་བེར་ཕྱམ་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་བྷནྡྷ༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ འོད་དང་འཇའ་ཚོན་ཀློང་དུ་གསལ༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ དྭངས་གསལ་སྐུ་ཡི་ཆ་རྣམས་ལ༔ བརྒྱུད་གསུམ་རིག་འཛིན་བླ་མ་རྫོགས༔ ཧཱུྃ་ཧྲཱིཿ སྐྱབས་གནས་ཀུན་འདུས་ངོ་བོ་ཨོ་རྒྱན་རྗེ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིན་པོ་ཆེ༔ ལྔ་བརྒྱ་སྙིགས་མའི་འགྲོ་ལ་ཐུགས་རྗེས་གཟིགས༔ ལས་དང་ཉོན་མོངས་དྲག་པོས་གདུང་བ་ཡི༔ བདག་སོགས་ཁྱེད་ཀྱི་རྗེས་འཇུག་བརྒྱུད་འཛིན་རྣམས༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ ཀྱེ་མ་ཀྱེ་ཧུད་སྐྱབས་མགོན་ཐུགས་རྗེ་ཅན༔ ཚེ་ལུས་འདི་ལ་རྗེས་སུ་མ་བཟུང་ན༔ སྐྱེ་གནས་གཞན་དུ་འཕོས་ཚེ་ཅི་ཞིག་བྱ༔ བདག་སོགས་བརྒྱུད་འཛིན་ཐུགས་རྗེས་དོར་བ་ན༔ རྫོགས་སངས་རྒྱས་པའི་དགོས་པ་ཅི་ཞིག་མཆིས༔ བདག་ཉིད་དད་གུས་མོས་པའི་གདུང་ཤུགས་ཀྱིས༔ གསོལ་འདེབས་འོ་དོད་འབོད་དོ་པདྨ་འབྱུང་༔ སྒོ་གསུམ་མི་ཕྱེད་དད་པས་ཁྱེད་ལ་འདུད༔ ཐུགས་རྗེས་ཟུངས་ཤིག་ཨོ་རྒྱན་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བླ་མ་སྤྲུལ་པའི་སྐུ༔ ལུས་ལ་བདེ་བ་སྤོར་ཅིག་མཁའ་འགྲོའི་ཚོགས༔ ངག་ལ་ནུས་པ་སྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་རྟོགས་པ་སྤོར་ཅིག་གུ་རུ་རྗེ༔ སྒྲུབ་པའི་རྣལ་འབྱོར་བདག་ལ་བྱིན་ཆེན་ཕོབ༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཡེ་ཤེས་སྒྱུ་མའི་སྐུ་རུ་བྱིན་གྱིས་རློབས༔ འཇའ་ལུས་འཕོ་བ་ཆེན་པོའི་ས་རུ་དྲོངས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛཿཀཱ་ཡ་ཛྙཱ་ན་མ་ཧཱ་ས་མ་ཏི་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་དག་རྣམས་ཀྱི་དབང་བྱིན་རླབས༔ འཇའ་ཡི་སྤྲིན་ཕུང་འཐིབ་བཞིན་བྱུང་༔ རང་ལུས་ཕུང་ཁམས་སྐྱེ་མཆེད་དང་༔ སྣོད་བཅུད་སྣང་བ་ཐམས་ཅད་ཀུན༔ ཆོས་ཉིད་སྟོང་པའི་མཁའ་རུ་ཞིག༔ ༈ སྟོང་ཉིད་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ སྣང་བ་ཐམས་ཅད་མཁའ་སྤྱོད་ཞིང་༔ སྲིད་པ་དག་མཉམ་འོད་དུ་སྣང་༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཉི་ཟླའི་གདན་སྟེང་འཇའ་འོད་ཀློང་༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མ༔ ཁྲོས་མ་མཐིང་ནག་གྲི་ཐོད་ཅན༔ གཞོན་ཚུལ་མཚན་དཔེ་ལང་ཚོ་འབར༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ སྐུ་དང་ཡེ་ཤེས་མངོན་དུ་བྱེད༔ ཞི་མ་ཁྲོ་འཛུམ་འོད་ཕུང་འབར༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ ཁ་ཊྭཱྃ་དཀུར་བརྟེན་གར་སྟབས་བཞུགས༔ གཅེར་བུ་རུས་པའི་རྒྱན་གྱིས་སྤྲས༔ དབུ་སྐྲ་ལྗང་སྔོན་ལན་ཚར་ཅན༔ སྐུ་ཀློང་དྭངས་གསལ་ཆེན་པོའི་དབྱིངས༔ དུས་གསུམ་སངས་རྒྱས་ཡོངས་སུ་རྫོགས༔ སྐུ་ཡི་འོད་དང་འོད་ཟེར་གྱིས༔ ཁམས་གསུམ་འཁོར་བའི་སྣོད་བཅུད་ཀུན༔ སྐུ་དང་ཡེ་ཤེས་རོལ་པ་ཆེར༔ ཡེ་བབ་མངོན་བྱས་རྫོགས་སངས་རྒྱས༔ ཞེས་བརྗོད་པའི་ཚེ་བདག་དང་སྣང་བ་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རོལ་པར་ཞིག་ནས་སྐུ་དང་ཡེ་ཤེས་ཆེན་པོར་འབྱམས་ཀླས་པར་བཞག་སྟེ་དབྱིངས་རིག་མི་འགྱུར་བའི་ངང་དུ་ཆམ་བརྡལ་ཡན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་དམ་པ་མི་བསྐྱོད་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།། །།