ཆོས་སྤྱོད་ཀྱི་རིམ་པ་རྣམ་པར་གྲོལ་བའི་ལམ་གྱི་ཤིང་རྟ།

From Dudjom Wiki
Revision as of 16:41, 23 December 2025 by Mort (talk | contribs) (Text replacement - "༈" to " ༈ ")
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-18-TSHA-001
Wylie title chos spyod kyi rim pa rnam par grol ba'i lam gyi shing rta DJYD-KABUM-18-TSHA-001.pdf
Location bdud 'joms rin po che bka' 'bum
Volume 18, Text 1, Pages 1-407 (Folios 1a1 to 204a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Chos spyod kyi rim pa rnam par grol ba'i lam gyi shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 1-407. Kalimpong: Dupjung Lama, 1979-1985.
Side notes Recto: chos spyod   Verso: thun mong ngag 'don
More details More details
Genre Collections of Ritual Prayers - chos spyod  ·  Liturgy - ngag 'don
Colophon

།དེ་ལྟར་ཐུན་མོང་གི་ངག་འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམ་གྲོལ་ལམ་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། འོག་མིན་ས་ལ་སྤྱོད་པའི་ཞིང་ཁམས་སྦས་ཡུལ་ཆེན་པོ་པདྨ་བཀོད་དུ་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་ཞེས་མདོ་སྔགས་བཤད་སྒྲུབ་ཀྱི་ཆུ་འགོ་གསར་དུ་བསྐྲུན་པར་བགྱིས་པའི་ཚེ། འདུས་པའི་དགེ་འདུན་རིག་པ་འཛིན་པ་རྣམས་ཀྱི་དུས་དང་རྒྱུན་གྱི་ངག་འདོན་ཉམས་བཞེས་སུ་བྱ་བའི་སླད་དང་། གཞན་ཡང་ཆོས་ཀྱི་རྗེས་སུ་འབྲང་བའི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། །སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ལམ་གྱི་རིམ་པ་རྣམས་གཞིར་བཞག །སྐབས་སུ་བབས་ཤིང་ཉེ་བར་མཁོ་བའི་ཡན་ལག་ཇི་ལྟར་རིགས་པས་ཀྱང་ལེགས་པར་གསལ་བར་བྱས་ཏེ། །ཤཱཀྱའི་དགེ་བསྙེན་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་རང་ལོ་སུམ་ཅུ་རྩ་གཅིག་ཏུ་སོན་པ་རྐང་འཐུང་ཁམས་ལྡན་ནོར་སྐྱོང་གི་ལོ་ནག་པ་ཉ་བའི་ཡར་ངོའི་དུས་ཚེས་ཤིན་ཏུ་དགེ་བ་ལ། །སྦས་ཡུལ་པདྨ་རྣམ་པར་བཀོད་པའི་ཞིང་ཁམས་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་ལས། ཕྱིས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་རིན་ཆེན་བཞི་པའི་ཁམས་འཛིན་འཁོར་ལོའི་སྣ་ཅན་གྱི་ལོར་སླར་ཡང་ཁ་སྐོང་དུ་འོས་པ་འགའ་ཞིག་གསར་དུ་བསྣན་ནས་ཁྱེར་བདེ་དོན་ཚང་གི་ཚུལ་དུ་བསྡེབས་པ་སྟེ། འདིས་ཀྱང་ངེས་གསང་སྙིང་པོའི་རིང་ལུགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་ཞིང་རྒྱས་པ་དང་། འགྲོ་བ་ཐམས་ཅད་ཟུང་འཇུག་རྡོ་རྗེ་ཅན་གྱི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

de ltar thun mong gi ngag 'don chos spyod kyi rim pa rnam grol lam gyi shing rta zhes bya ba 'di ni/___'og min sa la spyod pa'i zhing khams sbas yul chen po pad+ma bkod du e waM bde chen chos 'khor gling zhes mdo sngags bshad sgrub kyi chu 'go gsar du bskrun par bgyis pa'i tshe/___'dus pa'i dge 'dun rig pa 'dzin pa rnams kyi dus dang rgyun gyi ngag 'don nyams bzhes su bya ba'i slad dang /___gzhan yang chos kyi rjes su 'brang ba'i skye bo mang po la phan pa'i phyir/___/snga 'gyur rdo rje theg pa'i chos spyod lam gyi rim pa rnams gzhir bzhag___/skabs su babs shing nye bar mkho ba'i yan lag ji ltar rigs pas kyang legs par gsal bar byas te/___/shAkya'i dge bsnyen sngags kyi rnal 'byor spyod pa 'jigs bral ye shes rdo rje dge legs rnam par rgyal ba'i sdes rang lo sum cu rtsa gcig tu son pa rkang 'thung khams ldan nor skyong gi lo nag pa nya ba'i yar ngo'i dus tshes shin tu dge ba la/___/sbas yul pad+ma rnam par bkod pa'i zhing khams mkhan ljongs phun tshogs dga' tshal gyi bsti gnas su grub par bgyis pa las/___phyis rang lo drug cu rtsa brgyad du son pa rin chen bzhi pa'i khams 'dzin 'khor lo'i sna can gyi lor slar yang kha skong du 'os pa 'ga' zhig gsar du bsnan nas khyer bde don tshang gi tshul du bsdebs pa ste/___'dis kyang nges gsang snying po'i ring lugs dbyar gyi chu gter bzhin 'phel zhing rgyas pa dang /___'gro ba thams cad zung 'jug rdo rje can gyi go 'phang mchog la myur du reg pa'i rgyur gyur cig/___//sarba dA ka l+yA NaM b+ha ba tu//

[edit]
༄༅། །དྷ རྨ ཤྩ ར ཏེ ཀྲ མཱོ བི མུ ཀྟི པྲ ཏེ ར ཐ ཀོ ནཱ མ བི ཛ ཧཱ རཾ། །།

༄༅། །ཆོས་སྤྱོད་ཀྱི་རིམ་པ་རྣམ་པར་གྲོལ་བའི་ལམ་གྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅༅། །ཨོཾ་སྭསྟི། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཕུང་པོ་ནི། །འཆི་མེད་རིག་འཛིན་གར་གྱིས་རྣམ་རོལ་པ། །རིགས་བརྒྱའི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་། །དྲིན་ཅན་བླ་མའི་ངོ་བོར་གཙུག་ན་མཆོད། །གང་མཚན་བསོད་ནམས་བྱེ་བའི་གཟི་འོད་ཀྱིས། །ཉམ་ང་སྲིད་པའི་མུན་པ་རབ་བཅོམ་ནས། །བླ་མེད་ཕན་དང་བདེ་བའི་དཔལ་སྟེར་བ། །རིན་ཆེན་གསུམ་གྱི་སྣང་བས་འགྲོ་འདི་སྐྱོངས། །དལ་རྟེན་གྲུ་གཟིངས་ལེགས་པར་རྙེད་འདི་ [2a] ལས། །ཉེས་བརྒྱའི་རྦ་ཀློང་གཡོ་བའི་འཁོར་བའི་མཚོ། །བརྒལ་ཏེ་ཞི་བ་རིན་ཆེན་གླིང་མཆོག་ཏུ། །བགྲོད་པར་བརྩོན་ལ་མི་སྤྲོ་བློ་ལྡན་སུ། །གང་ཕྱིར་དང་པོའི་ལས་ཅན་སྐལ་བཟང་རྣམས། །ཐོག་མ་ཉིད་ནས་དམ་པའི་རྗེས་ཕྱོགས་ཏེ། །བར་མེད་ཆོས་བཞིན་སྤྱོད་པས་དུས་འདའ་བས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་བསྒྲུབ་པར་རིགས། །དེ་སླད་རྣམས་གྲོལ་ལམ་བཟང་མཚོན་བཟོད་པའི། །ཟབ་མོའི་ཆོས་སྤྱོད་མ་སྨད་ཆོ་གའི་ཁྲིགས། །ངོ་མཚར་ཤིང་རྟའི་ཁ་ལོ་འདིར་ཞུགས་ལ། །ངེས་ [2b] ལགས་ཐར་པའི་ས་རུ་ངལ་གསོས་ཤིག །གང་དག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་མངོན་པར་དོན་དུ་གཉེར་བ་རྣམས་ཀྱིས་ནི་ལས་བྱ་སླ་ལ་དོན་ཆེན་པོ་དང་ལྡན་པའི་ཆོས་སྤྱོད་བཅུ་སོགས་དགེ་བའི་རྩ་བ་ཆད་པ་མེད་པར་ཉིན་མཚན་ཀུན་ཏུ་ཅི་ནུས་ཀྱིས་བརྩོན་པའི་སྒོ་ནས་ཚོགས་གཉིས་ཀྱི་ས་བོན་བསྐྱེད་བསྲིང་བར་བྱ་བ་ཡིན་ཅིང་། འདིར་དེ་རྣམས་ཀྱི་སྐབས་གང་དང་གང་དུ་བབས་པ་ན་ཉམས་སུ་བླང་བྱར་གྱུར་པའི་ཆོས་སྤྱོད་ངག་འདོན་གྱི་རིམ་པ་གྲགས་ཆེ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ལ། ཐོག་མར་བློ་ཆོས་ལ་བསྐུལ་བའི་ཆེད་དུ་འདི་སྐད་ཅེས་བྱ་སྟེ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ན་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་ [3a] འབར། །འདི་ནི་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ་དོན་ལེགས་པར་བསམ་མོ། །དེ་ནས་ཆོས་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སེམས་ཚད་མེད་བཞི་བསྒོམ་པའི་རིམ་པ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ནམ་མཁའི་གནས་སུ་ནམ་ [3b] མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དང་། ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ་བརྗོད། ས་གཞི་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་ [4a] མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། མཆོད་པ་བྱིན་གྱིས་བརླབ་པ་ནི། ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ནས་རྒྱལ་བ་འཁོར་བཅས་བསོད་ནམས་ཀྱི་ཞིང་དུ་སྤྱན་འདྲེན་པ་ནི། འདུན་པ་རྩེ་གཅིག་པས། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་ [4b] གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། ། [5a] བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །དེ་ནས་ཁྲུས་གསོལ་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་ཁྲུས་བགྱིའོ། །ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་སྒྲིབ་པ་མི་མངའ་ཡང་། །སེམས་ཅན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་བགྱིའོ། །སྐུ་ཕྱི་བ་ནི། ། དེ་དག་སྐུ་ལ་ [5b] མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །གསོལ་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡས། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པ་ཤོག །བཞུགས་སུ་གསོལ་བ་ནི། ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། དེ་ནས་ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ [6a] ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག༴ །ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །རྡོ་རྗེ་སེམས་དཔའ་རིགས་ལྔ་གངས་ཆེན་མཚོ། །ཕྱོགས་བཅུའི་ཞིང་བཞུགས་དུས་གསུམ་གཤེགས་པ་ཡི། །རྒྱལ་བ་དགོངས་བརྒྱུད་རྣམས་ལ༴ །སྣང་བ་དམ་པའི་འོད་མི་འཁྲུགས་པ་དང་། །དཔའ་བོ་འཇིགས་སྐྱོབ་གཞོན་ནུ་རོལ་པ་ཆེ། །རྡོ་རྗེ་འཆང་དང་དཔའ་བོ་སྟོབས་ལྡན་པ། །ལྷ་ཡི་ཡུལ་བྱོན་དྲུག་ལ༴ །དྲང་སྲོང་ཁྲོས་རྒྱལ་གསེར་འོད་དམ་པ་དང་། །བརྩེ་བའི་རྣམ་རོལ་འོད་སྲུང་བསྒྲེས་པོའི་ཞབས། །མངོན་རྫོགས་རྒྱལ་པོ་ཤཱཀྱ་སེང་གེ་སྟེ། །མི་ [6b] ཡི་ཡུལ་བྱོན་དྲུག་ལ༴ །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ༴ །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང་། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང་། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ༴ །སངས་རྒྱས་རྣམ་གཟིགས་གཙུགས་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ༴ །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱོད་པ་སྤྱད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་ལ༴ །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ༴ །མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ [7a] ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ༴ །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ༴ །ཀུན་བཟང་རིགས་ལྔ་སེམས་དཔའ་ཡབ་ཡུམ་དང་། །ཐུབ་དྲུག་སྒོ་བ་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སོགས། །དམ་པ་རིགས་བརྒྱའི་ཚོགས་ལ༴ །ཡང་དག་འཇམ་དཔལ་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་བླ་མེད་ཧེ་རུ་ཀ ། ཆེ་མཆོག་རིག་འཛིན་དྲེགས་འདུལ་དྲག་སྔགས་སོགས། །བཀའ་བརྒྱད་ལྷ་ཚོགས་རྣམས་ལ༴ །འདུས་པ་བདེ་དགྱེས་སྒྱུ་འཕྲུལ་དྲྭ་བ་དང་། །གདན་བཞི་མཱ་ཡ་ཐོད་པ་གཤིན་རྗེའི་གཤེད། །དུས་ཀྱི་འཁོར་ལོ་ལ་སོགས་སྔགས་རྒྱུད་ཀྱི། །ཡེ་ཤེས་ལྷ་ཚོགས་ཀུན་ལ༴ །གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་དང་། །ཕྱག་རྒྱའི་རིགས་འབྱུང་ལ་སོགས་སྔགས་ཀྱི་ལྷ། །ཞི་ཁྲོའི་ལྷ་ཚོགས་རྒྱུད་སྡེ་བཞི་པོ་ལས། །གང་གསུངས་རྣམས་ལ་གུས་པས༴ །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། ། [7b] སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ༴ །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ༴ །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ༴ །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ༴ །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །དགྲ་བཅོམ་གནས་བརྟན་རྣམས་ལ༴ །ཤ་རིའི་བུ་དང་མཽངྒལ་གྱི་བུ། །ཀུན་དགའ་སྒྲ་གཅན་འཛིན་དང་མ་འགགས་པ། །གང་པོ་རབ་འབྱོར་འོད་སྲུང་ཉེ་འཁོར་སོགས། །ཉན་ཐོས་གྲངས་ལས་འདས་ལ༴ །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་ [8a] དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ༴ །བཀྲ་ཤིས་འབྱུང་དང་བྱང་ཆུབ་ཆེན་པོ་དང་། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །དབྱེན་བཟླུམས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། །མྱང་འདས་མཆོད་རྟེན་རྣམས་ལ༴ །དགའ་རབ་འཇམ་དཔལ་ཤྲཱི་སེང་ཡེ་ཤེས་མོ། །མཁས་པ་ཉེར་གཅིག་རིགས་ཅན་དྲྭ་མ་ལྔ། རྒྱལ་པོ་ཛཿདང་བདེ་བའི་འཁོར་ལོ་སོགས། །རིག་འཛིན་བརྡ་བརྒྱུད་རྣམས་ལ༴ ཧཱུྃ་མཛད་འཇམ་དཔལ་བཤེས་གཉེན་བི་མ་ལ། པྲ་བྷ་ཧ་སྟི་ངྷ་ན་སཾསྐྲྀ་ཏ། །ནཱ་ག་རྫུ་ན་གུ་ཧྱ་ཙནྡྲ་དང་། །ཤཱིནྟཾ་གརྦྷ་རྣམས་ལ༴ །ཨིནྡྲ་བྷུ་ཏི་བི་རཱུ་ས་ར་ཧ། །ལོ་ཧི་ནག་པོ་པ་དང་དྲིལ་བུ་པ། །སངས་རྒྱས་གསང་བ་སྒེག་པ་རྡོ་རྗེ་སོགས། །དཔག་ཡས་གྲུབ་ཆེན་རྣམས་ལ༴ །མགོན་པོ་ཀླུ་སྒྲུབ་ཨཱརྱ་དེ་ཝ་དང་། །ཐོགས་མེད་དབྱིགས་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས། །ཆོས་སྐྱོང་ཡོན་ཤཀཱ་རྣམ་གཉིས་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ལ༴ །འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུག །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྦར། ། [8a] ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བ་འཚོ་ལ༴ །དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་བསྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། པདྨ་འབྱུང་གནས་ཞབས་ལ༴ །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཚུལ་འཛིན་ཅིང་། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བར་མཛད་པ་ཡི། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ༴ །ནམ་སྙིང་སངས་རྒྱས་ཡེ་ཤེས་རྒྱལ་མཆོག་དབྱངས། །མཚོ་རྒྱལ་ཡེ་ཤེས་གཞོན་ནུ་དཔལ་སེང་གེ །འབྲོག་མི་དཔལ་ཡེ་བཻ་རོ་ལ་སོགས་པའི། །གྲུབ་བརྙེས་རྗེ་འབངས་རྣམས་ལ༴ །རྒྱལ་བའི་བཀའ་དང་བསྟན་བཅོས་ལ་སོགས་པ། །འགྲོ་བའི་དོན་དུ་ཚུལ་བཞིན་བསྒྱུར་དང་སྤེལ། །སངས་རྒྱས་བསྟན་ལ་བྱ་བ་ཆེར་མཛད་པའི། །ལོ་པཎ་སྐྱེས་མཆོག་རྣམས་ལ༴ །རབ་འབྱམས་རྒྱལ་བ་ཀུན་གྱི་བསྟན་པའི་སྲོག །ངེས་དོན་ལམ་བཟང་གསལ་མཛད་སོ་དང་གནུབས། །སྨྲ་བའི་དབང་ཕྱུག་རོང་ཟོམ་ཆོས་བཟང་སོགས། ། [9a] བཀའ་གཏེར་བླ་མ་རྣམས་ལ༴ །བསྟན་པའི་མངའ་བདག་ཤཱཀྱ་འབྱུང་གནས་དང་། །ཙེ་རུ་ཀ་དཔལ་ཟུར་ཆུང་ཤེས་རབ་གྲགས། །གསང་བདག་དཔའ་བོ་ཤཱཀྱ་སེང་གེ་སྟེ། །ཟུར་པ་མེས་དབོན་གསུམ་ལ༴ །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ༴ །ཉང་རལ་ཆོས་དབང་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཨོ་རྒྱན་སངས་རྒྱས་རྡོ་རྗེ་རཏྣ་གླིང་། །པདྨ་ཀརྨ་ལས་འཕྲོ་གླིང་པ་སོགས། །སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩ་ལ། །གཞུང་ལུགས་རྒྱ་མཚོའི་གནས་ལ་བྱང་ཆུབ་པ། །གཡུང་སྟོན་མངའ་རིས་པཎ་ཆེན་བློ་གྲོས་བཟང་། །ཤེས་རབ་འོད་ཟེར་བྱང་བདག་ཡབ་སྲས་སོགས། །བཀའ་གཏེར་སྒྲོན་མེ་རྣམས་ལ༴ །བཻ་རོ་ཙཱ་ན་བསམ་བཞིན་སྲིད་པའི་གར། །སྔ་འགྱུར་བསྟན་པའི་མེ་རོ་གཏིང་ནས་བསླངས། །གངས་ཅན་མཁས་གྲུབ་རྒྱ་མཚོའི་འཁོར་ལོས་ [9b] བསྒྱུར། །རིག་འཛིན་གཏེར་བདག་གླིང་པ་ལ༴ །ཐམས་ཅད་མཁྱེན་པ་རྡོ་རྗེ་ཐོགས་མེད་རྩལ། །འཇིག་རྟེན་མིག་གཅིག་ལོ་ཆེན་དྷརྨ་ཤྲཱི། །མཁས་གྲུབ་ཆེན་པོ་སྣ་ཚོགས་རང་གྲོལ་སོགས། །གསང་བསྟན་གསལ་མཛད་རྣམས་ལ༴ །བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྒྱལ་བས་ལུང་བསྟན་བློ་གྲོས་ཕ་མཐའ་ཡས། །སྨྲ་བའི་སེང་གེ་མི་ཕམ་རྣམ་རྒྱལ་སོགས། །ངོ་མཚར་ཤིང་རྟ་རྣམས་ལ༴ །ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་རྒྱུད། །རྣལ་འབྱོར་ཆེ་དང་ཨ་ནུ་ཨ་ཏི་སོགས། །ཐེག་པ་རིམ་དགུའི་ཆོས་ཚུལ་རྒྱ་མཚོ་ཡི། །རྩ་བརྒྱུད་བླ་མ་རྣམས་ལ༴ །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང་། །འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་གྱི། །བརྒྱུད་པའི་བླ་མ་རྣམས་ལ༴ །ཨ་ཏི་ཤ་སོགས་བཀའ་གདམས་གསར་རྙིང་དང་། །གོང་མ་ལྔ་སོགས་ལམ་འབྲས་བརྒྱུད་པ་དང་། །མར་མི་དྭགས་སོགས་ཕྱག་ཆེན་ཆོས་དྲུག་དང་། །རིན་ཆེན་བདུན་སོགས་ཤངས་ཆོས་ [10a] འཛིན་རྣམས་དང་། །ཇོ་ཞལ་ལ་སོགས་དུས་ཀྱི་འཁོར་ལོ་དང་། །དམ་པ་མ་གཅིག་ལ་སོགས་ཞི་གཅོད་སྲོལ། །གངས་ཅན་རིས་མེད་རྒྱལ་བསྟན་ཡོངས་རྫོགས་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ༴ །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་གཞི། །བདེ་གཤེགས་བསྟན་པ་ཡུན་རིང་གནས་པ་དང་། །འཛིན་དང་སྤེལ་དང་བསྲུང་དང་རྒྱས་མཛད་པའི། །སྐྱེས་བུ་དམ་པ་རྣམས་ལ༴ །རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴ །གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ༴ །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པ། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་ [10b] སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་མགོན་པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། གཞན་ཡང་། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་རོ། །གཉིས་པ་མཆོད་པའི་ཡན་ལག་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་ [11a] འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག ། གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ [11b] ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨོ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ [12a] ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབས་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དེ་ནས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། ཞེས་པ་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་རེ། །དེ་ནས་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷུ་མི་ཨཱཿཧཱུཾ། གཞི་ཡོངས་སུ་དག་པ་ [12b] དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུཾ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། །ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། [13a] ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་ཕྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དམ་རཏྣ་མཎྜ་ལ་ཀཾ་ནིརྻཱ་ཏ་ཡཱ་མི། གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། ས་སོར་ཐར་པའི་སྡོམ་པ་འགལ་བ་དང་། བྱུང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་ [13b] གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། ཞེས་སོགས་སོ། །བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་ཡན་ལག་ཕྱི་མ་བཞི་ནི། ཕྱོགས་བཅུའི་རྒྱལ་ [14a] བ་ཀུན་དང་སངས་རྒྱས་སྲས། ཞེས་པ་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་རོ། །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ནི། སྦྱོར་བ་ཡན་ལག་བདུན་རྒྱས་བསྡུས་གང་རུང་སྔོན་དུ་སོང་བའི་རྗེས་སུ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བ་དག་ལ་དགོངས་སུ་གསོལ། ཞེས་དང་། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། ཞེས་ལན་གསུམ་གྱིས་སེམས་བསྐྱད་བླངས་ལ། མཇུག་ཏུ་དགའ་བ་བསྒོམ་པ་ [14b] ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་ལྟས་ན། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། ། [15a] སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོནལམ་འགྲུབ་པར་ཤོག ། །།

༈     །ད་ནི་སྡོམ་པ་གསུམ་གྱི་བརྒྱུད་པའི་ཁྱད་པར་སོགས་ཡུལ་དམ་པ་རྣམས་ཀྱི་གསོལ་འདེབས་བསྟོད་ཚོགས་ཀྱི་རིམ་པ་རྣམས་ལས།   ཐོག་མར་སོ་ཐར་སྡོམ་རྒྱུན་གྱི་བརྒྱུད་འདེབས་ནི།    མཚན་དཔེའི་གཟུགས་སྐུ་མཐོང་དང་ཚངས་དབྱངས་གསུང་།   །ལྷན་ཅིག་ཐོས་པའི་མོད་ལ་སྲིད་ཞིའི་གདུང་།   །རབ་བསལ་ཁྱོད་ཐུགས་རྣམ་མཁྱེན་ལ་སྦྱོར་བ།   །ཀུན་མཁྱེན་ཉི་མའི་གཉེན་ལ་གསོལ་བ་འདེབས།   །ཤཱ་རིའི་བུ་དང་རྒྱལ་རིགས་སྒྲ་གཅན་འཛིན།   །བྲམ་ཟེའི་བཙུན་པ་རཱ་ཧུ་ལ་གུཔྟ།   །འཕགས་མཆོག་ཀླུ་སྒྲུབ་སློབ་དཔོན་ལེགས་ལྡན་འབྱེད།   །དཔལ་སྦས་ཡེ་ཤེས་སྙིང་པོར་གསོལ་བ་འདེབས།   །གངས་ཅན་བསྟན་པའི་ཉི་མ་ཞི་བ་འཚོ།   །སྦ་རིགས་རཏྣ་གཙང་པ་རབ་གསལ་ཞབས།   ཤཱཀྱ་མུ་ནེ་གཡོར་པོ་དགེ་བ་འབྱུང་།   །དགོངས་པ་རབ་གསལ་ཞབས་ལ༴    ཀླུ་མེས་ཚུལ་ཤེ་རྡོ་རྗེ་རྒྱལ་མཚན་དང་།   །སྣེ་པོ་གྲགས་རྒྱལ་འབྲེ་ཆེན་ཤེས་རབ་འབར།   །བརྩོན་འགྲུས་འབར་དང་ [15b] གཞོན་ནུ་སེང་གེའི་ཞབས།   །གྲོ་སྟོན་བདུད་རྩི་གྲགས་ལ༴    །མཆིམས་ཆེན་ནམ་མཁའ་གྲགས་དང་གྲགས་ཤེར་བ།   །མཆིམས་སྟོན་བློ་བཟང་གྲགས་པ་ཀུན་རྒྱལ་རྗེ།   །གྲུབ་པ་ཤེས་རབ་པཎ་ཆེན་དགེ་འདུན་གྲུབ།   །གནས་སྙིང་ཀུན་དགའི་མཚན་ལ༴    དགེ་འདུན་རྒྱ་མཚོ་དགེ་ལེགས་དཔལ་བཟང་པོ།   །དཔལ་འབྱོར་རྒྱ་མཚོ་དཀོན་མཆོག་ཆོས་འཕེལ།   །དཀོན་མཆོག་བསྟན་འཛིན་ངག་དབང་ཆོས་ཀྱི་དཔལ།   །ཆོས་ཀྱི་གྲགས་པ་རྣམས་ལ༴    འགྱུར་མེད་ཆོས་ལྡན་ཨོ་རྒྱན་བསྟན་འཛིན་རྗེ།   །རིག་འཛིན་བཟང་པོ་པདྨ་མངྒ་ལ།   །ཐུབ་བསྟན་ཉིན་བྱེད་གཞན་ཕན་མཐའ་ཡས་སྡེ།   །ཐུབ་བསྟན་རྒྱལ་མཚན་ཞབས་ལ༴    མཚུངས་མེད་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེའི་ཞབས།   །རྡོ་རྗེ་འཛིན་པ་ངག་དབང་ནོར་བུའི་དཔལ།   །བཀའ་དྲིན་མཉམ་མེད་ཕན་བདེའི་འོད་ཟེར་ཏེ།   །མཁན་བརྒྱུད་དམ་པ་རྣམས་ལ༴    ངན་སོང་གནས་གསུམ་སྡུག་བསྔལ་དྲག་པོས་མནར།   །མི་དང་འདོད་ལྷ་འགྱུར་བའི་དུཿཁས་གཟིར།   །གཟུགས་དང་གཟུགས་མེད་འདུ་བྱེད་འཆིང་བས་བཅིངས།   །འཁོར་བའི་རང་མཚང་མངོན་སུམ་མཐོང་བར་ཤོག   །ཚུལ་དེས་བཅོས་མིན་ཡིད་འབྱུང་ངེས་པ་ལྔ།   །ཡོངས་ [16a] བྲལ་ད་ཆོག་སྒོ་ནས་གསོལ་བཞིའི་ལས།   །འཁྲུལ་མེད་ཆོ་གས་ཚངས་སྤྱོད་དཔལ་ཐོབ་སྟེ།   །ངུར་སྨྲིག་འཛིན་པའི་མཆོག་ཏུ་འགྱུར་བར་ཤོག   །མཐའ་གཉིས་སྤངས་པའི་བསོད་སྙོམས་ཟས་ཀྱིས་འཚོ།   །ཤིང་དྲུང་ཅོག་པུ་ཙམ་གྱི་གནས་མལ་དང་།   །རྙེད་སླ་ཕྱག་བདར་ཁྲོད་པའི་ངུར་སྨྲིག་གོས།   །གཞན་གྱིས་སྤྱན་ཟིན་སྨན་ལ་བསྟེན་པར་ཤོག   །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྲངས།   །སྤང་ལྟུང་སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ   །   སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས།   །བག་ཡོད་བརྟན་པོས་ཚུལ་བཞིན་བསྲུང་བར་ཤོག   །གཞན་གྱིས་ཁྲོ་དང་མཚོན་སོགས་ཉེ་བར་བརྡེག   །གཤེ་དང་མཚང་འདྲུ་ལ་སོགས་གནོད་ཀུན་ལ།   །དྲན་ཤེས་བརྟན་པོས་གཉེན་པོ་ལེགས་བསྟེན་ནས།   །རྟག་ཏུ་བཟོད་པའི་གོ་ཆ་བགོ་བར་ཤོག   །མཁན་སློབ་དགེ་བའི་བཤེས་གཉེན་མཆོག་ཏུ་དད།   །ཚངས་པ་མཚུངས་པར་སྤྱོད་ལ་གཅིག་ཏུ་གུས།   །སྡེ་སྣོད་ལུང་ལ་རབ་སྦྱངས་བསླབ་པ་གསུམ།   །མངོན་པ་རྟོགས་པས་བདག་རྒྱུད་ཕྱུག་པར་ཤོག   །བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས།   །མངོན་མཐོའི་རིན་ [16b] ཆེན་གླིང་བགྲོད་ཐར་པའི་ནོར།   །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས།   །འགྲོ་རྣམས་ཕན་བདེའི་འདོད་རྒུས་ཚིམ་བྱེད་ཤོག   །ཅེས་ཀུན་མཁྱེན་ལྔ་པ་ཆེན་པོས་མཛད་པའི་སྡོམ་རྒྱུན་གསོལ་འདེབས་ལས།   བརྒྱུད་པའི་ཁྱད་པར་གྱིས་ཞི་འཚོ་ཡབ་སྲས་ཀྱི་ཤློ་ཀ་གཅིག་དང་།   དགེ་འདུན་རྒྱ་མཚོ་མན་གྱི་ཤློ་ཀ་གཅིག་བཅས་ལོ་ཆེན་དྷརྨ་ཤྲཱིས་བསྒྱུར་བར་མཛད་པ་དང་དེ་ནས་བརྒྱུད་པའི་རིམ་པ་ཁ་བསྐང་བའོ།།   །། 
༈     །བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པའི་བརྒྱུད་འདེབས་ལ།   ཐོག་མར་འཕགས་པ་འཇམ་དཔལ་ནས་ཀླུ་སྒྲུབ་ལ་སྩལ་བའི་དབུ་མ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ནི།    རྣམ་འདྲེན་སྟོབས་བཅུའི་མངའ་བདག་ཟས་གཙང་སྲས།   །རྒྱལ་སྲས་འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས།   །རིག་པའི་ཁུ་བྱུག་ཀུ་སཱ་ལ་ཆེ་ཆུང་།   །གསོལ་བ་འདེབས་སོ་གཞན་ཕན་མཐར་ཕྱིན་ཤོག   །ཇོ་བོ་ཐང་པ་ཛ་དང་འཇིགས་མེད་འབྱུང་།   །ཟླ་རྒྱལ་གྲོ་ལུང་པ་དང་བྱང་ཆུབ་འོད།   །རྨ་བྱ་ཤཱཀ་སེང་མཆིམས་ཆེན་སྨོན་ཚུལ་པ།   །གསོལ་བ་འདེབས་སོ་གཞན་ཕན༴    །བྱང་ཆུབ་གྲུབ་པ་གཞོན་རྡོར་ཀུན་མཁྱེན་རྗེ།   །ཁྱབ་བརྡལ་ལྷུན་གྲུབ་གྲགས་འོད་སངས་རྒྱས་དབོན།   །ཟླ་གྲགས་ཀུན་བཟང་རྡོ་རྗེ་རྒྱལ་མཚན་དཔལ།   །གསོལ་བ་འདེབས༴    སྣ་ཚོགས་རང་གྲོལ་བསྟན་ [17a] འཛིན་གྲགས་པའི་ཞབས།   །མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་དཔལ།   །འགྱུར་མེད་རྡོ་རྗེ་ངག་དབང་ཆོས་དཔལ་སྡེ།   །གསོལ་བ༴    ཡིད་བཞིན་ལེགས་གྲུབ་རིན་ཆེན་རྣམ་པར་རྒྱལ།   །ཨཽ་ཌི་ཡཱ་ན་གསང་སྔགས་བསྟན་འཛིན་རྗེ།   །པདྨ་དབང་རྒྱལ་སངས་རྒྱས་ཀུན་དགའི་ཞབས།   །གསོལ་བ༴    མཁྱེན་བརྩེའི་དབང་པོ་ཚེ་དབང་ནོར་བུའི་དཔལ།   །རྒྱལ་སྲས་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོའི་སྡེ།   །རིན་ཆེན་བྱང་ཆུབ་སེམས་བརྒྱུད་བླ་མ་ལ༴    །གསོལ་བ༴    ཡོན་ཏན་གཞིར་གྱུར་བཤེས་གཉེན་གུས་བརྟེན་ནས།   །རྙེད་དཀའི་རྟེན་ལས་སྙིང་པོ་ལེན་སྤྲོ་ཞིང་།   །མི་རྟག་འཆི་བ་རྗེས་དྲན་དཀར་ནག་གི།   །ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པར་ཤོག   །སྲིད་བདེ་འཁྲུལ་པར་ཤེས་ནས་ཐར་པའི་སྒོར།   །བག་ཡོད་ཁྲིམས་ཀྱིས་འཇུག་ཅིང་འཁོར་མཚོ་ལས།   །འགྲོ་ཀུན་འདྲེན་པའི་ཁུར་ཁྱེར་ཚད་མེད་ཀྱི།   །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།   །སྐྱེ་བར་ཚུལ་གནས་ཐོས་བསམ་སྒོམ་པར་བརྩོན།   །རྒྱལ་བའི་བསྟན་ལ་བྱ་བ་ཆེར་འགྲུབ་ཅིང་།   །སྒོ་གསུམ་གཞན་ཕན་སྤྱོད་ལས་མི་གཡེལ་བས།   འགྲོ་ཀུན་བྱང་ཆེན་ལམ་ལ་འགོད་པར་ཤོག   །རྒྱལ་ཚབ་མ་ཕམ་པ་ནས་འཕགས་པ་ [17b] ཐོགས་མེད་སྩལ་བའི་སེམས་ཙམ་ལུགས་ཀྱི་བརྒྱུད་པའི་ཁྱད་པར་ནི།    དོན་གཉིས་མཐར་ཕྱིན་རྣམ་འདྲེན་ཟས་གཙང་སྲས།   །རྒྱལ་ཚབ་མ་ཕམ་ཐོགས་མེད་དབྱིག་གི་གཉེན།   །རྣམ་གྲོལ་གྲོལ་སྡེ་མཆོག་སྡེ་དུལ་བའི་སྡེ།   །གསོལ་བ་འདེབས་སོ༴    སྣང་མཛད་སེང་བཟང་སངས་རྒྱས་ཡེ་ཤེས་ཞབས།   །གུ་ཎ་མི་ཏྲ་རིན་ཆེན་ཟླ་བ་དང་།   །བསྟན་སྐྱོང་རྔོག་ལོ་འབྲེ་ཆེན་ཤེས་རབ་འབར།   །གསོལ་བ༴    བྱང་ཆུབ་ཡེ་ཤེས་གཞོན་ཚུལ་གང་གཡེ་བ།   །གཉའ་ཞིག་འཆིང་རུ་ཆུ་མིག་སེང་གེ་དཔལ།   །ལྷོ་བྲག་པ་དང་བཙན་དགོན་དབེན་དགེ་བ།   །གསོལ་བ༴    ཆོས་དཔལ་རྒྱལ་མཚན་ཀུན་མཁྱེན་ཆོས་ཀྱི་རྗེ།   །ཁྱབ་བརྡལ་ལྷུན་གྲུབ་མན་འདྲ།   འདི་གཉིས་རིག་འཛིན་གཏེར་བདག་གླིང་པས་མཛད་པ་ལ་བརྒྱུད་པའི་ཁྱད་པར་ཁ་བསྐང་པའོ།།   །། 
༈   །   རིག་འཛིན་སྔགས་ཀྱི་སྡོམ་པའི་བརྒྱུད་འདེབས་ལས།   རྒྱུད་མཧཱ་ཡོ་ག་རྡོར་སེམས་སྒྱུ་དྲྭའི་དབང་གི་བརྒྱུད་འདེབས་ནི།    སྟོན་པ་ཀུན་བཟང་རྒྱལ་ཚབ་རིགས་ལྔ་དང་།   །རིག་གསུམ་དྲྭ་མ་ལྔ་དང་རྒྱལ་པོ་ཛཿ   ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་དང་།   །སིཾ་ཧ་རཱ་ཛ་རྣམས་ལ་གསོལ་བ་འདེབས།   །ཨུ་པ་རཱ་ཛ་གོ་མ་དེ་ཝཱི་དང་།   །སྒེག་རྡོར་སངས་རྒྱས་གསང་བ་བི་མ་ལ།   །རྨ་ལོ་རིན་མཆོག་ [18a] གཙུག་གྱེར་རྣམ་པ་གཉིས།   །ཞང་སྟོན་རྒྱལ་ཡོན་རྣམས་ལ༴    གནུབས་ཆེན་སངས་རྒྱས་ཡོན་ཏན་རྒྱ་མཚོ་དང་།   །ཡེ་ཤེས་རྒྱ་མཚོ་ཉང་ཆེན་ཤེས་རབ་མཆོག   །ཡེ་ཤེསའབྱུང་གནས་ཟུར་ཆེན་ཤཱཀྱ་འབྱུང་།   །ཟུར་ཆུང་ཤེར་གྲགས་རྣམས་ལ༴    ཐུགས་སྲས་ཀ་ཆེན་བཞི་དང་སྒྲོ་ཕུག་པ།   །ཙག་ཚ་ཤཱཀ་རྡོར་ཤཱཀྱ་འབྱུང་གནས་དཔལ།   །གླང་སྟོན་རྡོ་རྗེ་འོད་དང་བསོད་ནམས་རྒྱལ།   །ཆོས་སེང་སངས་རྒྱས་དཔལ་ལ༴    བསོད་ནམས་མགོན་པོ་སྒྲོལ་ཆེན་བསམ་གྲུབ་མཚན།   །སེང་གེ་དཔལ་བཟང་རིགས་རྒྱལ་ལྷུན་གྲུབ་གྲགས།   །སངས་རྒྱས་རྡོ་རྗེ་ཚེ་དབང་མགོན་པོ་དང་།   །རྡོ་རྗེ་ཚེ་དཔལ་རྣམས་ལ་གསོལ༴    ཤཱཀྱ་དཔལ་འབྱོར་སིདྡྷི་ཕ་ལ་དང་།   །འཕགས་པ་རིན་ཆེན་ཤཱཀྱ་རཏྣའི་ཞབས།   །ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ་དང་།   །ཆོས་རྒྱལ་རྡོ་རྗེ་རྣམས་ལ༴    རྒྱ་སྟོན་འོད་གསལ་རང་གྲོལ་གཏེར་བདག་གླིང་།   །ཆོས་དཔལ་རྒྱ་མཚོ་རིན་ཆེན་རྣམ་པར་རྒྱལ།   །བསྟན་འཛིན་རྡོ་རྗེ་ཕྲིན་ལས་རྣམ་པར་རྒྱལ།   །ཕྲིན་ལས་ཆོས་སྒྲོན་རྣམས་ལ༴    སངས་རྒྱས་ཀུན་དགའ་བསྟན་འཛིན་ནོར་བུའི་སྡེ།   །རིགས་ཀུན་ཁྱབ་བདག་ཕན་བདེའི་འོད་ཟེར་སོགས།   །སྨིན་གྲོལ་ཡོངས་རྫོགས་གདམས་ [18b] པའི་ཆུ་བོ་ཀུན།   །འཛིན་མཛད་རྩ་བརྒྱུད་བླ་མར་གསོལ་བ་འདེབས།   །གཞི་རྒྱུད་རང་བཞིན་མ་བཅོས་གནས་ལུགས་དོན།   །ལམ་རྒྱུད་ཐབས་ཀྱིས་མཚོན་བྱས་སྨིན་ཅིང་གྲོལ།   །འབྲས་རྒྱུད་ལྷུན་གྲུབ་རིག་འཛིན་སྐུ་ལྔ་ཡི།   །གོ་འཕང་དཀའ་བ་མེད་པར་མྱུར་འགྲུབ་ཤོག   །ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་དབང་གི་བརྒྱུད་འདེབས་ནི།    ཁྱབ་བདག་གདོད་མའི་མགོན་པོ་ཀན་ཏུ་བཟང་།   །རྒྱལ་ཚབ་རིགས་ལྔ་རྒྱལ་སྲས་རིགས་གསུམ་མགོན།   །དམ་པའི་རིགས་ཅན་རྣམ་ལྔ་རྒྱལ་པོ་ཛཿ   ཨུ་པ་རཱ་ཛ་རྣམས་ལ༴    ཨིནྡྲ་བྷཱུ་ཏི་ན་ག་པུ་ཏྲ་དང་།   །ག་ཡ་སུ་ཏྲི་ཀུ་ཀུ་རཱ་ཛའི་ཞབས།   །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་།   པྲ་བྷ་ཧསྟི་རྣམས་ལ༴    ཤཱཀྱ་སེང་གེ་ངྷ་ན་རཀྵི་ཏ།   །རྡོ་རྗེ་ཧཱུཾ་མཛད་སྠི་ར་མ་ཏི།   །བདེ་བ་གསལ་མཛད་དྷརྨ་བོ་ངྷི་དང་།   །མཁན་པོ་ཆོས་རྒྱལ་སྐྱོང་ལ༴    བལ་པོ་ནོར་འཛིན་བྲུ་ཤ་ཆེ་བཙན་སྐྱེས།   །གནུབས་ཆེན་ཡབ་སྲས་ཡེ་ཤེས་རྒྱ་མཚོ་དང་།   །བློ་གྲོས་བྱང་ཆུབ་ཐོ་དཀར་ནམ་མཁའ་སྡེ།   །ཟུར་ཆེན་མེས་དབོན་རྣམས་ལ༴    ཡང་ཁྱེད་སྒྲོ་ཕུག་པ་དང་འགར་སྟོན་པ།   ་སངས་སངས་རྒྱས་དཔལ།   །བསོད་ནམས་ [19a] མགོན་པོ་རྣམས་ལ༴    སྒྲོལ་ཆེན་ཡབ་སྲས་ནམ་མཁའ་རྡོ་རྗེ་དང་།   །ཤ་མི་ལ་དགུ་པ་དང་བློ་གྲོས་རྒྱལ།   །གཞན་ཕན་ཕྲིན་ལས་ལྷུན་གྲུབ་ཡོངས་གྲོལ་མཚན།   །འགྱུར་མེད་རྡོ་རྗེ་རྣམས་ལ༴    ངག་དབང་ཆོས་དཔལ་རིན་ཆེན་རྣམ་པར་རྒྱལ།   །པདྨ་བསྟན་འཛིན་ཨཽ་ཌི་ཡཱ་ནའི་ཞབས།   །ཕྲིན་ལས་རྣམ་རྒྱལ་པདྨ་དབང་གི་རྒྱལ།   །སངས་རྒྱས་ཀུན་དགའ་རྣམས་ལ༴    མཚུངས་མེད་མདོ་སྔགས་བསྟན་འཛིན་ནོར་བུའི་སྡེ།   །ཁྱབ་བདག་འགྱུར་མེད་ཕན་བདེའི་འོད་ཟེར་སོགས།   །བརྒྱུད་པའི་ཁྱད་པར་ཀུན་འདུས་འཁོར་ལོའི་མགོན།   རྩ་བ་བླ་མ་རྣམས་ལ༴    སེམས་ཀྱི་ཆས་ཉིད་དབྱིངས་ཡེ་གཉིས་མེད་པར།   ཡེ་ནས་མ་འདྲེས་ཡོངས་རྫོགས་ཟིལ་འཁོར་གསུམ།   ཇི་བཞིན་བྱེད་པ་རྐྱེན་དང་བྱ་བྲལ་གྱི།   །རྣལ་འབྱོར་ལམ་བཞིན་མཐའ་རུ་ཕྱིན་པར་ཤོག   །ཅེས་པ་འདི་གཉིས་རིག་འཛིན་གཏེར་བདག་གླིང་པས་མཛད་པ་མ་བརྒྱུད་རིམ་པ་བསྐང་བའོ།   །མན་ངག་ཨ་ཏི་ཡོ་ག་རྫོགས་ཆེན་སྙིང་ཏིག་ཆེན་མོའི་བརྒྱུད་པའི་གསོང་འདེབས་ནི།    ཨོཾ་ཨཱཿཧཱུཾ།   གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་།   །ལྷུན་གྲུབ་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་།   །བདེ་ཆེན་རྒྱལ་པབརྡོ་རྗེ་འཆང་ཆེན་ལ།   །གསོལ་བ་ [19a] འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས།   །ཀ་དག་ལྷུན་གྲུབ་ཟབ་མོའི་གནས་ལུགས་མཆོག  །   ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས།   །ཡེ་ཤེས་སྒྱུ་མ་རྡོ་རྗེ་སེམས་དཔའ་དང་།   །དཀྱིལ་འཁོར་མངའ་བདག་ཕྱག་ན་རྡོ་རྗེ་དང་།   །རྒྱལ་བའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ།   །གསོལ་བ་འདེབས་སོ༴    ཀ་དག་ལྷུན་གྲུབ༴    ད་ལྟ་ཉིད་དུ༴    མཁྱེན་རབ་སྤྲུལ་པ་འཇམ་དཔལ་བཤེས་གཉེན་དང་།   །བློ་མཆོག་མངའ་བ་ཤྲཱི་སེཾ་ཧ་དང་།   །དངོས་གྲུབ་མཆོག་བརྙེས་ཛྙཱ་ན་སཱུ་ཏྲ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    མཁས་གྲུབ་ཆེན་པོ་བི་མ་མི་དྲ་དང་།   །རང་བྱུང་ཆེན་པོ་པདྨ་འབྱུང་གནས་དང་།   །ཚོགས་ཆེན་གཉིས་རྫོགས་ཆོས་རྒྱལ་ཆེན་པོ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    སེམས་ཉིད་དབང་ཐོབ་ཏིང་འཛིན་བཟང་པོ་དང་།   །ཐར་གླིང་སྣང་བྱེད་ལྡང་མ་ལྷུན་རྒྱལ་དང་།   །འོད་གསལ་ལུས་གྲུབ་སེང་གེ་དབང་ཕྱུག་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    ཆོས་ཉིད་མི་གཡོ་རྒྱལ་བ་ཞང་སྟོན་དང་།   །གསུང་རབ་མཛོད་བརྙེས་མཁས་པ་ཉི་འབུམ་དང་།   །དམ་ཆོས་རྒྱལ་མཛད་གུ་རུ་ཇོ་འབེར་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    གཟུང་འཛིན་འཁྲུལ་ཞིག་སེང་གེ་རྒྱབ་པ་དང་།   །དངོས་གྲུབ་མཆོག་ [20a] བརྙེས་གྲུབ་ཆེན་མེ་ལོང་དང་།   །རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    འོད་གསལ་སྒྱུ་མ་ཀློང་ཆེན་རབ་འབྱམས་དང་།   །མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་དང་།   །སྤྲུལ་པའི་སྐུ་མཆོག་གྲགས་པ་འོད་ཟེར་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    འཁྲུལ་ཞིག་ཆེན་པོ་སངས་རྒྱས་དབོན་པོ་དང་།   །རྒྱལ་བའི་གདུང་འཚོ་བ་ཟླ་བ་གྲགས་པ་དང་།   །གྲུབ་པའི་དབང་ཕྱུག་ཀུན་བཟང་རྡོ་རྗེ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    སྙིང་པོའི་མངའ་བདག་རྒྱལ་མཚན་དཔལ་བཟང་དང་།   །རྒྱལ་བས་ལུང་བསྟན་སྣ་ཚོགས་རང་གྲོལ་དང་།   །འཁོར་འདས་རྒྱ་གྲོལ་བསྟན་འཛིན་གྲགས་པ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    ཤེས་བྱ་ཀུན་གཟིགས་མདོ་སྔགས་བསྟན་འཛིན་དང་།   །གསང་བདག་དཔའ་བོ་ཕྲིན་ལས་ལྷུན་གྲུབ་དང་།   །བརྒྱུད་སྲོལ་ཀུན་འདུས་གཏེར་བདག་གླིང་པ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་དང་།   །མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་དང་།   །ཐམས་ཅད་མཁྱེན་པ་ཨཽ་ཌི་ཡཱ་ན་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    རིག་འཛིན་ཆེན་པོ་ཕྲིན་ལས་རྣམ་རྒྱལ་དང་།   གདོད་མའི་མགོན་པོ་ [20a] ཕྲིན་ལས་ཆོས་སྒྲོན་དང་།   །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    བཻ་རོ་དངོས་བྱོན་བློ་གྲོས་མཐའ་ཡས་དང་།   །ལང་གྲོའི་རྣམ་འཕྲུལ་འཕྲིན་ལས་བྱམས་པའི་གཏེར།   །རྡོ་རྗེ་འཆང་དངོས་རྩ་བའི་བླ་མ་ལ།   །གསོལ་བ༴    ཀ་དག༴    ད་ལྟ༴    རེ་དོགས་བློ་ཟད་འཁོར་འདས་ཆོས་སྐུར་གྲོལ།   །ལྷུན་གྲུབ་འོད་གསལ་ཟང་ཐལ་རིགས་པར་ཤར།   །སྐུ་གསུམ་རྩལ་རྫོགས་འཕོ་འགྱུར་མེད་པར་རྟོགས།   །བདག་གཞན་ཡོངས་གྲོལ་ཀུན་བཟང་ཐོབ་པར་ཤོག   །ཅེས་ཀུན་མཁྱེན་ཆེན་པོའི་གསུང་ལས་མདོར་བསྡུས་པ་ལ་བརྒྱུད་རིམ་ཁ་བསྐང་བའོ།།   །། 
༈     །སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་ཅུང་ཟད་བསྟོད་པ་དད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། ཨོཾ་སྭསྟི།   དཔག་ཡས་རྣམ་ཐར་ཕུན་སུམ་ཚོགས་མངའ་བས།   །རྒྱ་ཆེན་མཛད་པ་ཡོན་ཏན་རྒྱ་མཚོའི་དབྱངས།   །རབ་འབྱམས་ཞིང་ཀུན་འགེངས་པར་སྙན་སྒྲོགས་པ།   །ཐུབ་དབང་ཁྱོད་ཞབས་པདྨོར་གུས་ཕྱག་འཚལ།   །རྨད་བྱུང་བསྐལ་པ་གྲངས་མེད་གསུམ་གྱི་བར།   །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་ནས།   །མུ་མེད་རྒྱལ་བ་གཞན་གྱིས་ཡོངས་སྤངས་པའི།   །གདུལ་དཀའི་ཞིང་འདི་ [21a] བཟུང་ལ་ཕྱག་འཚལ་ལོ།   །དམ་པ་ཏོག་གྱུར་དགའ་ལྡན་གནས་མཆོག་ཏུ།   །རང་གི་ཅོད་པན་མི་ཕམ་དབུར་བཅིངས་ཏེ།   །ངོ་མཚར་གཟིགས་པ་ཆེན་པོ་རྣམ་པ་ལྔས།   །འཛམ་གླིང་མགོན་དུ་གཤེགས་ལ་ཕྱག་འཚལ་ལོ།   །རྒྱལ་པོའི་ཁབ་ཀྱི་ཕོ་བྲང་ཉམས་དགའ་བར།   །སྒྱུ་འཕྲུལ་ལྷ་མོ་སྒྱུ་མའི་ཁང་བཟང་ཆེར།   །ཡིད་འོང་གླང་ཆེན་ཐལ་དཀར་མཛེས་ལྡན་གྱི།   །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ།   །ལི་མྦཱིའི་ཚལ་དུ་རྫུ་འཕྲུལ་ལྟས་བཟང་བཅས།   །བལྟམས་མ་ཐག་ཏུ་ཚངས་སོགས་ཆེ་རྒུས་མཆོད།   །མཚུངས་བྲལ་མི་ཡི་སེང་གེར་ཞལ་གྱིས་བཞེས།   །ལྷ་ཡི་ལྷ་རུ་གྱུར་ལ་ཕྱག་འཚལ་ལོ།   །གཞོན་ནུའི་རོལ་རྩེད་བཟོ་གནས་སྒྱུ་རྩལ་སོགས།   །ཀུན་ལས་མཆོག་གྱུར་ངོ་མཚར་སྟོབས་ཁྱད་ཀྱིས།   །དྲེགས་ལྡན་སྐྱེ་བོའི་འགྲན་ཟླ་མ་ལུས་པའི།   །ཁེངས་པ་ཡུད་ཀྱིས་བཅོམ་ལ་ཕྱག་འཚལ་ལོ།   །ཐབས་མཁས་མཛད་པ་འཇིག་རྟེན་ཆོས་མཐུན་ཕྱིར།   །གྲགས་འཛིན་མ་སོགས་བཙུན་མོའི་འཁོར་དང་བཅས།   །ཕུན་ཚོགས་འདོད་ཡོན་དཔལ་ལ་རོལ་བཞིན་དུ།   །ཤཱཀྱའི་རྒྱལ་སྲིད་བསྐྱངས་ལ་ཕྱག་འཚལ་ལོ།   །ངེས་འབྱུང་རྐྱེན་གྱིས་འཁོར་བར་ [21b] ཐུགས་བྱུང་སྟེ།   །ཁབ་ནས་ཡོངས་གཤེགས་མཆོད་རྟེན་རྣམ་དག་དྲུང་།   །དབུ་སྐྲ་བྲེགས་ཤིང་ལྷས་ཕུལ་ངུར་སྨྲིག་གསོལ།   །མངོན་པར་རབ་ཏུ་བྱུང་ལ་ཕྱག་འཚལ་ལོ།   །ནཻ་རཉྫ་ནར་མཁའ་ཁྱབ་ཏིང་འཛིན་ལ།   །ལོ་དྲུག་མཉམ་པར་བཞག་པས་བསམ་གཏན་བརྙེས།   །དཀའ་ཐུབ་ལས་བཞེངས་ལེགས་སྐྱེས་བསྙེན་བཀུར་བཞེས།   །བཙོ་སྦྱངས་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ།   །བྱང་ཆུབ་སྙིང་པོར་གཤེགས་བཞེད་རྩྭ་འཚོང་མཁན།   བཀྲ་ཤིས་ལྡན་ལས་ཀུ་ཤའི་སྟན་བཞེས་ཏེ།   །རྡོ་རྗེའི་གདན་གྱི་ཤིང་དྲུང་ལེགས་བཀྲམ་པར།   །སྐྱིལ་ཀྲུང་དམ་བཅའ་བརྟན་ལ་ཕྱག་འཚལ་ལོ།   །དཔའ་བོ་མངོན་བྱང་ཆུབ་ལ་བདུད་སྡེའི་དཔུང་།   །མ་བཟོད་ཕྲག་དོག་སྦྱོར་བས་ཐོ་བརྩམས་པར།   །མི་གཡོ་བྱམས་ཆེན་ཏིང་འཛིན་དགོངས་པས་བཏུལ།   །སྲིད་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ།   །གང་ཚེ་བླ་མེད་ཡེ་ཤེས་ལེགས་བསྐྲུན་པས།   །ཞི་བ་མཆོག་གི་བདུད་རྩི་ཡོངས་བརྙེས་ཏེ།   །མངོན་པར་སངས་རྒྱས་ས་ཆེན་རབ་ཏུ་གཡོས།   །ཁམས་གསུམ་སྣང་བས་ཁྱབ་ལ་ཕྱག་འཚལ་ལོ།   །གདུལ་བྱའི་དོན་སླད་ཚངས་དབང་གསོལ་བཏབ་བཞིན།   །གནང་བའི་སྐབས་ཕྱེས་ [22a] ཝ་ར་ཎཱ་སཱིར་གཤེགས།   །ལྔ་སྡེ་གཙོ་གྱུར་བརྒྱད་ཁྲི་ལྷའི་འདུས་པར།   །བདེན་བཞིའི་ཆོས་ཆར་ཕབ་ལ་ཕྱག་འཚལ་ལོ།   །ཕུལ་འབྱུང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས།   །སྐྱེ་འགྲོ་ཇི་སྙེད་ཞི་བའི་སར་བཞག་ནས།   །རྩྭ་མཆོག་གྲོང་དུ་གདུལ་བྱའི་མཐའ་གཟིགས་ཏེ།   །མྱ་ངན་འདའ་ཚུལ་བསྟན་ལ་ཕྱག་འཚལ་ལོ།   །མདོར་ན་སྲིད་འདིར་ཕན་དང་བདེ་བ་ཡི།   །དགེ་ལེགས་དངོས་པོ་གང་ཞིག་མཆིས་པ་ཀུན།   །སྟོན་མཆོག་རིན་ཆེན་ཁྱོད་ཀྱི་མཐུ་ཁོ་ནར།   །བཅོས་མིན་ངེས་པ་རྙེད་པས་ཕྱག་འཚལ་ལོ།   །བདག་བློ་དང་བས་ཆ་ཙམ་བསྟོད་པ་ལས།   །ཡོངས་སྨིན་བསོད་ནམས་གང་དེས་འགྲོ་བ་ཀུན།   །སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་པ།   །ཤཱཀྱ་སེང་གེ་ཁྱོད་དང་མཚུངས་པར་ཤོག   །སངས་རྒྱས་རིན་ཆེན་ཉི་མ་ལས་བྱུང་བའི།   །དམ་ཆོས་རིན་ཆེན་སྣང་བའི་འཛུམ་ཟེར་གྱིས།   །ཚོགས་མཆོག་རིན་ཆེན་པད་ཚལ་རབ་བཞད་ནས།   །ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག     །ཅེས་པའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ངོ་མཚར་བའི་མཛད་པའི་ཚུལ་ལ་རྒྱུ་མཚན་ཤེས་པའི་མོས་པ་བརྟན་པོ་ཐོབ་པ་ལས།   རང་ལོ་ཉེར་བརྒྱད་དུ་སོན་པ་ལྕགས་མོ་ [22b] ལུག་གི་ཆུ་སྟོད་ཟླ་བའི་ཡར་ཚེས་རྒྱལ་བ་ལྷུམས་སུ་ཞུགས་པའི་དུས་བཟང་པོ་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་པོར་མཐོང་གྲོལ་ངོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར་བསོད་ནམས་ཀྱི་ཚོགས་ཆེན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲོས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གོ་ཆ་ཡང་དག་པར་བགོས་པའི་ཚེ་མཆོག་ཏུ་བཀའ་དྲིན་དྲན་པས་ཡིད་བསྐུལ་ཏེ་ཤཱཀྱའི་དགེ་བསྙེན་ཁྱིམ་ན་གནས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་སྙིང་ནས་གུས་པ་ཆེན་པོས་གསོལ་བ་བཏབ་པ་སྟེ།   འདིས་ཀྱང་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྣང་བ་དང་མི་འབྲལ་ཞིང་བསྟན་པའི་སྙིང་པོ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག   །།། 
༈     །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས།   །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།   །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།   །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།   །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས།   །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་།   །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།   །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི།   །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས།   །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་།   །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི།   །ལྷུམས་ [23a] སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།   །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།   །བཀྲ་ཤིས་ལུམྦཱིའི་ཚལ་དུ་བལྟམས་པའི་ཚེ།   །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི།   །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ།   །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས།   །ཨ་གྷ་མ་ག་ངྷར་ནི་སྒྱུ་རྩལ་བསྟན།   །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས།   །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།   །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་།   །ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི།   །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས།   །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།   །འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས།   །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་།   །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད།   །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།   །བརྩོན་པས་བྱང་ཆུབ་སྒྲུབ་པར་དགོངས་ནས་ནི།   །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ།   །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས།   །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།   །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།   །མ་ག་ངྷ་ཡི་བྱང་ཆུབ་ཤིང་དྲུང་དུ།   །སྐྱིལ་ཀྲུང་ [23b] མི་གཡོ་མངོན་པར་སངས་རྒྱས་ནས།   །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།   །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།   །ཝ་ར་ཎཱ་སི་ལ་སོགས་གནས་མཆོག་ཏུ།   །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།   །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།   །གཞན་གྱིས་རྒོལ་བ་ངན་པ་ཚར་བཅད་ཕྱིར།   །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས།   །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།   །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ།   །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི།   །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།   །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ།   །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ།   །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར།   །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ།   །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས།   །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།   །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་།   །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར།   །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས།   །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ།   །
༈     །གང་ཚེ་ [24a] རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།   །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།   །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།   །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ།   །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན།   །རྒྱལ་པོའི་ཁབ་ཏུ་ཡུམ་གྱིས་ལྷུམས་སུ་ཞུགས།   །ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས།   །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ།   །གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད།   །ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད།   །སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས།   །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ།   །གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས།   མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བའིལ།   །ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད།   །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ།   །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ།   །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ།   །མ་ག་ངྷ་རུ་ཐུབ་པ་མངོན་སངས་རྒྱས།   །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ།   །ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར།   །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན།   །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས།   །ཐུགས་ [24b] ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ།   །འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས།   །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི།   །དགེ་བས་འགྲོ་བ་བ་ཀུན་གྱི་སྤྱོད་པ་ཡང་།   །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག     །ཅེས་བདག་ཅག་གི་སྟོན་པའི་མཛད་པ་ལ་བསྟོད་པ་ཆེ་བ་འདི་ཉིད་འབྲི་གུང་སྐྱོབས་པས་མཛད་པར་གྲགས་པ   ཆུང་བ་འདི་སློབ་དཔོན་དཔའ་བོས་མཛད་དོ་ཞེས་ཁ་ཅིག་ལས་འབྱུང་ངོ་།   ། 
༈    །གནས་བརྟན་ཕྱག་མཆོད་ནི།   ། ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས།   །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས།   །རིན་ཆེན་ལས་གྲུབ་གཞལ་མེད་གྲུ་བཞི་པ།   །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ།   །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས།   །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན།   །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས།   །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།   །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་།   །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་།   །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི།   །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ།   །ཡོན་སྦྱོར་མཆོད་པའི་གནས་ [25a] སུ་སྤྱན་འདྲེན་ན།   །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ།   །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས།   །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག   །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ།   །དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ།   །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན།   །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ།   །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན།   །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས།   །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་།   །གསེར་བེའུ་བྷ་ར་ངྷྭ་ཛ་གསེར་ཅན་མཆོག   །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན།   །ལམ་ཕྲན་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན།   །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ།   །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ།   །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་།   །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་།   །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི།   །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས།   །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་ [25b] སྲུང་།   །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ།   །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ།   །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས།   །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ།   །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ།   །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན།   །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ།   །མཚུངས་མེད་བལྟ་བས་མི་ངོམས་ཤིང་།   །གསེར་གྱི་མདོག་ཅན་མཛེས་པའི་སྐུ།   །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས།   །ས་གནོན་མཉམ་གཞག་མཛད་ཕྱག་འཚལ།   །བླ་མའི་སྐུ་ཚེ་བརྟན་པ་དང་།   །བསྟན་པ་རྒྱས་པར་བྱིན་གྱིས་རློབས།   །གངས་རི་ཆེན་པོ་ཏི་སེ་ལ།   །འཕགས་པ་གནས་བརྟན་ལན་ལག་འབྱུང་།   །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར།   །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ།   །བླ་མའི་སྐུ་ཚེ་བརྟན༴    །བསྟན་པ་རྒྱས་པར༴    དྲང་སྲོང་རི་ཡི་ཤེལ་ངོས་ན།   །འཕགས་པ་གནས་བརྟན་མ་ཕམ་པ།   །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར།   །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ།   །བླ་མའི་ [26a] སྐུ་ཚེ་བརྟན་པ་དང་།   བསྟན་པ་རྒྱས་པར་བྱིན་གྱིས་རློབས།   །ལོ་མ་བདུན་པའི་རི་ཕུག་ན།   འཕགས་པ་གནས་བརྟན་ནགས་ན་གནས།   །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར།   །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    གནས་མཆོག་དམ་པ་ཟངས་གླིང་ན།   །འཕགས་པ་གནས་བརྟན་དུས་ལྡན་ནི།   །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར།   གསེར་གྱི་རྣ་བསྒོར་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    སིངྒ་ལ་ཡི་གླིང་ན་ནི།   །གནས་བརྟན་རྡོ་རྗེ་མོའུ་བུ།   །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར།   །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    ཆུ་བོ་ཡ་མུ་ནའི་གླིང་ན།   །ོས་འཆད་མཉམ་གཞག་མཛད་ཕྱག་འཚལ།   །བླ་མའི༴    བསྟན་པ༴      གནས་མཆོག་དམ་པ་ཁ་ཆེ་ན།   །འཕགས་པ་གནས་བརྟན་གསེར་བེའུ།   །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར།   །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    ནུབ་ཀྱི་བ་ལང་སྤྱོད་ན་ནི།   །བྷ་ར་དྷྭ་ཛ་གསེར་ [26b] ཅན་མཆོག   །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར།   །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ།   །བླ་མའི༴     བསྟན་པ༴    བྱང་གི་སྒྲ་མི་སྙན་ན་ནི།   །འཕགས་པ་གནས་བརྟན་བ་ཀུ་ལ།   །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར།   །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    པྲི་ཡང་གུ་ཡི་གླིང་ན་ནི།   །འཕགས་པ་གནས་བརྟན་སྒྲ་གཅན་འཛིན།   །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར།   །རིན་ཆེན་སྲོག་ཞུ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    བྱ་རྒོད་ཕུང་པོའི་རི་བོ་ལ།   །འཕགས་པ་གནས་བརྟན་ལམ་ཕྲན་བསྟན།   །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར།   །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ།   །བླ་མའི༴    བསྟན་པ༴    ཤར་གྱི་ལུས་འཕགས་གླིང་ན་ནི།   །བྷ་ར་དྷྭ་ཛ་བསོད་སྙོམས་ལེན།   །དགྲ་བོཅམ་སྟོང་ཕྲག་གཅིག་གིས་བསྐོར།   །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    ལྷ་གནས་སུམ་ཅུ་རྩ་གསུམ་ན།   འཕགས་པ་གནས་བརྟན་ལམ་བསྟན་ནི།   །དགྲ་བཅོམ་སྟོང་དང་དགུ་བརྒྱས་བསྐོར།   །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ།   །བླ་མའི༴     [27a] བསྟན་པ༴     རི་ཡི་རྒྱལ་པོ་ངོས་ཡངས་ལ།   །འཕགས་པ་གནས་བརྟན་ཀླུ་ཡི་སྡེ།   །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར།   །བུམ་པ་མཁར་གསིལ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    རི་ཡི་རྒྱལ་པོ་བི་ཧུ་ལར།   །འཕགས་པ་གནས་བརྟན་སྦེད་བྱེད་ནི།   །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར།   །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    རི་ཡི་རྒྱལ་པོ་གངས་ཅན་ལ།   །འཕགས་པ་གནས་བརྟན་མི་ཕྱེད་པ།   །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར།   །བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    འཕགས་པའི་དགེ་བསྙེན་དྷརྨཱ་ཏ།   །རལ་པའི་ཐོད་བཅིངས་གླེགས་བམ་ཁུར།   །སྣང་བ་མཐའ་ཡས་མདུན་ན་བཞུགས།   །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ།   །བླ་མའི༴    བསྟན་པ༴    བརྩོན་པས་གོ་བགོས་མཐུ་སྟོབས་ཅན།   །སངས་རྒྱས་བསྟན་པ་ལེགས་སྐྱོང་བ།   །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི།   །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ།   །བླ་མའི་སྐུ་ཚེ་བརྟན་པ་དང་།   །བསྟན་པ་རྒྱས་པར་བྱིན་གྱིས་རློབས།   །འཕགས་པའི་གང་ཟག་ཁྱེད་རྣམས་ [27b] ལ།   །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས།   །ཡི་རང་བསྐུལ་ཞིང་གསོལ་བ་འདེབས།   །དགེ་བ་བྱང་ཆུབ་ཆེན་པོར་བསྔོ།   །དབང་བཅུ་མངའ་བ་ཁྱེད་རྣམས་ཀྱིས།   །རྒྱལ་བའི་བསྟན་པ་དར་བ་དང་།   །སྦྱིན་བདག་བར་ཆད་ཞི་བ་དང་།   །སེམས་ཅན་སྡིག་པ་སྦྱོང་དུ་གསོལ།   །སངས་རྒྱས་སྤྲུལ་པ་འཕགས་པའི་ཚོགས།   །བསྟན་པ་སྐྱོང་བའི་ལས་མཛད་པ།   །གནས་བརྟན་ཆེན་པོ་འཁོར་བཅས་ཀྱི།   །བསྟན་པ་ཡུན་རིང་གནས་གྱུར་ཅིག   །སྲིད་ལས་རྣམ་གྲོལ་ཉོན་མོངས་མེད།   །ཟད་དང་སྐྱེ་བ་མི་ཤེས་པ།   །ཁྲི་དང་དྲུག་སྟོང་བཞི་བརྒྱ་ཡི།   །བསྟན་པ་ཡུན་རིང་གནས་གྱུར་ཅིག   །བྱང་སེམས་ཉན་ཐོས་ཆེན་པོའི་ཚུལ།   །བསྟན་སྐྱོང་འགྲོ་དོན་རྒྱུན་མི་ཆད།   །དགེ་ལེགས་ཡོན་ཏན་རྣམ་འཕེལ་བ།   །གནས་བརྟན་ཆེན་པོའི་བཀྲ་ཤིས་ཤོག    །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ།   །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ།   །སྤྱན་མི་བཟང་དང་རྣམ་ཐོས་སྲས།   །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག   །བླ་མེད་བླ་མའི་ཐུགས་རྗེ་དང་།   །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་།   །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས།   །བསྔོ་བ་སྨོན་ལམ་ [28a] འགྲུབ་པར་ཤོག   ཅེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་སོ།།   །། 
༈     །རྒྱ་གར་སྐད་དུ།   ཤྲཱི་ཛྙཱ་ན་གུ་ཎ་བྷ་དྲ་ནཱ་མསྟུ་སྟི།   བོད་སྐད་དུ།   དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ།   བཅོམ་ལྡན་འདས་འཇམ་པལ་དབྱངས་ལ་ཕྱག་འཚལ་ལོ།   །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས།   །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།   །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།   །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་།   །འབྲུལ་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།   །མ་རིག་མུན་སེལ་སྡུལ་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས།   །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ།   །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་རབ་ཏུ་འདུད།   །གང་གི་ལྷག་པའི་བསམ་པ་རྣམ་པར་དག་པ་གཅིག་དང་།   བདུན་དང་ [28b] ཉི་ཤུ་གཅིག་དང་།   བརྒྱ་དང་།   སྟོང་ལ་སོགས་པ་དག་ཉིན་རེ་བཞིན་དུ་སྒྲོགས་པ་དེ་ནི།   གོ་རིམ་ཇི་ལྟ་བ་བཞིན་དུ་སྒྲིབ་པ་འདག་པ་དང་།   ཐོས་པ་འཛིན་པ་དང་།   སྤོབས་པ་དང་།   མི་བརྗེད་པའི་གཟུངས་དང་།   །ཕྱིར་རྒོལ་བ་ཐམས་ཅད་འཇོམས་པའི་ཤེས་རབ་ཀྱི་དབང་པོ་དང་།   སྟོབས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ།   །གང་ཞིག་ཉིན་རེ་བཞིན་དུ་ལན་གསུམ་དུ་བསྟོད་པར་བྱེད་པ་དེ་ནི་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་དང་ལྡན་པའི་ཤེས་རབ་དང་སྙིང་རྗེའི་ལམ་དང་ས་རྣམས་རིམ་གྱིས་བགྲོད་དེ།   གོང་ནས་གོང་དུ་ཆེས་ཆེར་འཕེལ་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་ནས་འགྲོ་བ་མ་ལུས་པ་འཁོར་བ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་འགྱུར་རོ།   །དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ་རྫོགས་སོ།།   །། 
༈     །རྒྱ་གར་སྐད་དུ།   ཨཱརྻ་ཏཱ་རཱེ་མནྟྲ་མཱུ་ལ་སྟོཏྟྲ་ན་མ་སྐཻ་རཻ་ཀ་བིཾ་ཤ་ཏི་ཀ་ན་མ།   བོད་སྐད་དུ།   འཕགས་མ་སྒྲོལ་མའི་རྩ་བའི་སྔགས་ཀྱིས་བསྟོད་ཅིང་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ།   ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།   །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ།   །ཏུཏྟཱ་ར་ཡིས་འཇིགས་པ་སེལ་མ།   །ཏུ་རེས་དོན་ཀུན་སྦྱིན་པས་སྒྲོལ་མ།   །སྭཱཧཱའི་ཡི་གེ་ཁྱོད་ལ་འདུད་དོ།   །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།   །སྤྱན་ནི་སྐད་ཅིག་ [29a] གློག་དང་འདྲ་མ།   །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།   །གེ་སར་བྱེ་བ་ལས་ནི་བྱུང་མ།   །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།   །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།   །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།   །རབ་ཏུ་ཕྱེ་བའི་འོད་རབ་འབར་མ།   །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས།   །པདྨས་ཕྱག་ནི་རྣམ་པར་བརྒྱན་མ།   །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།   །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།   །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།   །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ།   །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།   །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་པ།   །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ།   །འདོད་དང་ཕྱོགས་དང་ནམ་མཁའ་གང་མ།   །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།   །ལུས་པ་མེད་པར་འགུགས་པར་ནུས་མ།   །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།   །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།   །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།   །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།   །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས།   །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།   །གཡས་བསྐུམ་ [29b] གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།   །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ།   །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས།   །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།   །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།   །དགྲ་བོ་ཐམས་ཅད་མ་ལུས་གསོད་མ།   །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།   །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།   །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི།   །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།   །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།   །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།   །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།   །བདུད་དང་འཇིག་རྟེན་དབང་དུ་མཛད་མ།   །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།   །ཐམས་ཅད་འགུགས་པར་ནུས་པ་ཉིད་མ།   །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས།   །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།   །ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན།   །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།   །རལ་པའི་ཁྲོད་ནས་འོད་དཔག་མེད་ལས།   །རྟག་པར་ཤིན་ཏུ་འོད་རབ་མཛད་མ།   །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར།   །འབར་བའི་ཕྲེང་བའི་དབུས་ན་གནས་མ།   །གཡས་བརྐྱང་ [30a] གཡོན་བསྐུམ་ཀུན་ནས་བསྐོར་དགའི།   །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།   །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།   །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།   །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས།   །རིམ་པ་བདུན་པོ་རྣམས་ནི་འགེམས་མ།   །ཕྱག་འཚལ་བདེ་མ་དགེ་མ་ཞི་མ།   །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།   །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས།   །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།   །ཕྱག་འཚལ་ཀུན་ནསོད་པའི།   །རིག་པའི་ཧཱུཾ་ལས་སྒྲོལ་མ་ཉིད་མ།   །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།   །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།   །རི་རབ་མནྡཱ་ར་དང་འབིགས་བྱེད།   །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།   །ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི།   །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།   །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།   །དུག་རྣམས་མ་ལུས་པར་ནི་སེལ་མ།   །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།   །ལྷ་དང་མིའམ་ཅི་ཡིས་བསྟེན་མ།   །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས།   །རྩོད་དང་རྨི་ལམ་ [30b] ངན་པ་སེལ་མ།   །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།   །སྤྱན་གཉིས་པོ་ལ་འོད་རབ་གསལ་མ།   །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས།   །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།   །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།   །ཞི་བའི་མཐུ་དང་ཡང་དག་ལྡན་མ།   །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།   །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།   །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་།   །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག   །ལྷ་མོ་ལ་གུས་ཡང་དག་ལྡན་པའི།   །བློ་ལྡན་གང་གིས་རབ་དང་བརྗོད་དེ།   །སྲོད་དང་ཐོ་རངས་ལངས་པར་བྱས་ནས།   །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར།   །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད།   །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།   །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།   །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ།   །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་།   །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།   །དེ་ཡི་དུག་ནི་དྲག་པོ་ཆེན་པོ།   །བསྟེན་གནས་པའམ་གཞན་ཡང་འགྲོ་བ།   །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་།   །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ།   །གདོན་དང་རིམས་དང་དུག་གིས་གཟིར་བའི།   །སྡུག་བསྔལ་ [31a] ཚོགས་ནི་རྣམ་པར་སྤངས་ཏེ།   །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་།   །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།   །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་།   །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ།   །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ།   །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར།   འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།།   །།  རྗེ་བཙུན་འཕགས་མ་སྒྲོལ་མ་དང་།   །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི།   །རྒྱལ་བ་སྲས་བཅས་ཐམས་ཅད་ལ།   །ཀུན་ནས་དང་བས་ཕྱག་བགྱིའོ།   །མེ་ཏོག་བདུག་སྤོས་མར་མེ་དྲི།   །ཞལ་ཟས་རོལ་མོ་ལ་སོགས་པ།   །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ།   །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ།   །ཐོག་མ་མེད་ནས་ད་ལྟའི་བར།   །མི་དགེ་བཅུ་དང་མཚམས་མེད་ལྔ།   །སེམས་ནི་ཉོན་མོངས་དབང་གྱུར་པའི།   །སྡིག་པ་ཐམས་ཅད་བཤགས་པར་བགྱི།   །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།   །སོ་སོ་སྐྱེ་བོ་ལ་སོགས་པས།   །དུས་གསུམ་དགེ་བ་ཅི་བསགས་པའི།   །བསོད་ནམས་ལ་ནི་བདག་ཡི་རང་།   །སེམས་ཅན་རྣམས་ཀྱི་བསམ་པ་དང་།   །བློ་ཡི་བྱེ་བྲག་ཇི་ལྟ་བར།   །ཆེ་ཆུང་ཐུན་མོང་ [31b] ཐེག་པ་ཡི།   །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།   །འཁོར་བ་ཇི་སྲིད་མ་སྟོངས་བར།   །མྱ་ངན་མི་འདའ་ཐུགས་རྗེ་ཡིས།   །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི།   །སེམས་ཅན་རྣམས་ལ་གཟིགས་སུ་གསོལ།   །བདག་གིས་བསོད་ནམས་ཅི་བསགས་པ།   །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས།   །རིང་པོར་མི་ཐོགས་འགྲོ་བ་ཡི།   །འདྲེན་པའི་དཔལ་དུ་བདག་གྱུར་ཅིག   །དགེ་སློང་མ་དཔལ་མོས་མཛད་པར་གྲགས་སོ།   །   རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན།   །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།   །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས།   །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ།   །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་།   །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས།   །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ།   །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས།   །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་།   །རྨི་ལམ་ངན་དང་མཚན་མ་ངན་པ་དང་།   །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས།   །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ།   །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི།   །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས།   །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ།   །འབད་མེད་ལྷུན་གྱིས་གྲུབ་པར་མཛད་ [32a] དུ་གསོལ།   །བསྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་།   །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་།   །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ།   །ཡང་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད།   །རྗེ་བཙུན་གྲགས་རྒྱལ་གྱི་གསུང་ངོ་།   ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བར་དེར།   །པདྨོ་དམ་པ་ཤིན་ཏ་མཛེས་ལས་སྐྱེས།   །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ།   །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག   །བཟང་སྤྱོད་ལས་སོ།   ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ།   །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ།   །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔའ།   །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག   །འཕགས་པ་རིན་པོ་ཆེའི་གསུང་ངོ་།   ། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།   །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།   །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།   །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག   །མདོ་སྡེ་ལས་ཚིག་བསྒྱུར་བའོ།   ། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།   །བདག་སོགས་གང་ན་གནས་པའི་ས་ཕྱོགས་སུ།   །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།   །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།   །ཆོས་རྒྱལ་ཁྲི་སྲོང་གི་གསུང་དུ་གྲགས་སོ།།   །། 
༈     །རྒྱ་གར་སྐད་དུ།   ཨཱརྻ་ཏཱ་རེ་སྟོཏྟྲ།    [32b] བོད་སྐད་དུ།   འཕགས་མ་སྒྲོལ་མ་ལ་བསྟོད་པ།   ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།   །འཁོར་བ་ལས་སྒྲོལ་ཏཱ་རེ་མ།   །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ།   །ཏུ་རེས་ན་བ་རྣམས་ལས་སྒྲོལ།   །སྒྲོལ་མ་ལ་ཡང་ཕྱག་འཚལ་ལོ།   །པདྨ་དཀར་པོའི་དབུས་གནས་པའི།   །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ།   །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ།   །མཆོག་སྦྱིན་མ་ལ༴    །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང་།   །ཟླ་བ་ལ་ནི་རྒྱབ་བརྟེན་མ།   །སྣ་ཚོགས་དར་གྱིས་ལེགས་པར་བརྒྱན།   །ཨུཏྤལ་བསྣམས་ལ༴    །བཅུ་དྲུག་ལོ་ལོན་ལུས་དང་ལྡན།   །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས།   །འདོད་སྦྱིན་ཀུན་ནི་འཆང་བའི་ཡུམ།   །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ།   །འཁོར་ལོ་དཀར་པོ་འོད་ཟེར་དཀར།   །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད།   །ཡོངས་སུ་འཁོར་བའི་རྣམ་པ་ཅན།   །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ།   །སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའོ།   ། འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ།   །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ།   ལྷ་མོ་ཁྱོད་ལ་གསོལ་བ་ནི།   །བདག་གི་ཚེ་ཡི་བར་ཆད་དང་།   །ནད་དང་སྡུག་བསྔལ་ཐམས་ཅད་ལས།   །ནུས་ལྡན་ཁྱོད་ཀྱིས་སྐྱོབ་ཏུ་གསོལ།   །མཆོག་དང་ཐུན་མོང་དངོས་གྲུབ་ཀུན།   །མ་ལུས་བདག་ལ་གནང་བར་མཛོད།   །འཕགས་མ་ཁྱོད་ལ་དད་བྱེད་པ།   །དེ་ལ་ [33a] རྟག་ཏུ་བུ་བཞིན་དགོངས།   །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱིས།   །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ།   །ལྷ་མོའི་སྐུ་མདོག་ཟླ་འདྲའི་མདོག   །སྒེག་ཅིང་དུལ་བའི་ཆ་བྱད་ཅན།   །གཟུགས་བཟང་རིན་ཆེན་རྒྱན་གྱིས་སྤྲས།   །མཛེས་པ་དར་གྱི་སྨད་གཡོགས་ཅན།   །པདྨ་ཟླ་བའི་གདན་དབུས་སུ།   །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས།   །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན།   །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ།   །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད།   །ཁྱོད་ལ་ཆ་ཙམ་བསྟོད་པ་ཡིས།   །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ།   །དུས་འདི་ནས་བཟུང་བྱང་ཆུབ་བར།   །།   མི་མཐུན་ཕྱོགས་ཀུན་ཞི་བ་དང་།   །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག  །   །།   
༈     །ན་མོ་གུ་རུ།   །ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་སྤྱིའི་རྟེན་བསྐྱེད་ལ།   ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ༔   བླ་མ་བདེ་གཤེགས་འདུས་པའི་སྐུ༔   དཀོན་མཆོག་གསུམ་གྱི་རང་བཞིན་ལ༔   བདག་དང་འགྲོ་དྲུག་སེམས་ཅན་རྣམས༔   བྱང་ཆུབ་བར་དུ་སྐྱབས་སུ་མཆི༔     སེམས་བསྐྱེད་ནི།    སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔   བླ་མ་སངས་རྒྱས་བསྒྲུབས་ནས་ནི༔   གང་ལ་གང་འདུལ་ [33b] ཕྲིན་ལས་ཀྱིས༔   འགྲོ་བ་བསྒྲལ་བར་དམ་བཅའ་འོ༔   ཡན་ལག་བདུན་པ་ནི།   བླ་མ་ཡི་དམ་མཁའ་འགྲོ་གཤེགས༔   ཉི་ཟླ་པདྨའི་གདན་ལ་བཞུགས༔   ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔   ཕྱི་ནང་གསང་བའི་མཆོད་པ་འབུལ༔   ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔   གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔   སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔   མྱ་ངན་མི་འདའ་བཞུགས་སུ་གསོལ༔   སྙིང་པོ་སེམས་ཅན་དོན་དུ་བསྔོ༔    ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔    རྟེན་བསྐྱེད་དངོས་ནི།  མདུན་གྱི་ནམ་མཁར་འོད་ལྔའི་ཀློང་༔   སེང་ཁྲི་པདྨ་ཉི་ཟླའི་སྟེང་༔   སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔    རྩ་བའི་བླ་མ་པདྨ་འབྱུང༔   དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔    པད་ཞྭ་གསང་ཕོད་ཆོས་གོས་དང་༔    ཟ་འོག་བེར་སྨུག་བརྗིད་པར་གསོལ༔   ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་༔   གཡོན་པས་བྷནྡྷ་ཚེ་བུམ་བསྣམ་ས།   གྲུ་མོ་གཡོན་ན་ཁ་ཊྭཱཾ་འཆང་༔   རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔   སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔   རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔   འཕྲོ་འདུའི་གཟི་བྱིན་ལམ་མེ་བ༔   མངོན་སུམ་བཞིན་དུ་ [34a] བཞུགས་པར་གྱུར༔    ཅེས་གསལ་བཏབ་ལ།   གསོལ་འདེབས་ལེའུ་བདུན་མ་དང་བསམ་པ་ལྷུན་འགྲུབ་མ།   གཞན་ཡང་ཚིག་བདུན་གསོལ་འདེབས་དང་།   བར་ཆད་ལམ་སེལ་སོགས་གཏེར་ཁ་སྔ་ཕྱི་ལས་བྱུང་བ་དང་།   དམ་པ་གོང་མའི་རྡོ་རྗེའི་གསུང་ཚོགས་བྱིན་རླབས་ཅན་གྱི་གསོལ་འདེབས་གང་རིགས་མོས་གུས་གདུང་ཤུགས་དྲག་པོས་བྱ།   དེ་ཙམ་མི་ནུས་ན་བླ་མ་སྐུ་གསུམ་དང་།   བསམ་པ་ལྷུན་གྲུབ་ཁོ་ནས་ཀྱང་ཆོག   །གང་ལྟར་ཡང་མཇུག་ཏུ་ཐུགས་རྒྱུད་བསྐུལ་བའི་ཕྱིར་བཛྲ་གུ་རུའི་བཟླས་པ་ཅི་ནུས་བྱས་མཐར།    བླ་མའི་གནས་གསུམ་འབྲུ་གསུམ་ལས༔   འོད་ཟེར་རིམ་དང་གཅིག་ཆར་འཕྲོས༔   བདག་གི་གནས་གསུམ་ཐིམ་པ་ཡིས༔    དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔   ལམ་བཞི་བསྒོམ་པའི་སྣོད་དུ་གྱུར༔   མཐར་ནི་རང་ཐིམ་དབྱེར་མེད་ངང་༔   བློ་འདས་ཆོས་སྐུའི་རང་ཞལ་བལྟ༔   དགེ་བ་འདི་ཡིས་མྱུར་དུ་བདག   །ཨོ་རྒྱན་བླ་མ་འགྲུབ་གྱུར་ནས།   འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ས་ལ་འགོད་པར་ཤོག  །   ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ།   །ཞེས་པའང་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཐུགས་དམ་ཞལ་འདོན་དུ་འདི་ལྟར་བྲིས་ཞེས་བཀའ་སྩལ་བ་ལྟར།   མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་བྲིས་པ་དགེ་ལེགས་ [34b] སུ་གྱུར་ཅིག །   །།  
༈    །སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་ལེའུ་བདུན་མ་ནི།   ༔   ནདསྲམརྐཐྶ༔   གུ་རུ་ན་མོ༔   མེ་ཕོ་རྟའི་ལོ་རྒྱལ་གྱི་ཟླ་བ་ལ༔   དཔལ་བསམ་ཡས་སུ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བཏབ་པའི་དུས་སུ༔   སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔   དགེ་སློང་ནམ་མཁའི་སྙིང་པོ་དང་༔   རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་༔   སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔   ལྷ་སྲས་མུ་ཁྲི་བཙན་པོ་དང་ལྔས་ཕྱག་དང་བསྐོར་བ་བྱས༔   རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   གསང་སྔགས་ཀྱི་ཆོས་གསུངས་པ་ཐམས་ཅད་ཀྱི་ནང་ནས་དམ་ཚིག་བསྲུང་བ་གལ་ཆེ།   དེའི་ནང་ནས་ཀྱང་བླ་མ་ལ་གསོལ་བ་འདེབས་པ་གཙོ་ཆེ་བར་གསུངས་གདའ་བས༔   བདག་ཅག་རྣམས་ལ་དང་བ་འདྲེན་པ།   བྱིན་རླབས་ཆེ་བ༔   གང་ཟག་ཐ་མལ་པ་བློ་རྨོངས་པས་ཚིག་གི་ར་མདར་སྦྲན་པས་གསང་སྔགས་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་བ༔   གུ་རུ་ཉིད་ཀྱི་བྱིན་རླབས་འཇུག་པ༔   ནང་ནུབ་ཏུ་གསོལ་བ་འདེབས་པ་ལ་ཚིག་ཉུང་ལ་དོན་འདུས་པ་ཞིག་བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཉིད་ཀྱིས་གསུང་བར་ཞུ་ཞེས་ཞུས་པས༔   སློབ་དཔོན་ཆེན་པོས་བཀའ་སྩལ་པ༔   ཉོན་ཅིག་བོད་ཀྱི་སྐལ་ལྡན་རྣམས༔   གསང་སྔགས་ཀྱི་ཐེག་པ་འདི་འབྱུང་བ་ནི་དཀོན་ཏེ༔   སྔོན་སངས་རྒྱས་འོད་སྲུང་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་འདི་མ་གསུངས༔   སངས་ [35a] རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་ཀྱང་མ་གསུངས༔   མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་རོ༔    ཅིའི་ཕྱིར་ཞེ་ན༔   འགྲོ་བ་རྣམས་སྣོད་དུ་མི་གྱུར་བའི་ཕྱིར་རོ༔   སྔོན་བསྐལ་པ་ཐོག་མ་ལ་བསྐལ་པ་ཀུན་བཀོད་ཅེས་བྱ་བ་བྱུང་བའི་ཚེ༔   སངས་རྒྱས་སྔོན་བྱུང་གི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་གསང་སྔགས་རྒྱ་ཆེར་བསྒྲགས་སོ༔   ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་གསང་སྔགས་བྱོན་པའོ༔   ད་སྟེ་བསྐལ་བ་བྱེ་བ་འདས་པའི་འོག་ཏུ་བསྐལ་པ་མེ་ཏོག་བཀོད་པ་ཞེས་བྱ་བ་འབྱུང་བའི་ཚེ༔   སངས་རྒྱས་འཇམ་དཔལ་དབྱངས་ཞེས་བྱ་བ་ད་ལྟའི་ང་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ༔   དེས་གསང་སྔགས་རྒྱ་ཆེར་སྟོན་པར་འབྱུང་ངོ་༔   བསྐལ་པ་དེ་གསུམ་ནི་འགྲོ་བ་རྣམས་སྣོད་དུ་རུང་བའི་ཕྱིར་རོ༔   དེ་བས་ན་བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབས༔   གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ནི་ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་མ་སོང་བ་གལ་ཆེ༔   ད་གསང་སྔགས་ཉམས་སུ་ལེན་པ་ལ་དགོས་པའི་ཆོས་བཞི་བྱ་བ་ཚང་དགོས༔   དེ་མ་ཚང་ན་དམ་ཚིག་ཉམས་ཏེ་འཁོར་བར་འཁྱམས་ངེས༔   ངན་སོང་དུ་ལྟུང་ངེས༔   དེ་ཅིའི་ཕྱིར་ཞེ་ན༔   དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཉོན་མོངས་པ་རང་རྒྱུད་དུ་སྤྱད་པས་བྱང་ཆུབ་ཐོབ་པར་མ་གསུངས་སོ༔   དགོས་པའི་ཆོས་བཞི་ནི༔   སྒོ་གསུམ་ཐ་མལ་དུ་འཆོར་བ་ལ་འཁྲི་བ་བཙན་ཐབས་སུ་གཅོད་པའི་གདམས་ངག་དགོས༔   ཉོན་མོངས་དུག་ལྔ་སྟོབས་ཆེན༔   དུག་ལྔ་ [35b] རང་གྲོལ་དུ་ཤེས་པའི་གདམས་ངག་དགོས༔   འདུ་འཛི་གཡེང་བའི་དབང་དུ་སོང་ན༔   རེ་དོགས་བར་ཆད་དུ་ཤེས་པའི་གདམས་ངག་དགོས༔   དམ་ཚིག་གཙང་མ་བསྲུང་བ་ལ༔   སྐྱེས་བུས་གཞུ་འགངས་པ་ལྟ་བུའི་གདམས་ངག་དགོས༔   དེ་ཡང་གསང་སྔགསཀྱི་ཐེག་པ་ནི་ཨུ་དུམྦ་རའི་མེ་ཏོག་ལྟ་བུ་འབྱུང་བར་མི་འགྱུར༔   གལ་ཏེ་འབྱུང་ཡང་ཡུན་དུ་མི་གནས་སོ༔   དེ་ནི་འགྲོ་བ་རྣམས་སྣོད་དུ་མ་གྱུར་པའི་ཕྱིར་རོ༔    ད་ཁྱེད་རྒྱལ་པོས་དབུ་མཛད་པ་རྣམས་ཉོན་ཅིག༔   བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔   གསང་སྔགས་ཀྱི་སྒོར་ཞུགས༔   ཚེ་འདི་ལ་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཀྱིས༔   རྩ་བ་དང་ཡན་ལག་གི་དམ་ཚིག་གཙང་མ་བསྲུང་བ་གལ་ཆེ༔   དེ་མ་བསྲུང་ན་འཚོ་བྱེད་ཀྱི་སྨན་བཙལ་བས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུའོ༔   དམ་ཚིག་བསྲུང་བ་ལ་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་ཚང་དགོས༔   དད་པ་མེད་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་༔   བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཐ་མལ་དུ་འཆོར༔    ཤེས་རབ་མེད་ན་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དབྱེ་མི་ཤེས༔   གསང་སྔགས་ནི་འགྲོ་བ་དད་གུས་ཅན་གྱི་དོན་དུ་བྱོན་པ་ཡིན༔   དེ་ཡང་རང་ལ་གསང་སྔགས་སྟོན་པའི་བླ་མ་དེ་སངས་རྒྱས་དངོས་སུ་ཤེས་པས་གསོལ་བ་འདི་ལྟར་ཐོབ་ཅིག་གསུངས་སོ༔       ཨེ་མ་ཧོཿ    སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུཿ   ཆོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང་༔   བྱ་བྲལ་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ༔   ནམ་མཁའ་བཞིན་དུ་ཐུགས་རྗེ་ཕྱོགས་ [36a] རིས་མེད༔   བླ་མ་ཆོས་ཀྱི་སྐུ་ལ་གསོལབ་འདེབས༔   ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔   སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔   ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ༔   ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན༔   བླ་མ་ལོངསསྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༔   ཨོ་རྒྱན་པདྨ་འབྱུང་གནས་ལ༴    མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ༔   ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༔   གང་ལ་གང་འདུལ་ཐབས་ཀྱིིས་འགྲོ་དོན་མཛད༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔   ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   ཁ་སྐོང་བརྒྱུད་འདེབས་ནི།    ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས།   །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༴    སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ༴     ཡང་སྤྲུལ་དགའ་རབ་རྡོ་རྗེ་ལ༴    སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༴    རིག་འཛིན་ཤྲཱི་སེངྷ་ལ༴    པཎ་ཆེན་བི་མ་ལ་མི་ཏྲ་ལ༴    རྒྱལ་སྲས་པདྨ་འབྱུང་གནས་ལ༴    ཆོས་རྒྱལ་ཁྲི་སྲོང་ [36b] ལྡེའུ་བཙན་ལ༴    མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴    དགེ་སློང་ནམ་མཁའི་སྙིང་པོ་ལ༴    སྣ་ནམ་རྡོ་རྗེ་བདུད་འཇོམས་ལ༴    ལྷ་སྲས་མུ་ཁྲི་བཙན་པོ་ལ༴    སྤྲུལ་སྐུ་བཟང་པོ་གྲགས་པ་ལ༴    རིག་འཛིན་དངོས་གྲུབ་རྒྱལ་མཚན་ལ༴     ཀུན་སྤངས་དོན་ཡོད་རྒྱལ་མཚན་ལ༴     བརྒྱུད་འཛིན་བསོད་ནམས་མཆོག་བཟང་ལ༴    གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ༴    མཚུངས་མེད་དངོས་གྲུབ་དཔལ་ལྡན་ལ༴    དྲིན་ཅན་ཀུན་དགའ་བཟང་པོ་ལ༴     མི་འགྱུར་ལས་འཕྲོ་གླིང་པ་ལ༴    རྒྱལ་དབང་རིན་ཆེན་ཕུན་ཚོགས་ལ༴    སྤྲུལ་སྐུ་ནམ་མཁའ་བརྒྱ་བྱིན་ལ༴    མཁས་གྲུབ་མདོ་སྔགས་བསྟན་འཛིན་ལ༴    རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ༴    ཆོས་རྒྱལ་གཏེར་བདག་གླིང་པ་ལ༴    ལོ་ཆེན་ཆོས་དཔལ་རྒྱ་མཚོ་ལ༴    རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ལ༴    གྲུབ་མཆོག་པདྨ་བསྟན་འཛིན་ལ༴    འགྱུར་མེད་ཕྲིན་ལས་རྣམ་རྒྱལ་ལ༴    ལྷུན་གྲུབ་བདེ་ཆེན་རྡོ་རྗེ་ལ༴    ཀུན་བཟང་རིག་འཛིན་རྡོ་རྗེ་ལ༴    ངེས་དོན་ཆོས་ཀྱི་ཉི་མ་ལ༴    ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ་ལ༴    དྲིན་ཅན་རྩ་བའི་བླ་མ་ལ༴    ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ལ༴    མ་མོ་ [37a] མཁའ་འགྲོའི་ལྷ་ཚོགས་ལ༴    ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ༴    འདི་ཕྱི་བར་དོ་གསུམ་དུ་བྱིན་གྱིས་རློབས།   །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ།   །སྐྱེ་མེད་སྙིང་པོ་ལོན་པར་བྱིན་གྱིས་རློབས།   །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།   །དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔   ཅེས་གསུངས་སོ༔   དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   བདག་དང་མ་འོངས་པའི་དད་པ་ཅན་རྣམས་ཀྱི་དོན་དུ༔   དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ༔   ཚེ་འདིའི་བར་ཆད་སེལ་བ༔   ཕྱི་མ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ༔   ནང་ནུབ་ཏུ་གསོལ་བ་འདེབས་པའི་ཆོས་ཤིག་ཞུ་ཞེས་ཞུས་སོ༔   གུ་རུའི་ཞལ་ནས༔   རྒྱལ་པོ་ཆེན་པོ་ལེགས་པར་གསོན་ཅེས་གསུངས་སོ༔   ཏཾ༔   ཐཱམཱཏྲ།   ཏྱ།   ༔      ཨེ་མ་ ཧོཿ    སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ༔   ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔   སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔   གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན༔   བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས༔   ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   འོག་མིན་ལྷུན་གྱི་གྲུབ་པའི་ཕོ་བྲང་དུ༔   དུས་གསུམ་བདེ་བར་ [37b] གཤེགས་པའི་དགོངས་པ་ཡིས༔   མ་ཏྲཾ་རུ་དྲ་བཀའ་སྒོ་ལོག་པ་ལས༔   འགྲོ་དྲུག་སེམས་ཅན་སྡུག་བསྔལ་ཉམ་ཐག་གཟིགས༔   ཐུགས་རྗེ་ངོ་མཚར་ཅན་ལ་གསོལ༴    ཨོ་རྒྱན༴    ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་རུ༔   དེ་བཞིན་གཤེགས་པ་ཐམས་ཅད་བཀའ་བགྲོས་མཛད༔   ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔   ལོག་པ་བདུད་ཀྱི་བསྟན་པ་འདུལ་བར་མཛད༔   དུས་གསུམ་བདེ་གཤེགས་རྣམས་ལ་གསོལ༴    ཨོ་རྒྱན༴    རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར༔   བདུད་པོ་མ་ཏྲཾ་རུ་དྲ་དྲག་པོ་བསྒྲལ༔   སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བ་མཛད༔   གསང་སྔགས་བསྟན་པ་དང་པོ་དེ་ནས་བྱོན༔   གདུལ་བྱ་ཁྱད་པར་ཅན་ལ་གསོལ༴    ཨོ་རྒྱན༴    འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔   དུས་གསུམ་སྐྱེ་འགག་མེད་པ་ཆོས་ཀྱི་སྐུ༔   ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྱིས་གྲུབ༔   སངས་རྒྱས་ཐམས་ཅད་ཐུགས་ལས་བསྐྱེད་པའི་ཡབ༔   ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ༴    ཨོ་རྒྱན༴    བདེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔   གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་༔   རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུ༔   སྐུ་ཡི་རིགས་མཆོག་ [38a] རིགས་ཀྱི་འབཁོར་གྱིས་བསྐོར༔   བུདྡྷ་རིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ༔   ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང་༔   རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་པའི་སྐུ༔   ཐུགས་ཀྱི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔   རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ༔   ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་༔   རིན་ཆེན་འབྱུང་གནས་ལོངས་སྤྱོད་རྫོགས་པའི་སྐུ༔   ཡོན་ཏན་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔   རིན་ཆེན་རིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔   འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང་༔   སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགས་པའི་སྐུ༔   གསུང་གི་རིགས་མཆོག་རིགས་ཀྱི་འཁོར་གྱིས་བསྐོར༔   པདྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴     བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔   ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་༔   དོན་ཡོད་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ༔   ཕྲིན་ལས་རིགས་མཆོག་ [38b] རིགས་ཀྱི་འཁོར་གྱིས་བསྐོར༔   ཀརྨ་རིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཆོས་དབྱིངས་རོལ་པའི་གཞལ་ཡས་ཆེན་པོ་ནས༔   ཉོན་མོངས་དུག་ལྔ་བརྫིས་པའི་གདན་སྟེང་དུ༔   ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔   རིགས་ལྔ་བདེ་གཤེགས་འདུས་པའི་འཁོར་གྱིས་བསྐོར༔   ཀུན་བཟང་ཧེ་རུ་ཀའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཐུགས་རྗེ་རོལ་པའི་གཞལ་ཡས་ཆེན་པོ་ན༔   མ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔   མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔   ཡེ་ཤེས་ལས་གྲུབ་མ་མོའི་འཁོར་གྱིས་བསྐོར༔   ཆེ་མཆོག་མ་མོའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    མཐིང་ནག་གྲུ་གསུམ་འབར་བའི་གཞལ་ཡས་ན༔   མ་ཏྲཾ་རུ་དྲ་བརྫིས་པའི་གདན་སྟེང་དུ༔   ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ༔   ཁྲག་འཐུང་ཁྲོ་བོའི་བར་པའི་འཁོར་གྱིས་བསྐོར༔   དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་ལ༴    ཨོ་རྒྱན༴      མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་ན༔   གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ༔   འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད༔   གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར༔   གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་གསོལ་ [39a] ཨོ་རྒྱན༴    དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔   བདུད་ནག་ཕོ་མོ་བརྫིས་པའི་གདན་སྟེང་དུ༔   དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔   པདྨ་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་བསྐོར༔   རྟ་མགྲིན་དབང་གི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴   བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ན༔   ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔   དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔   བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར༔   རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    པདྨ་དབང་གི་གཞལ་ཡས་ཆེན་པོ་ན༔   མ་ཆགས་པདྨ་འབར་བའི་གདན་སྟེང་དུ༔   བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔   འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་བསྐོར༔   རྡོ་རྗེ་ཚེ་ཡི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    དུར་ཁྲོད་རྔམ་བརྗིད་རོལ་པའི་གཞལ་ཡས་ན༔   ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེང་དུ༔   ཡུམ་ཆེན་ཁྲོ་མོ་རྡོ་རྗེ་ཕག་མོའི་སྐུ༔   མ་མོ་མཁའ་འགྲོ་ལྷ་ཚོགས་འཁོར་གྱིས་བསྐོར༔   རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་གསོལ༴    ཨོ་རྒྱན༴    རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔   རྒྱུ་འབྲས་བདེན་པས་འགྲོ་བའི་དོན་མཛད་ཅིང་༔    [39b] སྡེ་སྣོད་སུམ་གྱི་བསྟན་པའི་རྒྱལ་མཚན་བཙུགས༔   ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔   སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་གསོལ༴    ཨོ་རྒྱན༴    དྷ་ན་ཀོ་ཤ་ཀླུ་ཡི་ཕོ་བྲང་དུ༔   ཐུགས་རྗེའི་སྟོབས་ཀྱིས་འགྲོ་བའི་དོན་ལ་བྱོན༔   རྒྱལ་བའི་དགོངས་པས་འགྲོ་དྲུག་རང་གྲོལ་མཛད༔   མཁའ་འགྲོ་སྡེ་ལྔ་མ་མོའི་འཁོར་གྱིས་བསྐོར༔   སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ༴    ཨོ་རྒྱན༴    རྒྱ་ནག་རི་བོ་རྩེ་ལྔའི་ཕོ་བྲང་དུ༔   སངས་རྒྱས་སྐུ་ཡི་སྤྲུལ་པ་འཇམ་དཔལ་དབྱངས༔   སྟེང་འོག་ཕྱོགས་བཞིར་སྐུ་ཡིས་འགྲོ་དོན་མཛད༔   སྐུ་ཡི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔   འཕགས་པ་འཇམ་དཔལ་གྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    གནས་ཆེན་རི་བོ་ཏ་ལའི་ཕོ་བྲང་དུ༔   སངས་རྒྱས་གསུང་གི་སྤྲུལ་པ་སྤྱན་རས་གཟིགས༔   སྟེང་འོག་ཕྱོགས་བཞིར་གསུང་གིས་འགྲོ་དོན་མཛད༔   གསུང་གི་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔   སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་དུ༔   སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན༔   སྟེང་འོག་ཕྱོགས་བཞིར་ཐུགས་ཀྱིས་འགྲོ་དོན་མཛད༔   ཐུགས་ཀྱི་བྱང་ཆུབ་སེམས་དཔའི་ [40a] འཁོར་གྱིས་བསྐོར༔   ཕྱག་ན་རྡོ་རྗེའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    སྟེང་ཕྱོགས་རྣམ་པར་རྒྱལ་བའི་ཁང་བཟང་དུ༔   འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ཡིས༔   ལྷ་དབང་བརྒྱ་བྱིན་གནས་སུ་གསང་སྔགས་བྱོན༔   ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔   ལྷ་ཡི་རིག་འཛིན་རྣམས་ལ་གསོལ༴    ཨོ་རྒྱན༴    འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ༔   སྤྱན་རས་གཟིགས་དབང་ཐུགས་ཀྱི་དགོངས་པ་ཡིས༔   ཀླུ་རྒྱལ་འཇོག་པོའི་གནས་སུ་གསང་སྔགས་བྱོན༔   ཚོམ་བུ་འབུམ་དང་བཅས་ཏེ་མངོན་སངས་རྒྱས༔   ཀླུ་ཡི་རིག་འཛིན་རྣམས་ལ་གསོལ༴    ཨོ་རྒྱན༴    རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ༔   ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དགོངས་པ་ཡིས༔    རྒྱལ་པོ་ཛཿཡི་གནས་སུ་གསང་སྔགས་བྱོན༔   གང་ཟག་ལས་ཅན་མ་ལུས་བྱང་ཆུབ་ཐོབ༔   མི་ཡི་རིག་འཛིན་རྣམས་ལ་གསོལ༴    ཨོ་རྒྱན༴    ནུབ་ཕྱོགས་ཨོ་རྒྱན་དབང་གི་ཕོ་བྲང་དུ༔   བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲལ་པ་སྟེ༔   འཛམ་བུ་གླིང་དུ་འགྲོ་བའི་དོན་ལ་བྱོན༔   རིག་འཛིན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར་༔    [40b] པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་སྤྲུལ་དང་༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   ཕྱོགས་བཅུའི་སངས་རྒྱས་རིག་འཛིན་བྱང་སེམས་ལ༔   བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས༔   ཡིད་གཉིས་ཐེ་ཚོམ་མེད་པར་གསོལ༴    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   ཞེས་གསུངས་སོ༔   རྒྱལ་པོ་ཆེན་པོ་ཚེ་འདིའི་ཁེ་གྲགས་དང་འདུ་འཛིའི་དབང་དུ་མ་བཏང་བར་དུས་རྒྱུན་དུ་གསོལ་བ་ཐོབ༔   གསང་སྔགས་ཀྱི་རྩ་བ་དམ་ཚིག་ཡིན༔   དམ་ཚིག་གི་རྩ་བ་མོས་གུས་དང་བརྩོན་འགྲུས་ཡིན༔   དེ་གཉིས་ཀྱི་རྩ་བ་བླ་མ་དང་ཡི་དམ་ལ་གསོལ་བ་འདེབས་པ་ཡིན་པས༔    བརྩོན་འགྲུས་ཅན་གྱིས་ཉམས་སུ་བླངས་ན༔   ཚེ་འདིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞེས་གསུངས་སོ༔   དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔   ཐེག་པ་ཆེན་པོའི་གསང་སྔགས་བྱོན་པ་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ་ལགས༔   གསང་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ༔   གསུང་ཐེག་པ་ཆེན་པོའི་མན་ངག་གིས་འགྲོ་བ་འདྲེན༔   ཐུགས་ཀྱིས་དགོངས་པ་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་དགོངས་པ་ཟབ་མོ་མངའ་བ༔   བདེ་གཤེགས་ཀུན་འདུས་པདྨ་འབྱུང་གནས་ཉིད་ལས་ལྷག་པའི་སངས་རྒྱས་ནི་བདག་འདྲ་ཡེ་ [41a] ཤེས་མཚོ་རྒྱལ་གྱིས་གཞན་ནས་བཙལ་དུ་མི་རྙེད་པར་འཁུམས་ལགས་པས༔   བདག་ལ་ཚིག་ཉུང་ལ་དོན་འདུས་པ༔   དོན་ཟབ་ལ་བྱིན་རླབས་ཆེ་བ༔   གུ་རུ་ཉིད་ལ་གསོལ་བ་བཏབ་པ་ཙམ་གྱིས་བྱིན་རླབས་ནམ་མཁའི་སྤྲིན་ལྟར་གཡོ་ནུབ་པ༔   བདག་ཐ་མལ་པ་རྣམས་ཀྱིས་བོད་ཡུལ་དུ་གསོལ་བ་བཏབ་པས༔   གུ་རུ་ཉིད་སླར་ཨོ་རྒྱན་དུ་གཤེགས་པའི་དུས་སུ་མཁའ་འགྲོའི་གླིང་ནས་ཐུགས་རྗེས་འོད་ཀྱི་དད་པ་ཅན་རྣམས་ཀྱི་གནས་སུ་བྱོན་ཏེ་བྱིན་གྱིས་རློབ་ནུས་པ་ཞིག་ཞུ་ཞེས་ཞུས་པས༔   བཀའ་སྩལ་པ༔   ཉོན་ཅིག་ཇོ་མོ་མཚོ་རྒྱལ༔   ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དབང་གིས་རྟོག་པ་ཁ་འབྱམས་ཤིང་གཉིས་སྣང་གི་རྟོག་པ་བདག་ཏུ་བཟུང་བས་འཁྲུལ་པ་ཡིན༔   ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས༔   ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར༔   སྤྲུལ་སྐུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀའ་བགྲོས་ཏེ་ལྷོ་འཛམ་བུའི་གླིང་དུ་བྱོན༔   ཁྱད་པར་དུ་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང་།   གསང་སྔགས་འབྲས་བུའི་ཆོས་ཀྱི་འགྲོ་བ་འདྲེན་པའི་ཕྱིར༔   རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས།   རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོངས༔   གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔   བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ནས༔   རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔   སངས་རྒྱས་གཞན་ [41b] བས་བདག་ཉིད་ཐུགས་རྗེ་མྱུར༔   མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔   ཅེས་གསུངས་སོ༔   དེའི་དུས་སུ་ཞལ་ལྷོ་ནུབ་ཏུ་གཟིགས་ཏེ༔   རིན་པོ་ཆེ་དང་རུས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན༔   ཕྱག་གཡས་པས་ཐོད་པའི་ཌཱ་མ་དུ་འཁྲོལ༔   ཕྱག་གཡོན་པ་ཇོ་མོ་མཚོ་རྒྱལ་གྱི་སྤྱི་བོར་བཞག་སྟེ༔   འདི་སྐད་ཅེས་གསུངས་སོ༔    ཨེ་མ་ ཧོཿ    འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔   གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔   རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔   དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་རླབས་པའི༔   གླིང་མཆོག་ཁྱད་པར་ཅན་ལ་གསོལ་བ་འདེབས༔   ཨོ་རྒྱན་ཧཱུཾ༔   སྔོན་གྱི་བསྐལ་པ་དང་པོ་འདས་པའི་དུས༔   མ་ཏྲཾ་རུ་དྲ་བསྒྲལ་བའི་རྫས་བརྒྱད་ལ༔   གསང་བགས་འབྱོན་པའི་གནས་བརྒྱད་བྱིན་གྱིས་བརླབས༔   ཙི་ཏ་ཨོ་རྒྱན་གནས་སུ་བབས་པ་ལས༔   རྟེན་འབྲེལ་ཁྱད་པར་ཅན་ལ་གསོལ༴     ཨོ་རྒྱན༴     རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པའི་གནས༔   མ་མོ་མཁའ་འགྲོ་ཐམས་ཅད་འདུ་བའི་གླིང་༔   གསང་སྔགས་བརྡ་ཡི་རང་སྒྲ་དི་རི་རི༔   གནས་དེར་ཕྱིན་པ་ཙམ་གྱིས་བྱང་ཆུབ་ཐོབ༔   གནས་མཆོག་ཁྱད་པར་ཅན་ལ་གསོལ༴    ཨོ་རྒྱན༴    ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔    [42a] རྩ་བ་ཀླུ་ཡི་རྒྱལ་པོའི་གནས་སུ་ཟུག༔   སྐེད་པ་ལྷུན་ཆགས་མཁའ་འགྲོའི་གནས་ན་བརྗིད༔   རྩེ་མོ་ཚངས་པའི་འཇིག་རྟེན་སྙེགས་པ་འདྲ༔   རི་རྒྱལ་ཁྱད་པར་ཅན་ལ་གསོལ༴    ཨོ་རྒྱན༴    དཔལ་གྱི་རི་བོ་འབར་བའི་རྩེ་མོ་ན༔   ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻཌཱུརྻ༔   ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག༔   ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང་༔   ཕོ་བྲང་ཁྱད་པར་ཅན་ལ་གསོལ༴    ཨོ་རྒྱན༴    གཞལ་ཡས་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་དང་༔   སྟེང་འོག་ཐམས་ཅད་རིན་པོ་ཆེ་ལས་གྲུབ༔   ཁྱམས་དང་གྲུ་ཆད་གློ་འབུར་རིགས་བཞི་ཡང་༔    ཕྲིན་ལས་བཞི་ཡི་ཁ་དོག་སོ་སོར་གསལ༔   ལྷུན་གྲུབ་གཞལ་ཡས་ཁང་ལ་གསོལ༴   ཨོ་རྒྱན༴     རྩིག་པ་འདོད་སྣམ་ཕ་གུ་དྲྭ་བ་དང་༔   དྲྭ་ཕྱེད་མདའ་ཡབ་རིན་ཆེན་སྣ་ལྔ་གསལ༔   སྒོ་བཞི་རྟ་བབས་ཆོས་འཁོར་རྒྱན་རྣམས་ཀུན༔   སྣ་ཚོགས་རིན་པོ་ཆེ་ཡིས་མཛེས་པར་བརྒྱན༔   རིན་ཆེན་གཞལ་ཡས་ཁང་ལ་གསོལ༴     ཨོ་རྒྱན༴     དཔག་བསམ་ཤིང་དང་བདུད་རྩིའི་ཆུ་མིག་དང་༔   འཇའ་ཚོན་སྣ་ལྔས་ཕྱི་ནང་སྤྲིན་ལྟར་གཏིབས༔   མེ་ཏོག་ [42b] པདྨའི་འོད་ཀྱིས་བར་སྣང་ཁེངས༔   གནས་དེ་དྲན་པ་ཙམ་གྱིས་བདེ་ཆེན་ཐོབ༔   པདྨ་འོད་ཀྱི་གཞལ་ཡས་ལ་གསོལ༴     ཨོ་རྒྱན༴     གཞལ་ཡས་ཆེན་པོ་དེ་ཡི་ནང་ཤེད་ན༔   རིན་ཆེན་ཟུར་བརྒྱད་ཉི་མ་ཟླ་བའི་གདན༔   མ་ཆགས་པདྨ་འབར་བའི་སྡོང་པོ་ལ༔   པདྨ་འབྱུང་གནས་བདེ་གཤེགས་འདུས་པའི་སྐུ༔   རང་བྱུང་སྤྲུལ་པའི་སྐུ་ལ་གསོལ༴     ཨོ་རྒྱན༴    ཞི་རྒྱས་དབང་དྲག་དོན་ལ་དགོངས་པའི་ཕྱིར༔   སྐུ་མདོག་ཕྱག་མཚན་རྒྱན་རྣམས་མ་ངེས་ཀྱང་༔   ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔   རི་རྒྱལ་ལྷུན་པོ་བས་ཀྱང་བརྗི་རེ་ཆེ༔   ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ༴     ཨོ་རྒྱན༴    ཐུགས་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགྱེད༔   སྤྱན་རྩ་ཉི་ཟླ་ལྟ་བུར་འཁྱིལ་ཞིང་གཟིགས༔   ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔   དགོངས་པ་ཟབ་མོ་ནམ་མཁའི་ཀློང་དང་མཉམ༔   ཐུགས་རྗེ་ཁྱད་པར་ཅན་ལ་གསོལ༴    ཨོ་རྒྱན༴   འགྲོ་ལ་བརྩེ་བའི་ཐབས་ཀྱིས་འགྲོ་དོན་མཛད༔   ཞལ་འཛུམ་མཛེས་པའི་མདངས་ལྡན་ཡ་ལ་ལ༔   འབྲུག་སྟོང་ལྡིར་བས་གསུང་གི་གདངས་སྒྲ་ཆེ༔   གསང་སྔགས་ཟབ་མོའི་ཆོས་སྒྲ་དི་རི་རི༔   ཚངས་པའི་གསུང་དབྱངས་སྒྲོགས་ལ་གསོལ༴    [43a] ཨོ་རྒྱན༴    སྤྲུལ་སྐུ་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་ན༔   ལོག་པའི་དགྲ་བགེགས་བརྫིས་པའི་གདན་སྟེང་དུ༔   སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔   རིགས་ལྔ་བདེ་གཤེགས་བདུད་འདུལ་ཁྲོ་བོའི་ཚོགས༔   སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཕྱོགས་བཞི་པདྨ་འདབ་བཞིའི་གདན་སྟེང་དུ༔   རིགས་བཞིའི་གིང་དང་མཁའ་འགྲོ་སྡེ་བཞིའི་ཚོགས༔   ཐམས་ཅད་མ་ལུས་དུར་ཁྲོད་ཆས་དང་ལྡན༔   མཛེས་པའི་རྒྱན་ལྡན་རོལ་པའི་སྟབས་སུ་བཞུགས༔   ཡེ་ཤེས་མཁའ་འགྲོ་ཡབ་ཡུམ་ལ་གསོལ༴   ཨོ་རྒྱན༴    གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་བར་ཁྱམས་དང་༔   གྲུ་ཆད་གློ་འབུར་རིག་འཛིན་མཁའ་འགྲོས་ཁེངས༔   ལྷ་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས༔   ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་འབུལ༔   མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    རིན་ཆེན་གཞལ་ཡས་ཁང་གི་འདོད་སྣམ་ལ༔   མཆོད་པའི་ལྷ་མོ་ཆར་སྤྲིན་ལྟ་བུར་གཏིབས།   འདོད་ཡོན་དྲུག་གི་མཆོད་པས་འཇིག་རྟེན་ཁེངས༔   ཀུན་ཏུ་བཟང་པོའི་མཆོད་པས་བདེ་གཤེགས་མཆོད༔   ཡོན་ཏན་ཀུན་འབྱུང་གི་ལྷ་ཚོགས་ [43b] ལ་གསོལ༴    ཨོ་རྒྱན༴    གཞལ་ཡས་ཆེན་པོའི་ཕྱོགས་ཀྱི་སྒོ་བཞི་ན༔   རྒྱལ་ཆེན་སྡེ་བཞི་བསྒོ་བའི་བཀའ་ཉན་མཛད༔   ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་འགྱེད༔   བདུད་དང་མུ་སྟེགས་རྡུལ་ཕྲན་བཞིན་དུ་འདུལ༔   ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ལ་གསོལ༴    ཨོ་རྒྱན༴    ཧཱུཾ༔   བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔   དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔   རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔   རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔   དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔   རིན་ཆེན་རྒྱན་ཆ་མང་པོ་སི་ལི་ལི༔   དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔   སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔   ཡི་དམ་ལྷ་ཚོགས་ཧཱུཾ་སྒྲ་དི་རི་རི༔   མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔   གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔   མ་མོ་མཁ བ་ཆེན་སྟོང་གི་སྒྲ་སྐད་སི་ལེ་ལི༔   གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔   གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔   བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔   དྲི་ཞིམ་ [44a] སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔   མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔   གིང་ཆེན་དཔའ་བོའི་བཤུག་གླུ་ཀྱུ་རུ་རུ༔   ཧཱུཾ་གི་སྣང་གླུ་མང་པོ་དི་རི་རི༔   ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔   བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔   ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔   གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔   བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔   བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་༔   མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔   འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔   མཚོ་རྒྱལ་དེ་ལྟར་མོས་པས་གསོལ་བ་ཐོབ༔   པད་འབྱུང་བདག་ལ་འགྲོ་བའི་དོན་ལས་མེད༔   དམ་ཚིག་དབང་གིས་བོད་ཀྱི་ཡུལ་དུ་འོང་༔   དད་པ་ཅན་ལ་དངོས་སུ་ལུང་སྟོན་འགྱུར༔   ཞེས་གསུངས་སོ༔   གུ་རུའི་ཞལ་ནས༔   གསོལ་བ་འདེབས་པ་ལ་དང་པོ་ལོ་རྒྱུས་བརྗོད་པས་དང་བ་འདྲེན༔    ཡོན་ཏན་མཐོང་བས་དད་པ་སྐྱེ༔   ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔   སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ༔   ཅེས་གསུངས་སོ༔   དེ་ནས་དགེ་སློང་ནམ་མཁའི་སྙིང་པོས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   བདག་ལ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ༔   སྣང་བ་ལྷ་དང་ལྷ་མོར་གསལ་བ༔   སྒྲ་ [44b] གྲགས་ཚད་ཡིད་མ་ལྷའི་གསུང་དུ་གོ་བ༔   རྟོག་པ་ཅི་ཤར་ཆོས་ཉིད་དུ་གྲོལ་བའི་གསོལ་འདེབས་ཤིག་ཞུ་ཞེས་ཞུས་པས༔   བཀའ་སྩལ་པ༔    ཨེ་མ་ ཧོཿ    སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཀུན་ཏུ་བཟང་༔   རིགས་ལྔའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་༔   འགྲོ་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ༔   ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ༔   རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས༔   ཨོ་རྒྱན༴    གྲགས་ལྡན་མཆོག་སྐྱོང་གནོད་སྦྱིན་སྐར་མདའ་གདོང་༔   བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང་༔   དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ༔   རིག་འཛིན་ལྷ་དབང་བརྒྱ་བྱིན་ལ་སོགས་ཏེ༔   རིག་འཛིན་རིག་པའི་བརྒྱུད་པ་ལ་གསོལ༴    ཨོ་རྒྱན༴    ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔   རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔   ཤྲཱི་སེདྷའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴    རྒྱལ་བ་ཆོས་ཀྱི་སྐུ་ཡི་དགོངས་པ་ཡིས༔   བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན་པོ་དང་༔   སངས་རྒྱས་གསང་བའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་ [45a] གསུམ་གྱི༔   སྒྱུ་འཕྲུལ་བརྒྱུད་པའི་བླ་མ་ལ་གསོལ༴       ཨོ་རྒྱན༴    འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡིས༔   སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་༔   རོ་ལངས་བདེ་བའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་པ་ཡིས༔   དབང་གི་ལྷ་མོ་ནཱ་གརྫུ་ན་དང་༔   པདྨ་འབྱུང་གནས་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴     ཆེ་མཆོག་ཧེ་རུ་ཀ་ཡི་དགོངས་པ་ཡིས༔   སྤྲུལ་པའི་མཁའ་འགྲོ་རིག་འཛིན་མང་པོ་དང་༔   མི་འགྱུར་ནམ་མཁའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔    ཡོན་ཏན་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴    དཔལ་ཆེན་རྡོ་རྗེ་གཞོན་ནུའི་དགོངས་པ་ཡིས༔   ལྷུན་ [45b] གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་༔   རྡོ་རྗེ་ཐོད་ཕྲེང་རྩལ་ལ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   ཕྲིན་ལས་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴    མངོན་རྫོགས་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ༔   མ་རྒྱུད་ལྷ་མོ་ཡོངས་འཁྱུད་བདེ་མ་དང་༔   དྷ་ན་སཾ་སྐྲྀའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   སྲིད་པ་མ་རྒྱུད་ཀྱི་བླ་མ་ལ་གསོལ༴    ཨོ་རྒྱན༴    བཅོམ་ལྡན་དྲེགས་པ་ཀུན་འདུལ་དགོངས་པ་ཡིས༔   རཾ་བུ་གུ་ཧྱ་ཙནྡྲའི་ཐུགས་བརྒྱུད་ནས༔   ཤཱཀྱ་སེང་གེའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   མཆོད་བསྟོད་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴    དཔལ་ཆེན་སྟོབས་ལྡན་ནག་པོའི་དགོངས་པ་ཡིས༔   སློབ་དཔོན་ཤིནྟཾ་གརྦྷའི་ཐུགས་བརྒྱུད་ནས༔   རྡོ་རྗེ་གྲོ་ལོད་རྩལ་ལ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   དྲག་སྔགས་བརྒྱུད་པའི་བླ་མ་ལ་གསོལ༴    ཨོ་རྒྱན༴     མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔   ལྷ་མོ་ཙཎྜ་ལི་ལ་ཐུགས་བརྒྱུད་ནས༔   འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   ཚེ་ཡི་རིག་འཛིན་རྣམས་ལ་གསོལ༴    [46a] ཨོ་རྒྱན༴    རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔   མཁའ་འགྲོ་སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔   རྡོ་རྗེ་དྲག་པོ་རྩལ་ལ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   གསང་སྔགས་མ་རྒྱུད་ཀྱི་བླ་མ་ལ་གསོལ༴    ཨོ་རྒྱན༴   རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་དགོངས་པ་ཡིས༔   སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་བརྒྱུད་ནས༔   འཛམ་གླིང་བོད་ཀྱི་ལས་ཅན་བྱིན་རླབས་ཏེ༔    འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   གསང་སྔགས་འདུས་བརྒྱུད་ཀྱི་བླ་མ་ལ་གསོལ༴    ཨོ་རྒྱན༴    འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་པ་ཡིས༔   སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་བརྒྱུད་ནས༔   བོ་དྷི་ས་ཏྭའི་བར་དུ་བྱིན་བརླབས་ཏེ༔   འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔   རྒྱུ་འབྲས་དོན་སྟོན་གྱི་བླ་མ་ལ་གསོལ༔   ཨོ་རྒྱན༴    རིག་འཛིན་བྱང་ཆུབ་སེམས་དཔའི་དགོངས་པ་ཡིས༔   གང་ཟག་ལས་ཅན་རྣམས་ལ་བྱིན་བརླབས་ཏེ༔   དུས་ཚོད་འདི་ནས་ལྔ་བརྒྱའི་ཐ་མའི་བར༔   གསང་སྔགས་བཀའ་བཞིན་བསྒྲུབ་པའི་དམ་ཚིག་ཅན༔   གང་ཟག་སྙན་ཁུངས་བརྒྱུད་པ་ལ་གསོལ༴    ཨོ་རྒྱན༴    འདི་ལྟར་མིག་གི་ཡུལ་དུ་སྣང་བ་ཡི༔    [46b] ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔   སྣང་ཡང་བདག་འཛིན་མེད་པའི་ངང་ལ་ཞོག༔   གཟུང་འཛིན་དག་པ་གསལ་སྟོང་ལྷ་ཡི་སྐུ༔   འདོད་ཆགས་རང་གྲོལ་གྱི་བླ་མ་ལ་གསོལ༴    ཨོ་རྒྱན༴    འདི་ལྟར་རྣ་བའི་ཡུལ་དུ་གྲགས་པ་ཡི༔   སྙན་དང་མི་སྙན་འཛིན་པའི་སྒྲ་རྣམས་ཀུན༔   གྲགས་སྟོང་བསམ་མནོ་བྲལ་བའི་ངང་ལ་ཞོག༔   གྲགས་སྟོང་སྐྱེ་འགག་མེད་པ་རྒྱལ་བའི་གསུང་༔   གྲགས་སྟོང་རྒྱལ་བའི་གསུང་ལ་གསོལ༴    ཨོ་རྒྱན༴    འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔   ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔   སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔   འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ༔   རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ༴    ཨོ་རྒྱན༴    ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང་༔   ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔   བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔   དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔   བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔   དེ་ལྟར་རྒྱུན་ཆད་མེད་པར་གསོལ་བ་ཐོབ༔   ནམ་མཁའི་སྙིང་པོ་རིག་པའི་བཙན་ས་ཟུངས༔   བདག་དང་འབྲལ་བ་མེད་པར་བདེ་ཆེན་གནས་སུ་སྤྱོན༔   ཞེས་གསུངས་སོ༔   དེ་ནས་སྣ་ནམ་ [47a] རྡོ་རྗེ་བདུད་འཇོམས་ཀྱིས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   ཉིད་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔   སངས་རྒྱས་ཐམས་ཅད་འདུས་པའི་གསུང་༔   སངས་རྒྱས་ཐམས་ཅད་འདུས་པའི་ཐུགས་༔   བདེ་གཤེགས་འདུས་པའི་ཐུགས་རྗེ་ཅན༔   པདྨ་འབྱུང་གནས་རྒྱལ་བའི་སྐུཿ    ཁྱོད་ལས་ལྷག་པ་གཞན་ན་མེད༔   བདག་དང་མ་འོངས་དོན་ཆེད་དུ༔   ཉིད་ཀྱི་བྱོན་ཚུལ་མཛད་ཚུལ་ལ༔   བརྟེན་ནས་དང་བ་འདྲེན་པ་དང་།   ཡིད་ཆེས་མོས་གུས་སྐྱེ་བ་ཡི༔   གསོལ་འདེབས་བྱིན་གྱིས་རློབས་པའི་གསུང་༔   བདག་ལ་ཐུགས་རྗེས་གནང་བར་ཞུ༔   ཞེས་ཞུས་སོ༔   བཀའ་སྩལ་པ༔   ཉོན་ཅིག་སྔགས་ཀྱི་རྣལ་འབྱོར་པ་༔   ང་ཡི་རྣམ་ཐར་མཛད་ཚུལ་ནི༔   བསམ་གྱིས་མི་ཁྱབ་བརྗོད་མི་ལང་།   འོན་ཀྱང་འཛམ་གླིང་བོད་ཡུལ་དུ༔   སྤྲུལ་པས་འགྲོ་དོན་བྱས་པའི་ཚུལ༔   ཅུང་ཞིག་བཤད་ཀྱིས་གུས་པས་ཉོན༔   རྒྱུན་ཆད་མེད་པར་གསོལ་བ་ཐོབ༔   ཅེས་གསུངས་སོ༔    ཨེ་མ་ ཧོཿ    ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔   སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔   ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་སྟེང་དུ༔   པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔   རང་བྱུང་ངོ་མཚར་ཅན་ལ་གསོལ་བ་འདེབས༔   ཨོ་རྒྱན༴       ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ༔   རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་བྱོན༔   མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔    [47b] བདེ་གཤེགས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ༔   སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ༴    ཨོ་རྒྱན༴    ལས་ཅན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཡིས༔   རྒྱ་མཚོ་ཆེན་པོའི་གླིང་ནས་རྙེད་དེ་བྱོན༔   དད་པས་སྤྱན་དྲངས་རྒྱལ་པོར་མངའ་གསོལ་མཛད༔   རྒྱལ་སྲིད་ཆོས་ཀྱི་ཁྲིམས་ཀྱིས་བདེ་ལ་བཀོད༔   རྒྱལ་པོ་ཐོར་ཅོག་ཅན་ལ་གསོལ༴    ཨོ་རྒྱན༴    ལྷོ་ཕྱོགས་བའིལ་བ་ཚལ་གྱི་དུར་ཁྲོད་དུ༔   རྒྱལ་སྲིད་སྤངས་ནས་བརྟུལ་ཞུགས་སྤྱོད་པ་མཛད༔   ཏ་ན་ག་ནའི་སྦྱོར་སྒྲོལ་དགོངས་པ་ཡིས༔   མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔   ཤཱནྟ་རཀྵི་ཏ་ལ་གསོལ༴    ཨོ་རྒྱན༴     ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་སྤྱོད་པ་མཛད༔   ཡེ་ཤེས་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས༔   རྡོ་རྗེ་ཕག་མོའི་ཞལ་མཐོང་དངོས་གྲུབ་ཐོབ༔   ནམ་མཁའི་གཟའ་ཆེན་ཐམས་ཅད་བྲན་དུ་བཀོལ༔   རྡོ་རྗེ་དྲག་པོ་རྩལ་ལ་གསོལ༴    ཨོ་རྒྱན༴    བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ༔   སློབ་དཔོན་པྲ་བྷ་ཧསྟའི་སྤྱན་སྔར་བྱོན༔   རྣལ་འབྱོར་ཡོ་གའི་ཆོས་ལ་སྦྱངས་པ་མཛད༔   ཡོ་གའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་པའི༔   ཤཱཀྱ་སེང་གེའི་སྐུ་ལ་གསོལ༴      ཨོ་རྒྱན༴    རྒྱ་གར་ཡུལ་ [48a] གྱི་ཕྱོགས་བཞིའི་གནས་ཆེན་དུ༔   རིག་འཛིན་གྲུབ་ཐོབ་མང་པོའི་སྤྱན་སྔར་བྱོན༔   ཡོ་ག་རྣམ་གསུམ་ཆོས་ལ་སྦྱངས་པ་མཛད༔   མཚན་ཉིད་རྒྱུ་ཡི་ཆོས་ཀྱི་སྒྲོ་འདོགས་བཅད༔   མཁས་པ་བློ་ལྡན་མཆོག་སྲེད་ལ་གསོལ༴     ཨོ་རྒྱན༴     བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ༔   འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབས་པའི་ཚེ༔   མགོན་པོ་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས༔   སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར༔   འཆི་མེད་པདྨ་འབྱུང་གནས་ལ་གསོལ༴    ཨོ་རྒྱན༴     ཟ་ཧོར་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔   མ་རིག་འཁྲུལ་པའི་སེམས་ཅན་ཆོས་ལ་བཙུད༔   ཡ་མཚན་རྨད་དུ་བྱུང་བ་རྫུ་འཕྲུལ་བསྟན༔   རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔   པདྨ་སམྦྷའི་སྐུ་ལ་གསོལ༴   ཨོ་རྒྱན༴     ཨོ་རྒྱན་རྒྱལ་ཁམས་འདུལ་དུ་གཤེགས་པའི་ཚེ༔   གཤེད་མས་མེ་ཡི་དབུས་སུ་བསྲེགས་པ་ན༔   མེ་དཔུང་མཚོ་རུ་བསྒྱུར་ཏེ་རྫུ་འཕྲུལ་བསྟན༔   ཨིནྡྲ་བྷཱུ་ཏི་བྱང་ཆུབ་ལམ་ལ་བཀོད༔   སྲས་མཆོག་པདྨ་རྒྱལ་པོ་ལ་གསོལ༴   ཨོ་རྒྱན༴     འོག་མིན་གནས་དང་བདེ་ཆེན་དུར་ཁྲོད་དང་༔   ལྷུན་ [48b] གྲུབ་བརྩེགས་དང་པདྨ་བརྩེགས་ལ་སོགས༔   རང་བྱུང་མཆོད་རྟེན་དྲུང་དུ་བཞུགས་པའི་ཚེ༔   མ་མོ་མཁའ་འགྲོ་ཆོས་སྐྱོང་འཁོར་གྱིས་བསྐོར༔   གུ་རུ་ཉི་མའི་འོད་ཟེར་ལ་གསོལ༴    ཨོ་རྒྱན༴    ལྷོ་ཕྱོགས་རྒྱ་གར་ཡུལ་དུ་གཤེགས་པའི་ཚེ༔   མཁའ་འགྲོ་བདུད་འདུལ་མ་ཡིས་བྱིན་གྱིས་བརླབས༔   མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་བཟློག༔   ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔   འཕགས་པ་སེང་གེ་སྒྲ་སྒྲོགས་ལ་གསོལ༴    ཨོ་རྒྱན༴     བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔   ཡང་དག་བདེ་ཆེན་སྙིང་པོ་བསྒྲུབས་པའི་ཚེ༔   བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ༔   ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔   རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ༴     ཨོ་རྒྱན༴     བྱང་ཕྱོགས་རྒྱལ་པའི་དོན་ལ་བྱོན་པའི་ཚེ༔   བོད་ཀྱི་གནོད་སྦྱིན་ཐམས་ཅད་དམ་ལ་བཏགས༔   བསམ་ཡས་མངའ་གསོལ་རྒྱལ་པོའི་དགོངས་པ་བསྒྲུབས༔   བོད་ཡུལ་ཐམས་ཅད་ཆོས་ཀྱིས་གང་བར་མཛད༔   སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ༴    ཨོ་རྒྱན༴    བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ༔   སྒྲུབ་ཆེན་བཀའ་བརྒྱད་གསང་སྔགས་དཀྱིལ་ [49a] འཁོར་དུ༔   ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་པར་མཛད༔   གསང་སྔགས་འབྲས་བུའི་ཐེག་པ་རྒྱས་པར་མཛད༔    བཀའ་དྲིན་བསམ་ལས་འདས་ལ་གསོལ༴    ཨོ་རྒྱན༴    སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔   གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ༔   གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས༔   མ་འོངས་སྙིམས་མའི་སེམས་ཅན་ཐུགས་རྗེས་གཟིགས༔   རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ༴    ཨོ་རྒྱན༴     བོད་ཀྱི་གངས་ཆེན་བཞི་ལ་སྒྲུབ་ཁང་མཛད༔   བྲག་ཕུག་ཆེན་པོ་བརྒྱད་པ་ཡང་དབེན་མཛད༔   ཕྱོགས་བཞིའི་བྲག་ལ་སྤྲུལ་སྐུའི་ཞབས་རྗེས་བཞག༔   གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག༔   འགྲོ་དྲུག་སྒྲིབ་སྦྱོང་མཛད་ལ་གསོལ༴    ཨོ་རྒྱན༴    ལྷོ་ཕྱོགས་མོན་ཁའི་བྲག་ལ་སྐུ་རྗེས་བཞག༔   སྐུ་ཚབ་གཏེར་ལྔ་བོད་ཀྱི་དོན་ལ་བཞག༔   སངས་རྒྱས་བསྟན་པ་མཐའ་རུ་རྒྱས་པར་མཛད༔   བོད་ཀྱི་ལྷ་གཅིག་འགྲོ་བ་ཡོངས་ཀྱི་དཔལ༔   ཐུགས་རྗེ་ཁྱད་པར་ཅན་ལ་གསོལ   ཨོ་རྒྱན༴     ལྷོ་ནུབ་རྔ་ཡབ་གླིང་ཕྲན་དཔལ་རིའི་རྩེར༔   རིག་འཛིན་མཁའ་འགྲོ་མང་པོའི་རྒྱལ་པོའི་མཛད༔   ཤ་ཟ་སྲིན་པོ་ [49b] ཐམས་ཅད་དམ་ལ་བཏགས༔   བོད་ལ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས༔   དྲིན་ཆེན་སྤྲུལ་པའི་སྐུ་ལ་གསོལ༴    ཨོ་རྒྱན༴    ལྔ་བརྒྱའི་ཐ་མར་བོད་ཀྱི་སེམས་ཅན་ལ༔    ལས་ངན་དབང་གིས་སྡུག་བསྔལ་རྒྱུན་ཆད་མེད༔   ཁྱོད་ཀྱི་རྣམ་ཐར་དྲན་ཅིང་གསོལ་འདེབས་ནི༔   བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔   ཐུགས་རྗེ་གཟིགས་ལ་བྱིན་གྱིས་བརླབ་ཏུ་གསོལ༔   རྡོ་རྗེ་བདུད་འཇོམས་ལེགས་པར་གུས་པས་ཏོན༔   ང་ཡི་རྣམ་ཐར་དྲན་ཅིང་གསོལ་བ་ཐོབ༔   ཚེ་འདིར་པདྨ་ང་ཡི་བྱིན་གྱིས་རློབ༔   ཕྱི་མ་བྱང་ཆུབ་ལམ་ལ་འགོད་པར་ངེས༔   ཞེས་གསུངས་སོ༔   དེ་ནས་ལྷ་སྲས་མུ་ཁྲི་བཙན་པོས་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   དུས་མ་འོངས་པ་ལྔ་བརྒྱ་སྙིགས་མ་ལ་ཐུག་པའི་ཚེ༔   སེམས་ཅན་ཐམས་ཅད་ལས་ངན་གྱི་དབང་གིས་སྡུག་བསྔལ་ཤ་སྟག་ལ་སྤྱོད་དགོས་པར་གསུངས་གདའ༔   དེ་རྣམས་ལ་ཐུགས་རྗེས་གཟིགས་ནས་སྡུག་བསྔལ་ལས་སྐྱོབ་ནུས་པའི་གསོལ་འདེབས་ཤིག་ཞུ་ཞེས་ཞུས་སོ༔   བཀའ་སྩལ་པ༔   ཉོན་ཅིག་མ་ཁྲི་བཙན་པོ༔   ཚ་བའི་ཡུལ་མེད་ན་རྒྱ་སྐྱེགས་ཀྱི་ནུས་པ་མི་འགོ༔   དད་པའི་ཞིང་ས་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མི་སྐྱེ༔   ཡིད་ཁྱེད་ཤེས་ཀྱི་བློ་མ་ཁེལ་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང་༔   ཉོན་ཅིག་ལྷ་སྲས༔   སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་དེ༔    [50a] འགྲོ་དྲུག་དུག་ལྔའི་བདག་འཛིན་སྟོབས་ཆེ་བས༔   འཁོར་བ་དོང་ནས་སྤྲུགས་པར་མ་གྱུར༔   ལྷ་སྲས་རང་ཡང་བོད་འབངས་ཕྱི་མ་རྣམས་སྡུག་བསྔལ་ལས་སྐྱོབ་པར་འདོད་ན༔   ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པར་གྱིས༔   བློ་དཀོན་མཆོག་གསུམ་ལ་གཏོད་ཅིག་ཅེས་ཞལ་ཆེམས་བུ་འབངས་ལ་ཞོག༔   དུས་རྒྱུན་དུ་མོས་པས་འདི་ལྟར་དུ་གསོལ་བ་ཐོབ་ཅེས་གསུངས་སོ༔      ཨེ་མ་ ཧོཿ     ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔   མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་རྗེ་ཡིས༔   འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་དགོངས༔   ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི༔   དུས་གསུམ་བདེ་གཤེགས་རྣམས་ལ་གསོལ༴    ཨོ་རྒྱན༴    སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ༔   མེ་ཏོག་པདྨ་འབར་བའི་སྡོང་པོ་ལ༴    ཕ་དང་མ་མེད་རང་བྱུང་ཤུགས་ལས་བྱུང༔   རྒྱུ་མེད་རྐྱེན་མེད་འགྲོ་བའི་དོན་ལ་བྱོན༔   རང་བྱུང་ངོ་མཚར་ཅན་ལ་གསོལ༴    ཨོ་རྒྱན༴    སངས་རྒྱས་ཀུན་གྱི་སྐུ་ཡི་སྤྲུལ་པ་སྟེ༔   རང་བྱུང་མཚན་དང་དཔེ་བྱད་ལྡན་པར་བྱོན༔   ཉི་མ་སྟོང་གི་འོད་ལས་གཟི་མདངས་ཆེ༔   ཁྱོད་ཀྱི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགྱེད༔   ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ༴    ཨོ་རྒྱན༴    སངས་རྒྱས་ཀུན་གྱི་གསུང་གི་སྤྲུལ་པ་སྟེ༔    [50b] མ་ཆགས་པདྨའི་སྡོང་པོའི་རྩེ་ལས་འཁྲུངས༔    འབྲུག་ཆེན་སྟོང་གི་སྒྲ་བས་གསུང་གདངས་ཆེ༔   འགྲོ་བའི་དོན་དུ་ཐེག་ཆེན་ཆོས་སྒྲ་སྒྲོགས༔   འབྲུག་ལྟར་སྒྲོགས་པའི་གསུང་ལ་གསོལ༴     ཨོ་རྒྱན༴    སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་སྟེ༔   རྒྱ་མཚོ་གཏིང་མཐའ་མེད་པའི་ཀློང་ལས་སྐྱེས༔   ནམ་མཁའི་གློག་ལས་ཐུགས་རྗེའི་ཕྲིན་ལས་མྱུར༔   དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ༔   ཅིར་ཡང་ས་ལེའི་ཐུགས་ལ་གསོལ༴    ཨོ་རྒྱན༴    འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུའི་སྐུ༔   ཁྱོད་ཀྱི་མཚན་ཐོས་ཙམ་གྱིས་སྡུག་བསྔལ་སེལ༔   འཇའ་ཚོན་བཞིན་དུ་ཡོན་ཏན་སོ་སོར་གསལ༔   སྐད་ཅིག་དྲན་པས་བྱང་ཆུབ་ལམ་སྣ་འདྲེན༔   ཡོན་ཏན་ཀུན་འབྱུང་ཁྱོད་ལ་གསོལ༴    ཨོ་རྒྱན༴    ཐུགས་རྗེའི་ཕྲིན་ལས་དབང་གིས་དོན་མཛད་པའི༔    ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་ཡིས༔   ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔   ནམ་མཁའི་སྐར་ལྟར་ཕྲིན་ལས་བསམ་མི་ཁྱབ༔   ཕྲིན་ལས་རྒྱ་མཚོའི་རླབས་ལ་གསོལ༴     ཨོ་རྒྱན༴     སྟེང་འོག་ཕྱོགས་བཞིར་འགྲ་བའི་དོན་མཛད་ཀྱང་༔   བོད་ཡུལ་ [51a] ཁ་བ་ཅན་དུ་ཐུགས་རྗེས་གཟིགས༔   བོད་ཀྱི་མངའ་བདག་རྗེ་འབངས་ཐམས་ཅད་ལ༔   དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔   འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔    ཞེས་གསུངས་སོ༔   དེ་ནས་འཁོར་གྱི་ཞུ་བ་པོ་རྣམ་པ་ལྔས་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ༔   ཕྱག་དང་བསྐོར་བ་བྱས་ཏེ་ཞུས་པ༔   ཀྱེ་སློབ་དཔོན་ཆེན་པོ་ལགས༔   འདི་ལྟ་བུའི་གསོལ་འདེབས་ཁྱད་པར་ཅན་གསུངས་པ་བཀའ་དྲིན་ཆེ་ལགས༔   གསོལ་བ་འདེབས་པ་ལ་གང་ཟག་ཐ་མལ་པའི་ཅ་ཅོའི་སྒྲ་མི་གདགས་ཤིང་༔   དུས་མ་འོངས་པའི་གང་ཟག་རྣམས་སྡུག་བསྔལ་གྱིས་ཉེན་པས༔   སློབ་དཔོན་ཉིད་རྗེས་སུ་དྲན་ནས་གསོལ་བ་འདེབས་ན༔   ངག་གི་གདངས་ཇི་ལྟར་དུ་གདགས་ལགས་ཞེས་ཞུས་སོ༔   བཀའ་སྩལ་པ༔    ང་ཡི་རྗེས་འཇུག་འཁོར་བ་སྤོང་འདོད་རྣམས༔   དད་གུས་མོས་པས་རྒྱུན་དུ་གསོལ་བ་ཐོབ༔   རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ༔   ཁྱེའུ་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔   པི་ཝཾ་གླིང་བུའི་གདངས་ལྟར་སྙན་པ་ཡིས༔   ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔   འདི་མན་ཤླཽཀ་བཞི་དང་རྐང་པ་གཉིས་པོ་འདི་ཁྲི་སྲོང་རྣམ་འཕྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཁ་སྐོང་དུ་མཛད།  ཅེས་གསུངས་སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན༔   གུས་ཤིང་གདུང་ཤུགས་དྲག་པོས་གསོལ་འདེབས་བུར༔   །ཀྱེ་མ་ཐུགས་རྗེས་གཟིགས་ཤིག་མཧཱ་གུ་རུ།   །བྱིན་གྱིས་རློབས་ཤིག་རྗེ་བཙུན་ཐོད་ཕྲེང་རྩལ།   །བར་ཆད་ཀུན་སོལ་བདུད་འདུལ་དྲག་པོ་ [51b] རྩལ།   །དངོས་གྲུབ་མཆོག་སྩོལ་ཨོ་རྒྱན་རིན་པོ་ཆེ།   །ད་ལྟ་རྩོད་དུས་ལྔ་བརྒྱའི་སྙིགས་དུས་འདིར།   །འབྱུང་པོས་རྒྱུད་དཀྲུགས་སྐྱེ་བོས་ལོག་པར་འཚེ།   །མཐའ་ཡི་དམག་དཔུང་ནད་མཚོན་མུ་གེ་སོགས།   །བྱུར་དང་ལྟས་ངན་གནོད་པ་ཀུན་ཞི་ཞིང་།   །རྒྱལ་བའི་བསྟན་དང་ཁྱད་པར་ཐེག་དགུའི་སྲོལ།   །དེ་འཛིན་ཚོགས་རྣམས་དར་སྨིན་རྒྱས་གྱུར་ཅིག  །   ཕུན་ཚོགས་བསམ་ཡས་ལྷུན་གྲུབ་ཕོ་བྲང་གནས།   །པདྨ་འབྱུང་གནས་ལམ་ཟབ་ཆོས་སྟོན་པ།   །ཐེག་ཆེན་རྒྱལ་སྲིད་རིན་ཆེན་བདུན་ལྡན་ཅིས།   །སྐལ་ལྡན་ལས་ཅན་དག་པ་རྣམ་ལྔའི་འཁོར།   །འོད་དཀར་རྒྱལ་གྱིས་གང་བའི་བཀྲ་ཤིས་དུས།   །དེང་འདིར་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོག   །མ་འོངས་ཐ་མའི་དུས་སུ་ནུབ་ཕྱོགས་སུ༔   ང་ཡི་རྗེས་འཇུག་སྦས་པའི་རྣལ་འབྱོར་པ༔   འགྲོ་དོན་ཆེད་སྤྱོད་ལྷག་པར་ང་ལ་མོས༔   ཐེ་ཚོམ་ཆུང་ཞིང་ཆོས་རྒྱལ་གདུང་བརྒྱུད་སྐྱོབ༔   དེ་འདྲའི་ལས་ཅན་སྙིགས་མའི་དུས་སུ་འབྱུང་༔   ཞེས་པའི་ལས་ཅན་དོན་དུ་གཏེར་དུ་སྦོས༔   སཱ་མཱ་གྠ༔   ན་མོ་གུ་རུ༔   སློབ་དཔོན་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས་སུ༔   གུང་ཐང་ལ་ཐོག་ཏུ་ལྷ་སྲས་མུ་ཁྲི་བཙན་པོས་ཕྱག་དང་བསྐོར་བ་བྱས༔   ཞབས་སྤྱི་བོས་གཏུགས༔   ན་བཟའི་སླེབ་མོ་ལ་འཇུས་ཏེ༔   སྤྱན་ཆབ་ཕྱུངས་ནས་བཤུམ་ཞིང་སྨྲེ་སྔགས་ཀྱི་ཞུ་བ་ཕུལ་བ༔   ཀྱེ་མ་གུ་རུ་རིན་པོ་ཆེ༔   ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔   མང་ཡུལ་གུང་ [52a] ཐང་གངས་འགྲམ་འདིར༔   བདག་གི་བུ་བརྒྱུད་གནས་བྱས་ཏེ༔    དམངས་སུ་འབེབས་ཤིང་སྡུག་བསྔལ་ན༔   བོད་ཀྱི་རྒྱལ་པོ་སྙིང་རེ་རྗེ༔   བདག་གི་བུ་བརྒྱུད་སུ་ལ་རེ༔   ལས་སུ་དམག་དང་འཁྲུག་པ་བྱེད༔   དབེན་གནས་གཉན་པོ་འདྲལ་བ་དང་༔   རི་ཀླུང་ཇག་པའི་རྒྱུག་ས་བྱེད༔   ཆོས་ལ་སྒྲུབ་ལོང་མེད་པས་ན༔   བླ་མཆོད་རྣམ་གཉིས་འོ་རེ་བརྒྱལ༔   ཕྱིས་འབྱུང་དད་ལྡན་སྙིང་རེ་རྗེ༔   གཙུག་ལག་ཁང་དུ་འཁྲུགས་ཁང་བྱེད༔   སྐུ་གསུང་ཐུགསཀྱི་རྟེན་རྣམས་བཤིག༔   དམ་རྫས་མི་ནག་སྐྱེ་བོས་སྤྱོད༔   དབེན་སར་བོན་གྱིས་བསྭ་སྒྲ་སྒྲོགས༔   ཆོས་འཁོར་འཇིག་ལ་ཐུག་པ་ན༔   དམ་པའི་རྟེན་རྣམས་འོ་རེ་བརྒྱལ༔   ཆོས་འཁོར་བཀའ་སྲུང་སུ་ལ་རེ༔    ཆེ་བཙུན་ཟས་ངན་དུག་གིས་གསོད༔   མི་ཆེན་སྲོག་ལ་ཧུར་ཐུམ་བྱེད༔   ཡ་རབས་མནོང་པོས་དམངས་སུའབེབས༔    སྙིང་བརྩེའི་གྲོགས་ཀྱིས་བློ་བརྐུ་ན༔   བོད་ཀྱི་ཞང་བློན་སྙིང་རེ་རྗེ༔   རྒྱལ་པོའི་ཐུགས་གཅེས་སུ་ལ་རེ༔   ནད་མཚོན་མུ་གེའི་བསྐལ་པ་དར༔   མཐའ་ཡི་མི་བཞི་དབུས་སུ་ཤོར༔   འདྲེ་བགེགས་འབྱུང་པོས་ཚ་རག་གཏོང་༔   ཅི་མི་འབོད་པ་འབྱུང་བ་ན༔   འབོད་འབངས་སྡུག་བསྔལ་སྙིང་རེ་རྗེ༔   སྐྱབས་མེད་སེམས་ཅན་སུ་ལ་རེ༔   ཁྲི་སྲོང་ལྡེའུ་བཙན་དགུང་ལ་གཤེགས༔   གུ་རུ་ཨོ་རྒྱན་གནས་ལ་གཤེགས༔   མུ་ཁྲི་བཙན་པ་བོད་དུ་བོར༔   ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ༔   གུ་རུ་ཐུགས་རྗེ་ཆུང་ལགས་སོ༔   བདག་གི་བསོད་ནམས་ཆུང་ལགས་སོ༔   ཆོས་འཁོར་བསྟན་པ་ཉམས་ལགས་སོ༔   བོད་འབངས་སྐྱིད་པ་ཟད་ལགས་སོ༔   ཡབ་དང་གུ་རུ་བཞུགས་དུས་སུ༔   མུ་ཁྲི་བཙན་པོ་མི་འགུམ་པ༔   བདག་གི་བློ་གཏད་སུ་ལ་འཆའ༔   སྙིང་བརྩེའི་གྲོས་ནི་སུ་ཡིས་འདེབས༔   དམ་པའི་ཆོས་ནི་སུ་ལ་ཞུ༔   འཆི་དུས་འཕོ་བ་སུ་ཡིས་འདེབས༔   བར་དོའི་སྡུག་བསྔལ་སུ་ཡིས་སེལ༔   སྒྲིབ་སྦྱོང་ཕྲིན་ལས་སུ་ཡིས་མཛད༔   ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཆུང་༔   ཞེས་སྨྲེ་སྔགས་འདོན་ [52b] ཅིང་ལྷ་སྲས་དྲན་མེད་དུ་བརྒྱལ་ལོ༔   དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱལ་པོའི་སྙན་ཁུང་དུ་ལྗགས་ཀྱི་ཆབ་གཏོར་ནས་དྲན་པ་གསོས༔   ལྷ་སྲས་ཀྱི་དབུ་སྐུ་པང་དུ་བླངས་ཏེ༔   འདི་སྐད་གསུངས་སོ།   ཉོན་ཅིག་བོད་ཀྱི་རྒྱལ་པོ་དད་པ་ཅན༔   ལས་ཅན་མོས་གུས་ལྡན་པ་ང་ཡི་བུ༔   ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་མཐའ་རུ་འཁྱོལ༔   ཐུགས་ངལ་མཛད་ལྷ་སྲས་བོད་ཀྱི་རྗེ༔   བདག་ནི་ད་དུང་བོད་ཀྱི་དོན་ལ་མཆི༔   དད་པ་ཅན་ལ་དངོས་སུ་དམ་ཆོས་སྟོན༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   བདག་ནི་ད་དུང་བོད་ཀྱི་དོན་ལ་མཆི༔   དད་པ་ཅན་ལ་དངོས་སུ་དམ་ཆོས་སྟོན༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   ཁྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་མ་ལུས་པ༔   ང་ཡི་ཞལ་མཐོང་ཙམ་ལ་འདག་པར་ངེས༔    ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   འདི་ནི་སྐྱེ་བོ་བཅུ་དྲུག་འགྲོ་དོན་མཛོད༔   དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྤྱོན༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   མང་ཡུལ་གུང་ཐང་གངས་རིའི་འདབས་འདི་རུ༔   ཉིད་ཀྱི་གདུང་བརྒྱུད་ཕྱི་མ་འབྱོན་པ་རྣམས༔   གདུང་བརྒྱུད་མ་ནོར་ཆོས་ཀྱི་རྒྱལ་སྲིད་སྐྱོངས༔   ང་ཡི་ཐུགས་རྗེས་རྒྱུན་ཆད་མེད་པར་གཟིགས༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   དབེན་གནས་ཆོས་མཛད་དད་གུས་ལྡན་པ་ཡིས༔   རྒྱལ་བའི་བཀའ་དང་ཐུགས་རྗེའི་གདུལ་བྱ་རྣམས༔    ང་ཡི་བྱིན་རླབས་ཐུགས་རྗེས་སྐྱོབ་ལགས་ཀྱི༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   སྐལ་མེད་སྡིག་སྤྱོད་ལོག་ལྟ་བདུད་ཀྱི་རིགས༔   རྟོག་དཔྱོད་འགྲན་སེམས་ནག་པོའི་སེམས་ཅན་ནི༔   བདག་གིས་མི་སྐྱོབ་ལས་ངན་དག་ལ་སྤྱོད༔   ད་ལྟའི་ནང་བློན་ནག་པོ་འདི་རྣམས་ཀྱང་༔   རྗེ་ཡི་ཐུགས་དཀྲུགས་བདག་གི་དམ་ལས་ཉམས༔   ད་དུང་ངན་སོང་གསུམ་དུ་ངེས་པར་འགྲོ༔   འོན་ཀྱང་ང་ཡི་ཞལ་མཐོང་གསུང་ཐོས་པས༔   ཐ་མ་ལས་ངན་དག་ནས་བདག་གི་གདུལ་བྱར་སྐྱེ༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   དུས་ངན་ཐ་མ་མཐར་ཐུག་སླེབ་ཀ་རུ༔   རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔   སྦས་པའི་རྣལ་འབྱོར་གཅིག་གི་སྨོན་ལམ་གྱིས༔   ངམ་ཡི་གཏེར་འདོན་ལྷ་སྲས་གདུང་བརྒྱུད་སྐྱོབ༔     [53a] ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   དུས་ངན་ཐ་མའི་སེམས་ཅན་ཟོག་པོས་འདུལ༔   དེ་ཡི་སྐྱོན་གྱིས་ལོག་ལྟའི་འདམ་ལ་ཚུད༔   ཆོས་དང་ཆོས་འདྲ་མི་བྱེད་ཐོ་ཚོམ་ཆེ༔   རི་བོ་བཀྲ་བཟང་འདབས་སུ་འབྱུང་བ་དེ༔   གསང་སྔགས་ཐེག་པ་ཆེན་པོའི་བཀའ་དང་མཚུངས༔   དགེ་བའི་ཚུལ་སྤྱོད་སྦས་པའི་རྣལ་འབྱོར་པས༔   གུང་ཐང་རྒྱལ་པོ་རྗེ་འབངས་སྐྱོབས་པར་ངེས༔   ཐུགས་ངལ་མ་མཛད་ལྷ་སྲས་བོད་ཀྱི་རྗེ༔   ཞེས་གསུངས་སོ༔   དེའི་དུས་སུ་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་ཞེས་བྱ་བ་གསུངས་སོ༔   གུ་རུའི་ཞལ་ནས༔   ལྷ་སྲས་ཉིད་བུ་འབངས་ཀྱི་དོན་དུ་ཐུགས་ཤིན་ཏུ་བརྩེ་བས༔   ངས་རྒྱལ་པོའི་གདུང་བརྒྱུད་རྣམས་ལ་དུས་སྙིགས་མའི་མཐར་ཐུག་པའི་བར་དུ་བྱིན་རླབས་ཐུགས་རྗེས་སྐྱོབ་ཀྱི༔   ལྷ་སྲས་རང་བུ་འབངས་ལ་ཞལ་ཆེམས་འདི་ལྟར་དུ་ཞོག་ཅེས་གསུངས་སོ༔   རིགས་བཟང་ཁུངས་བཙུན་འོད་གསལ་ལྷ་ཡི་བརྒྱུད༔   མུ་ཁྲི་བཙན་པོ་མན་ཆད་གདུང་བརྒྱུད་མ་ཆད་བར༔   བདག་གི་ཐུགས་རྗེ་རྒྱུན་དུ་བཟུང་ལགས་ཀྱི༔   སྡིག་སྤྱོད་གྲོགས་དང་བློན་པོའི་ཁར་མ་བཏང་༔   རྒྱལ་ཁྲིམས་ཆོས་ཀྱི་ཁྲིམས་ཀྱིས་འཚོ་བར་མཛོད༔   ཆོས་མེད་དྲེད་པོ་ཟོལ་ཟོག་གཡོ་སྒྱུ་ཅན༔   སྙིགས་དུས་འབྱུང་བས་ཚར་ཆོད་ཆོས་ཁྲིམས་ཚུགས༔    ཆོས་བཞིན་སྤྱོད་པས་རྒྱལ་ཁམས་བདེ་བར་འགྱུར༔   སྐུ་སྲོག་ཉེན་ཞིང་མངའ་ཐང་འཕྲོག་པ་དང་༔   རྒྱལ་པོ་དམངས་སུ་འབེབས་པའི་གལ་བྱུང་ན༔   ལྷ་སྲིན་དཔང་དུ་ཚུགས་ལ་བཟློག་པ་མཛོད༔   སྙིགས་དུས་གུང་ཐང་ [53b] རྒྱལ་པོར་སྙིང་བརྩེའི་ཕྱིར༔    བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལ༔   ལྷ་སྲས་གདུང་བརྒྱུད་སྐྱོབ་པའི་མན་ངག་བདོག༔   དེ་དུས་སྐྱེ་འགྲོ་མི་རྣམས་ཐེ་ཚོམ་ཆེ༔   ལོག་ལྟ་མ་བྱེད་ང་ཡི་བཀའ་བཞིན་སྒྲུབས༔   ཐུང་ཐང་རྒྱལ་པོའི་བསམ་པ་དེ་ཡིས་འགྲུབ༔   སྡིག་སྤྱོད་རྒྱལ་པོ་བདག་གིས་སྐྱོབ་མི་འགྱུར༔   ཞེས་གསུངས་སོ༔   གུ་རུའི་ཞལ་ནས༔   ལྷ་སྲས་ཀྱི་གདུང་རབས་ཐ་མ་མང་ཡུལ་གུང་ཐང་དུ་ང་ཡི་གཏེར་གྱིས་སྐྱོབ་པའི་དུས་སུ༔   བོད་སྡུག་པའི་དུས་ལ་བབས་པ་ཡིན་ཏེ༔   སེམས་ཅན་ལ་ཅི་མི་འདོད་པ་འབྱུང་༔   སྟེང་ལྷ་སྲིན་འཁྲུགས༔   འོག་ཀླུ་གཉན་འཁྲུགས༔   བར་གཞི་བདག་འཁྲུགས༔   སྡིག་སྤྱོད་རྒྱལ་པོ་འཁྲུགས༔   དམངས་ཕལ་པ་འཁྲུགས༔   ཕ་སྤུན་ནང་འཁྲུགས༔   དེའི་དུས་སུ་སངས་རྒྱས་བསྟན་པ་མཐའ་ལ་ཐུག༔   ཡི་དམ་ལྷའི་དངོས་གྲུབ་ཡལ༔   མཁའ་འགྲོ་ཆོས་སྐྱོང་རི་རབ་ལ་ཞལ་གཟིགས༔   སེམས་ཅན་གྱི་སྐྱིད་པ་ཟད་པ་ཡིན༔   གུང་ཐང་རྒྱལ་པོ་ཡོན་མཆོད་རྗེ་འབངས་རྣམས༔   ང་ཡི་བཀའ་བཞིན་སྒྲུབས་ལ་གཏེར་གྱི་ཆོས་ལ་སྤྱད༔   པདྨ་བདག་གི་ཐུགས་རྗེ་མྱུར་ལ་སྟོབས་ཆེ་བ་དེའི་དུས་སུ་འབྱུང་ངོ་༔   དུས་རྒྱུན་ཆད་མེད་པར་ང་ལ་གསོལ་བ་ཐོབ་ཅེས་གསུངས་སོ༔    ཨེ་མ་ ཧོཿ    ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔   སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔   སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔   འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔    [54a] འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔   ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔   རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔   ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བར༔   དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔   བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔   རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔   ཨོ་རྒྱན༴     བསམ་པ༴    སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔   ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔   མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔   ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔   བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔    ཨོ་རྒྱན༴    བསམ་པ༴    དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔   ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔   ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔   ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔   འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔   ཨོ་རྒྱན༴    བསམ་པ༴    ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔   སེམས་ [54b] ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔   ཉོན་མོངས་འབྱོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔   དེ་འདྲའི་དུས་ན་ཁྱེད་འདྲའི་ཐུགས་རྗེས་སྐྱོབས༔   དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔   ཨོ་རྒྱན༴    བསམ་པ༴    ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔   ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔   ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔   ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔   ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔   ཨོ་རྒྱན༴    བསམ་པ༴   སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔   མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔   ཡིད་གཉིས་ཐེ་ཚོམ་མེད༴    ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔   ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༴    ཨོ་རྒྱན༴    བསམ་པ༴    འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔   སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔   ཡིད་གཉིས༴   ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔    དབུལ་ཕོངས་བཀྲེས་སྐོམས་སེལ་བར་ཐེ་ཚོམ་མེད༔   ཨོ་རྒྱན༴   བསམ་པ༴    ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ [55a] ན༔   དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔   ཡིད་གཉིས༴    ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔   ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔   ཨོ་རྒྱན༴    བསམ་པ༴    སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔   ཁ་ཆར་བུ་ཡག་འཚུབས་ཤིང་ལམ་འགགས་ན༔   ཡིད་གཉིས༴    ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་གྱིས་བསྐོར༔   ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔   ཨོ་རྒྱན༴    བསམ་པ༴    སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔   འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔   ཡིད་གཉིས༴    ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔   གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔   ཨོ་རྒྱན༴    བསམ་པ༴    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔   སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔   ཡིད་གཉིས༴    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔   འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔   ཨོ་རྒྱན༴    བསམ་པ༴    ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔   བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔   ཡིད་གཉིས༴    ཨོ་རྒྱན་ཕྱག་ [55b] རྒྱ་བཞི་ཡི་དགོངས་པར་ལྡན༔   ཙཽ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔   ཨོ་རྒྱན༴    བསམ་པ༴    གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔   མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔   ཡིད་གཉིས༴    ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔   གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔   ཨོ་རྒྱན༴    བསམ་པ༴   ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔   གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔   ཡིད་གཉིས༴    ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔   བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔   ཨོ་རྒྱན༴     བསམ་པ༴    སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔   འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔   ཡིད་གཉིས༴    ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔   འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔   ཨོ་རྒྱན༴     བསམ་པ༴     གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔   འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔   ཡིད་གཉིས༴    ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔   སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔   ཨོ་རྒྱན༴     བསམ་པ༴     འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔   ཁྱད་པར་ [56a] བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔   དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔   ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔   ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔   ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔   ཞེས་གསུངས་ནས༔   ལྷ་སྲས་ལ་ཐུགས་བརྩེ་བས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་ངོ་༔   དེ་ནས་ལྷ་སྲས་ཀྱིས་གུས་པས་ཕྱག་དང་བསྐོར་བ་བྱས༔   གུ་རུ་ཨོ་རྒྱན་གྱི་ཡུལ་དུ་ཞལ་གཟིགས་ནས་ཉི་ཟེར་ལ་བཅིབས་ནས་བཞུད་དོ༔   ལྷ་སྲས་མུ་ཁྲི་བཙན་པོས་ཉོན་མོངས་རང་གྲོལ་གྱི་མན་ངག་དང་༔   ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་ཞལ་ཆེམས་དང་བཅས་པ་མང་ཡུལ་གྱི་བྲག་རིན་ཆེན་སྤུངས་པ་འདྲ་བ་ལ་གཏེར་དུ་སྦས༔   གཏེར་བདག་བསེའི་ལྷ་མོ་མཆེད་བཞི་ལ་བཅོལ་ལོ༔   ནམ་ཞིག་དུས་ཀྱི་ཐ་མ་ལ༔   ང་ཡི་གདུང་བརྒྱུད་སྡུག་པའི་དུས༔   རི་བོ་བཀྲ་བཟང་ཤར་འབེས་ནས༔   ལས་ཅན་སྐྱེས་བུ་འབྱུང་བའི་ཚེ༔   དེ་ཚེ་དེ་ཡིས་རྙེད་གྱུར་ནས༔   བདག་གི་གདུང་བརྒྱུད་སྐྱོབ་པར་ཤོག༔   ཅེས་གསུངས་སོ༔   སཱམཱངྐ༔   ལྷ་སྲས་མུ་ཁྲི་བཙན་པོའི་ཞལ་ནས༔   ང་ཡི་བུ་འབངས་དད་གུས་ལྡན་པ་རྣམས༔    བླ་མ་སྐུ་གསུམ་གྱི་གསོལ་འདེབས་དེ༔   སྐྱབས་བླ་མ་ནམ་དྲན་དུས་ན་གསོལ་བ་ཐོབ༔   ཡབ་རྒྱལ་པོ་ལ་གསུངས་པ་དེ༔   སྲོད་དྲག་པོའི་དུས་སུ་ [56b] གསོལ་བ་ཐོབ༔   ཇོ་མོ་མཚོ་རྒྱལ་ལ་གསུངས་པ་དེ༔   ཐོ་རངས་རྒྱས་པའི་དུས་སུ་གསོལ་བ་ཐོབ༔   དགེ་སློང་ནམ་མཁའི་སྙིང་པོ་ལ་གསུང་པ་དེ༔   ནམ་ལངས་ཞི་བའི་དུས་སུ་གསོལ་བ་ཐོབ༔   སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་དེ༔   དགོང་མོ་དབང་གི་དུས་སུ་གསོལ་བ་ཐོབ༔   ལྷ་སྲས་མུ་ཁྲི་བཙན་པོ་ལ་གསུངས་པ་དེ༔   ནམ་གུང་མུན་པའི་སྨག་ལ་གསོལ་བ་ཐོབ༔   གུང་ཐང་རྒྱལ་པོ་ལ་གསུངས་པ་དེ༔   ཉིན་གུང་བྲེལ་བ་སྤོངས་ལ་གསོལ་བ་ཐོབ༔   སྤྱིར་སྡུག་བསྔལ་གྱིས་ཉེན་དུས་གསོལ་བ་ཐོབ༔   བདག་རྒྱལ་པོའི་གདུང་བརྒྱུད་མ་ནོར་ཞིང་༔   ཆོས་ཚུལ་བཞིན་སྤྱོད་པའི་ལས་ཅན་ལ༔   སྤྱིར་སངས་རྒྱས་ཐམས་ཅད་བཀའ་དྲིན་ཆེ༔   སྒོས་གུ་རུའི་བཀའ་དྲིན་བསམ་མི་ཁྱབ༔   བདག་ཆོས་སྐྱོང་རྒྱལ་པོའི་ངག་ལ་ཉོན༔   དུས་རྒྱུན་དུ་མོས་པས་གསོལ་བ་ཐོབ༔    ཅེས་གསུངས་སོ༔   གུང་ཐང་རྒྱལ་པོ་ལ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་འགྲུབ་མ་ཞེས་བྱ་བ་འདི་ནི༔   ལྷ་སྲས་མུ་ཁྲི་བཙན་པོས་རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་དུ་སྦས་སོ༔   གཏེར་བདག་ལྷ་མོ་དྲེའུ་ཞོན་མ་ལ་བཅོལ་ལོ༔    སཱམཱངྒ།   ༔   ཐཱབཱ༔   རྒྱ་རྒྱ་རྒྱ༔   ཆུ་ཕོ་འབྲུག་གི་ལོར་རུ་ལག་རྒྱང་གི་ལྷ་ཁང་ནས་སྤྲུལ་སྐུ་བཟང་པོ་གྲགས་པས་གཏེར་ནས་བཏོན་ཏེ།   རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གཏད།   རིག་འཛིན་ཆེན་པོས་ཤོག་སེར་ལས་བསྒྱུར་བའོ།   །གཏེར་རྒྱ༔   སྦས་རྒྱ༔   ཟབ་རྒྱ༔   ཨྠིྀ༔     

[57a] ༈ །བླ་མ་གསང་འདུས་ལས་གསུངས་པའི་ཁྱད་པར་བླ་སྒྲུབ་ཚིག་བ་བུ༔ ཨོ་རྒྱན་བདག་ལ་སྐྱབས་ཚོལ་ན༔ དབེན་པའི་གནས་སུ་རང་འདུག་ནས༔ མི་རྟག་སྐྱོ་བ་སྐྱེ་བ་དང་༔ འཁོར་བས་སུན་པ་རབ་ཏུ་གཅེས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ གཞན་ཡང་སྐྱབས་གྱུར་རེ་ས་རྣམས༔ ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ མཆོད་བསྟོད་མི་འཚལ་རྒྱུ་གསོག་སྤོངས༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཚིག་བདུན་འདི་ཡིས་གསོལ་བ་ཐོབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པས་ཡང་ཡང་གསོལ་བ་ཐོབ༔ གདུང་བ་དྲག་བསྐྱེད་མཆི་མ་ཕྱུང་༔ དད་པས་ཁམས་འདུས་འབྱུང་སྲིད་ན༔ ཧག་གིས་ཐོབ་ལ་ས་ལེར་ཞོག༔ སང་ངེ་ཡེ་རེ་མ་ཡེངས་ལྟ༔ འདི་ལྟར་གསོལ་བ་འདེབས་པའི་བུར༔ ང་ཡིས་སྐྱོབ་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ དབང་ཆེན་རང་ [57b] རིག་སེམས་ལ་ཐོབ༔ ཏིང་འཛིན་མཐུ་བརྟན་ཡེ་ཤེས་རྒྱས༔ བྱིན་རླབས་རང་བྱུང་ཆེན་པོ་ཡིས༔ རང་སྨིན་གཞན་སྤྱོད་སྡུག་བསྔལ་སེལ༔ རང་ཉིད་འགྱུར་ཚེ་གཞན་སྣང་རྣམས༔ དུས་མཉམ་འགྱུར་ཞིང་ཕྲིན་ལས་འགྲུབ༔ ཡོན་ཏན་ཐམས་ཅད་རང་ལ་རྫོགས༔ བདག་ཉིད་ཆེན་པོ་ཆོས་ཀྱི་སྐུར༔ སྨིན་ཅིང་གྲོལ་བའི་ཐབས་ཆེན་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཁྱད་པར་བྱིན་རླབས་ཀྱི་སྒྲུབ་པ་ཚིག་བདུན་མའི་གསོལ་འདེབས་ཤིན་ཏུ་ཟབ་ཕྱིར་ཐུགས་ཀྱི་ཡང་གཏེར་གསང་བར་གདམས་པ༔ ཤེས་རབ་བློ་ལྡན་སྙིང་རྗེ་ཆེ༔ ཆོས་ཀྱི་དབང་ཕྱུག་དེ་དང་འཕྲད་པར་ཤོག༔ ཅེས་སོ།། །།

གསོལ་འདེབས་བར་ཆད་ལམ་སེལ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔   ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔   ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔   སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔   བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔   རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔   བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔    ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔   ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔   བརྩེ་བས་བདག་སོགས་ལམ་སྣ་དྲོངས༔   དགོངས་པས་བདག་ལ་དངོས་གྲུབ་སྩོལ༔   ནུས་པས་བདག་སོགས་ [58a] བར་ཆད་སོལ༔   ཕྱི་ཡི་བར་ཆད་ཕྱི་རུ་སོལ༔   ནང་གི་བར་ཆད་ནང་དུ་སོལ༔   གསང་བའི་བར་ཆད་དབྱིངས་སུ་སོལ༔   གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔   ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔   སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔   གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔   གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔   ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔   རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔   ཐུགས་རྗེས་བདག་ལ༴    བརྩེ་བས༴   དགོངས་པས༴    ནུས་པས༴    ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུྃ་བཛྲ༴    དམ་ཆོས་རིན་ཆེན་གསན་པའི་ཚེ༔   སྐུ་གསལ་འོད་ཟེར་མདངས་དང་ལྡན༔   ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔   གཡོན་པ་ཕུར་པའི་པུསྟི་བསྣམས༔   ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔   ཡང་ལེ་ཤོད་ཀྱི་པཎྜི་ཏ༔    ཐུགས་རྗེས༴    བརྩེ་བས༴    དགོངས་པས༴    ནུས་པས༴     ཕྱི་ཡི༴     ནང་གི༴     གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུཾ༴    དམ་ཅན་དམ་ལ་བཏགས་པའི་ཚེ༔   དྲི་མེད་གནས་མཆོག་ཉམས་རེ་དགའ༔   རྒྱ་གར་བོད་ཡུལ་ས་ [58b] མཚམས་སུ༔   བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔    དྲི་བསུང་སྤོས་ངད་ལྡན་པའི་རི༔   མེ་ཏོག་པདྨ་དགུན་ཡང་སྐྱེ༔   ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔   བདེ་ལྡན་དེ་ཡི་གནས་མཆོག་ཏུ༔   སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔   ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔   གཡོན་པས་རིན་ཆེན་ཟ་མ་ཏོག༔   རཀྟ་བདུད་རྩིས་ནང་དུ་གཏམས༔   མཁའ་འགྲོ་དམ་ཅན་དམ་ལ་བཏགས༔   ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴     ནུས་པས༴     ཕྱི་ཡི༴     ནང་གི༴    གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུྃ༴    རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔   གཡས་རིའི་ནགས་ལ་སྒྲུབ་པ་མཛད༔   བསྙེན་ཕུར་ནམམཁའི་དབྱིངས་སུ་འཕང་༔   རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ༔   བསྒྲིལ་ཞིང་ཙནྡ་ནགས་སུ་འཕང་༔   མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔   སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔    ཡཀྴ་ནག་པོ་རྡུལ་དུ་བརླག༔   འགྲན་གྱི་དོ་མེད་བདུད་ཀྱི་གཤེད༔   ཐུགས་རྗེས༴     བརྩེ་བས༴     དགོངས་པས༴     ནུས་པས༴     ཕྱི་ཡི༴     ནང་གི༴     གསང་བའི༴     གུས་པས༴     ཨོཾ་ཨཱཿཧཱུྃ༴    [59a] སྲན་པོའི་ཁ་གནོན་མཛད་པའི་ཚེ༔   ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔   ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔   ཚེམས་འགྲིགས་དབུ་སྐར་སེར་ལ་མཛེས༔   དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔   རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔   ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔   བདུད་དང་སྲིན་པོའི་ཁ་གནོན་མཛད༔   གཡོན་པས་སེང་ལྡེང་ཕུར་པ་བསྣམས༔   མོས་པའི་བུ་ལ་སྲུང་སྐྱོབ་མཛད༔   མགུལ་ན་ལྕགས་ཀྱི་ཕུང་པ་བསྣམས༔   ཡི་དམ་ལྷ་དང་གཉིས་སུ་མེད༔   གཉིས་མེད་སྤྱུལ་སྐུ་འཛམ་གླིང་རྒྱན༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴     ནུས་པས༴    ཕྱི་ཡི༴    ནང་གི༴   གསང་བའི༴    གུས་པས༴     ཨོཾ་ཨཱཿཧཱུྃ༴    འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔   མེ་དཔུང་ཤོད་ཀྱི་ས་གཞི་ལ༔   མདའ་རྒྱང་གང་གི་མཚོ་ནང་དུ༔   པདྨའི་སྟེང་དུ་བའིལ་བའིལ་འདྲ༔   པདྨའི་ནང་ན་དགོངས་པ་མཛད༔   མཚན་ཡང་པདྨ་འབྱུང་གནས་ཞེས༔   རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔   དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴     ནུས་པས༴    ཕྱི་ཡི༴    ནང་ [59b] གི༴    གསང་བའི༴     གུས་པས༴   ཨོཾ་ཨཱཿཧཱུྃ༴    བོད་ཀྱི་ཉི་མ་མཛད་པའི་ཚེ༔   དད་ལྡན་འགྲོ་བ་འདྲེན་པའི་དཔལ༔   གང་ལ་གང་འདུལ་སྐུར་བསྟན་ནས༔   གཙང་ཁ་ལ་ཡི་ལ་ཐོག་ཏུ༔   དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔   ཡུལ་ནི་ཚ་བའི་ཚ་ཤོད་དུ༔   ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔   ཉི་ཤུ་རྩ་གཅིག་དམ་ལ་བཏགས༔   མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔   དགེ་སློང་བཞི་ལ་དངོས་གྲུབ་གནང་༔   ཁྱད་པར་འཕགས་པའི་རིག་འཛིན་མཆོག༔   ཐུགས་རྗེས༴    བརྩེ་བས༴     དགོངས་པས༴    ནུས་པས༴     ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུྃ༴    དཔལ་མོ་ཐང་གི་དཔལ་ཐང་དུ༔   བརྟན་མ་བཅུ་གཉིས་དམ་ལ་བཏགས༴    བོད་ཡུལ་ཁ་ལའི་ལ་ཐོག་ཏུ༔   གངས་དཀར་ཤ་མེད་དམ་ལ་བཏགས༔   འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔   ཐང་ལྷ་ཡར་བཞུད་དམ་ལ་བཏགས༔   ཧས་པོ་རི་ཡི་ཡང་གོང་དུ༔   ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔   ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔   ལ་ལས་སྲོག་གི་སྙིང་པོ་ཕུལ༔   ལ་ལས་བསྟན་པ་བསྲུང་བར་བྱས༔   ལ་ལས་བྲན་དུ་ཁས་བླངས་བྱས༔   མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔   ཐུགས་རྗེས༴     [60a] བརྩེ་བས༴    དགོངས་པས༴    ནུས་པས༴     ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས༴     ཨོཾ་ཨཱཿཧཱུྃ༴    དམ་པ་ཆོས་ཀྱི་བསྟན་པ་ནི༴    རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔   བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔   རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔   སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔   གཅིག་ནི་པདྨ་འབྱུང་གནས་ཞེས༔   གཅིག་ནི་པདྨ་སམྦྷ་ཝ༔   གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔   གསང་མཚན་རྡོ་རྗེ་དྲག་པོ་རྩལ༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴    ནུས་པས༴     ཕྱི་ཡི༴    ནང་གི༴     གསང་བའི༴     གུས་པས༴    ཨོཾ་ཨཱཿཧཱུྃ༴    བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔   རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང་༔   རྗེ་བློན་ཐར་པའི་ལམ་ལ་བཀོད༔   གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔   ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔   སྐལ་ལྡན་སངས་རྒྱས་ས་ལ་བཀོད༔   ཐུགས་རྗེས༴   བརྩེ་བས༴    དགོངས་པས༴    ནུས་པས༴   ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུྃ༴    དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔   ད་ལྟ་སྲིན་པོའི་ཁ་གནོན་མཛད༔   མི་ལས་ལྷག་ [60b] གྱུར་ཡ་མཚན་ཆེ༔   སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔   མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴    ནུས་པས༴    ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས༴    ཨོཾ་ཨཱཿཧཱུྃ༴    སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔   སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔   དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔   བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔   ཐུགས་རྗེས༴    བརྩེ་བས༴    དགོངས་པས༴    ནུས་པས༴    ཕྱི་ཡི༴    ནང་གི༴    གསང་བའི༴    གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔   ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ  ཞེས་པའང་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས།   ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཁོལ་དུ་ཕྱུངས་པ་སྟེ།   འདིས་ཀྱང་བསྟན་འགྲོའི་བར་ཆད་དང་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་དགེ་ལེགས་ཀྱི་དོན་ཐམས་ཅད་ཡོངས་སུ་གྲུབ་པའི་རྒྱུར་གྱུར་ཅིག །   ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ [61a] ཆེ༔   དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔    བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔   གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔   ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔   བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔   གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག།   །། 
༈     །ཨེ་མ་ ཧོཿ    ཆོས་སྐུ་ཀུན་བཟང་དྲུག་པ་རྡོ་རྗེ་འཆང་༔   སྟོན་པ་རྡོར་སེམས་བཅོམ་ལྡན་ཤཱཀྱའི་རྒྱལ༔   མགོན་པོ་ཚེ་དཔག་མེད་དང་སྤྱན་རས་གཟིགས༔   དབྱེར་མེད་པདྨ་དེ་ལ་གསོལ་བ་འདེབས༔   སྐུ་ཡི་བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔   གསུང་གི་བདག་ཉིད་དབང་ཆེན་རྟ་སྐད་མཚེར༔   ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔   གུ་རུ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས༔   ཡོན་ཏན་ཟིལ་གནོན་ཆ་མཆོག་ཧེ་རུ་ཀ༔   ཕྲིན་ལས་བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔   མ་མོ་མཁའ་འགྲོའི་གཙོ་བོ་མངོན་རྫོགས་རྒྱལ༔   དཔལ་ཆེན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔   སྐུ་ཡི་དབྱིངས་སུ་སྒྱུ་འཕྲུལ་ཞི་ཁྲོའི་ངང་༔   གསུང་གི་གདངས་སྐད་ཡན་ལག་བཅུ་གཉིས་ལྡན༔   ཐུགས་ཀྱི་དགོངས་པ་ཟང་ [61b] ཐལ་ཡོངས་ལ་ཁྱབ༔   མཁའ་འགྲོ་གཙོ་བོ་རྗེ་ལ་གསོལ་བ་འདེབས༔   སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་སྦས༔   ཐུགས་ཀྱི་དགོངས་པ་ལས་ཅན་བུ་ལ་གཏད༔   བརྩེ་བའི་ཞལ་ཆེམས་བོད་འབངས་ཡོངས་ལ་བཞག༔   དྲིན་ཆེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔   བཀའ་དྲིན་དྲན་ནོ་གུ་རུ་རིན་པོ་ཆེ༔   ཐུགས་དམ་ཞལ་བཞེས་དགོངས་པས་བཟུང་དུ་གསོལ༔   དུས་ངན་འདི་ལ་རེ་ལྟོས་གཞན་མ་མཆིས༔   ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ༔   མཐུ་རྩལ་ནུས་པས་དུས་ངན་ཡོ་འཁྲུགས་ཟློག༔   བྱིན་རླབས་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ༔   ཉམས་དང་རྟོགས་པའི་རྩལ་ཤུགས་རྒྱས་པ་དང་༔   བསྟན་འགྲོར་ཕན་པའི་མཐུ་རྩལ་རབ་ལྡན་ཅིང་༔   ཚེ་གཅིག་སངས་རྒྱས་འགྲུབ་པར་མཛད་དུ་གསོལ༔   ཞེས་མཆོག་གླིང་གཏེར་བྱོན་གུ་རུའི་རྣམ་ཐར་དཔག་བསམ་ལྗོན་ཤིང་ལས་ཁོལ་དུ་ཕྱུངས་པའོ།།   །། 
༈     །གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་ནི།    ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།   སངས་རྒྱས་སྣང་བ་མཐའ་ཡས་སྐུ་ལས་སྤྲུལ།   །འགྲོ་འདུལ་སྤྱན་རས་གཟིགས་དབངགསུང་གི་འོད།   །རྒྱལ་སྲས་ཀུན་གྱི་ཐུགས་ཀྱི་གསང་བའཛིན།   །གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས།   །གདོད་ནས་རང་བྱུང་མགོན་ [62a] པོ་བདེ་བ་ཆེ།   །སྲིད་ཞིའི་ཁྱབ་བདག་ཀུན་བཟང་གསང་བ་འདུས།   །ཐོད་ཕྲེང་རྩལ་འཆང་ལོངས་སྤྱོད་ཡོངས་རྫོགས་སྐུ།   །སྤྲུལ་བསྒྱུར་བསམ་ཡས་འགྱེད་ལ་གསོལ་བ་འདེབས།   །དུས་ཆེན་བཅུ་གཉིས་ཡར་ངོའི་ཚེས་བཅུ་ལ།   རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་སྐུས།   །ཡན་ལག་བཅུ་གཉིས་གསུང་རབ་ཆོས་འཁོར་བསྐོར།   །བདེན་དོན་བཅུ་གཉིས་ཐུགས་རྗེའི་ཡེ་ཤེས་རྒྱས།   །མཚན་གྱི་རྣམ་གྲངས་ངོ་མཚར་བཅུ་གཉིས་གྲགས།   །

རྨད་བྱུང་མེད་པ་ཆེན་པོ་བཅུ་གཉིས་བསྟན། །དངོས་གྲུབ་བཅུ་གཉིས་བསྐལ་པ་བཞིན་དུ་སྩོལ། །རྣམ་ཐར་རྗེས་སུ་དྲན་པས་གསོལ་བ་འདེབས། །སྤྲེལ་ཟླའི་ཚེས་བཅུར་དྷ་ན་ཀོ་ཤའི་མཚོར། །ངོ་མཚར་རང་བྱུང་པདྨའི་སྙིང་པོར་འཁྲུངས། །མཚོ་གླིང་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །གུ་རུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །ནད་གདོན་བགེགས་དང་འགལ་རྐྱེན་བར་ཆད་ཞི། །ཚེ་བསོད་དཔལ་རྒྱས་ཉམས་རྟོགས་མངོན་ཤེས་འཆར། །གུ་རུ་ཞལ་མཐོང་ཆོས་ཐོས་དཔལ་གྱི་རིར། །སྐྱེས་ནས་ཐུགས་ཀྱི་སྲས་འགྱུར་བྱིན་གྱིས་རློབས། །སྟག་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སར་ཕེབས། །ཨིནྡྲ་བྷཱུ་ཏིའི་སྲས་ཀྱི་སྐལ་ [62b] བར་མཛད། །འོད་འཆང་ཁབ་བཞེས་འཁོར་ལོས་སྒྱུར་རྒྱལ་གྱུར། །གུ་རུ་པདྨ་རྒྱལ་པོར་གསོལ་བ་འདེབས། །གཟི་བརྗིད་སྟོབས་རྒྱས་ནད་རིགས་འབྱུང་འཁྲུག་ཞི། །དབང་ལྔ་ལས་རུང་ཡིད་བདེ་སྤོབས་པ་མྱུར། །མི་དང་མི་མིན་རླུང་སེམས་དབང་དུ་འདུས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཡོས་ཟླའི་ཚེས་བཅུར་རྐྱེན་དང་བརྡས་བསྐུལ་ཏེ། །རྒྱལ་སྲིད་སྤངས་ནས་བའིལ་བའི་ཚལ་དུ་ཕེབས། །འབྲེལ་ཚད་དོན་ལྡན་སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ། །ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས། །མངའ་ཐང་ལོངས་སྤྱོད་འཕེལ་ཞིང་རྐང་འགྲོས་འདུ། །འགྲོ་ཀུན་དབང་འདུས་གཞི་བདག་བྲན་བཞིན་ཉན། །རྨི་ལམ་རྟགས་མཚན་བཟང་པོར་མཐོང་བ་དང་། གྲུབ་གཉིས་གཏེར་ཁ་བརྡོལ་བར་བྱིན་གྱིས་རློབས། །འབྲུག་ཟླའི་ཚེས་བཅུར་ཀུན་དགར་རབ་ཏུ་བྱུང་། །ཤེས་བྱ་མཐར་ཕྱིན་མཁས་གྲུབ་དུ་མ་ལས། །མདོ་སྔགས་ཀུན་ཆུབ་ཤཱཀྱ་སེང་གེར་གྲགས། བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འཆི་བདག་གཟའ་བདུད་སྡེ་བརྒྱད་གནོད་འཚེ་ཞི། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་ཡོངས་སུ་རྫོགས། །རིག་པའི་གནས་དང་མདོ་ [63a] རྒྱུད་ཐམས་ཅད་ལ། །མཁྱེན་རབ་ཕྱོགས་མེད་རྒྱས་པར་བྱིན་གྱིས་རློབས། །སྤྲུལ་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོ་ཡིས། །མེར་བསྲེགས་མཚོར་སྒྱུར་པད་སྡོང་དབུས་སུ་བཞུགས། །ལྷ་ལྕམ་ཡུམ་བསྟེན་རྡོ་རྗེ་སྐུ་རུ་གྱུར། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཟའ་སྐར་ཕྱོགས་ངན་དགྲ་རྐུན་གནོད་འཚེ་ཞི། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། །དཀར་ཕྱོགས་སྲུང་མས་རྟག་ཏུ་སྡོང་གྲོགས་མཛད། །བསམ་རྒུ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྟ་ཟླའི་ཚེས་བཅུར་ཨོ་རྒྱན་བདུད་བློན་གྱིས། །བསྲེགས་ཀྱང་མ་ཚིག་ངོ་མཚར་རྫུ་འཕྲུལ་བསྟན། །བཀའ་འདུས་ཆོས་བསྟན་འཁོར་བཅས་བྱང་ཆུབ་བཀོད། པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །བདུད་སྡེ་ལྷ་མིན་གདུག་པའི་ས་བདག་ཀླུའི། གནོད་པ་ཀུན་ཞི་བགོ་བའི་བཀའ་ལ་ཉན། །ཆོས་སྐྱོང་སྲུང་མས་ཅི་བཅོལ་ལས་སྒྲུབ་ཅིང་། །འགོ་བའི་ལྷ་ཡིས་སྐྱོབ་པར་བྱིན་གྱིས་རློབས། །ལུག་ཟླའི་ཚེས་བཅུར་རྒྱ་གར་ལྷོ་ཕྱོགས་སུ། །མུ་སྟེགས་ལྷ་སྲང་དང་བཅས་ཐལ་བར་བརླག །སངས་རྒྱས་བསྟན་པའི་རྒྱལ་མཚན་དགུང་དུ་ཕྱར། །སེང་གེ་སྒྲ་ [63b] སྒྲོགས་རྩལ་ལ་གསོལ་བ་འདེབས། བར་ཆད་ཀུན་ཞི་ཚེ་དཔལ་ཡོན་ཏན་རྒྱས། །སྣང་བ་དབང་འདུས་ཕས་རྒོལ་རྩད་ནས་ཆོམས། །བདུད་བཞི་ལས་རྒྱལ་ཁམས་གསུམ་འགྲོ་ཀུན་ལ། །སྦྱིན་བཏང་ཕན་ཡོན་ཐོབ་པར་བྱིན་གྱིས་རློབས། །བྱ་ཟླའི་ཚེས་བཅུར་ཟངས་གླིང་མུ་སྟེགས་ཀྱིས། གངྒཱའི་ཆུར་བསྐྱུར་གར་མཛད་ཆུ་བཟློག་པས། །གནས་ཡུལ་ཉེན་ཚེ་སྐྱབས་གསོལ་བསྟན་ལ་བཀོད། །གུ་རུ་མཁའ་ལྡིང་རྩལ་ལ་གསོལ་བ་འདེབས། །གཅོང་ནད་ཀུན་བྱང་འཁོར་མང་བས་མ་དོན་འགྲུབ། །བང་མཛོད་འབྲུ་དང་མཁོ་རྒུའི་ཡོ་བྱད་འཕེལ། །སེམས་བདེ་ངག་ལ་ནུས་པ་འབར་བ་དང་། །ཏིང་འཛིན་མཆོག་གྱུར་སྐྱེ་བར་བྱིན་གྱིས་རློབས། །ཁྱི་ཟླའི་ཚེས་བཅུར་མུ་སྟེགས་དུག་སྦྱོར་གྱིས། མ་ཚུགས་བདུད་རྩིར་བསྒྱུར་ནས་གཟི་མདངས་འབར། །འཁོར་བཅས་དད་ཐོབ་ནང་གི་བསྟན་ལ་བཅུག །བདེ་ཆེན་ཉི་མ་འོད་ཟེར་ལ་གསོལ་བ་འདེབས། །ལོ་ཟླ་ཞག་དུས་ཀེག་དང་ལྟས་ངན་ཞི། །ཆོས་དང་ཐར་པའི་བར་དུ་གཅོད་པ་སེལ། །དབང་ཐང་རླུང་རྟ་རྒུད་སོགས་སོར་ཆུད་ཅིང་། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །ཕག་ཟླའི་ཚེས་བཅུར་བལ་ཡུལ་ལྷ་འདྲེ་ [64a] རྣམས། ཕུར་བུས་བཏུལ་ནས་ཡང་དག་སྒྲུབ་པ་མཛད། །ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་གྲུབ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །གཤིན་རྗེ་མ་མོ་འབྱུང་པོའི་ནད་དང་གདོན། །གློ་བུར་ཡེ་འདྲོག་དུས་མིན་འཆི་བ་ཞི། གཏད་སེལ་ལས་གྲོལ་ལྷ་འདྲེས་ཅི་བཅོལ་ཉན། །རང་ལུས་རྡོ་རྗེར་འགྱུར་བར་བྱིན་གྱིས་རློབས། །བྱི་ཟླའི་ཚེས་བཅུར་བོད་ཡུལ་ལྷ་འདྲེ་བཏུལ། །བསམ་ཡས་ལེགས་བཞེངས་དམ་ཆོས་སྒྲོན་མེ་སྦར། །སྐལ་ལྡན་རྗེ་འབངས་སྨིན་ཅིང་གྲོལ་བར་མཛད། །པདྨ་སཾ་བྷ་བ་ལ་གསོལ་བ་འདེབས། །ངག་འཁྱལ་ཚིག་རྩུབ་རྫུན་སྨྲས་སྐུར་པ་བཏབ། །ཉན་ཐོས་འདུལ་ཁྲིམས་བྱང་སེམས་བསླབ་པ་ཉམས། །གསང་སྔགས་དམ་ཚིག་འགལ་སོགས་ཉེས་ལྟུང་རྣམས། །བྱང་ཞིང་བདག་རྒྱུད་དག་པར་བྱིན་གྱིས་རློབས། གླང་ཟླའི་ཚེས་བཅུར་མཆོད་ཡོན་བཀའ་བགྲོས་ཏེ། །གངས་ཅན་མཐའ་དབུས་གཏེར་ཁ་བྱེ་སྙེད་སྦས། །བསྟན་ཞབས་གཏེར་སྐྱོང་བཀའ་དྲིན་རྒྱུན་ཆད་མེད། །རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས། །དུས་མིན་འཆི་སོགས་འཕྲལ་རྐྱེན་མི་འབྱུང་ཞིང་། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་དང་། །པདྨ་འོད་དུ་གུ་རུའི་ [64b] དྲུང་སྐྱེས་ནས། །འགྲོ་དོན་དཔག་མེད་འབྱུང་བར་བྱིན་གྱིས་རློབས། །ཚེས་བཅུ་ཀུན་ལ་ངོ་མཚར་མཛད་པ་རེ། །བྱིན་གྱིས་རློབས་ཕྱིར་མཆོད་ཅིང་གསོལ་འདེབས་ནི། །མི་འདོད་ཀུན་ཞི་འཕྲལ་ཡུན་ལེགས་ཚོགས་རྣམས། །འགྲུབ་པའི་རྡོ་རྗེའི་གསུང་ཉིད་བསླུ་མེད་མཛོད། །ཚེས་བཅུ་བྱུང་རེས་བོད་དུ་ཕེབས་པ་ཡི། །ཞལ་བཞེས་རྗེས་དྲན་རྩེ་གཅིག་གུས་པ་ཡི། །གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས། །གདུལ་བྱ་ཡལ་བར་མ་འདོར་ཐུགས་རྗེ་ཅན། །སྙིགས་མའི་རྒུད་ནས་གཙེས་པའི་བོད་འབངས་རྣམས། །མགོན་པོ་ཁྱོད་ལས་རེ་ས་གཞན་མེད་པས། །སྔོན་གྱི་ཐུགས་དམ་དུས་ལ་བབ་ལགས་ན། །ཡེ་ཤེས་ཆེན་པོའི་གཟིགས་པ་མ་གཡེལ་བར། །འཇིག་རྟེན་བདེ་ཞིང་དགེ་བའི་ཆོས་ལ་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །དཀའ་བ་མེད་པ་རྡོ་རྗེའི་གསེང་ལམ་བགྲོད། །ཕྱམས་གཅིག་གདོདམའི་ཀློང་དུ་གྲོལ་མཛད་གསོལ། །ཅེས་གངས་ཅན་པ་རྣམས་ཀྱིས་མི་བྱར་མི་རུང་བ་གུ་རུ་རིན་པོ་ཆེའི་དུས་ཆེན་ཚེས་བཅུའི་མཆོད་པ་དང་ཟུང་དུ་འབྲེལ་བའི་གསོལ་འདེབས་འདིའང་། རྗེ་བླ་མ་ཐམས་ཅད་མཁྱེན་པ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ཚུལ་འདི་དགོས་པ་དང་གནད་གལ་ཆེ་བའི་རྒྱུ་མཚན་བཅས་བཀའ་ཡི་རྗེས་སུ་གནང་བ་ལྟར། རྗེ་ཉིད་ཀྱི་ [65a] ཟབ་གཏེར་བླ་མ་སྐུ་བཞིའི་ལོ་རྒྱུས་དང་། ལྷོ་བྲག་མགོན་པོ་རིན་ཆེན་གྱི་གཏེར་བྱོན་ཚེས་བཅུའི་ཕན་ཡོན་དག་ལ་གཞི་བྱས་ཏེ། པདྨ་རིག་འཛིན་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གུས་པ་ཆེན་པོས་བགྱིས་པ་དགེ་ལེགས་འཕེལ།། །།

༈    །གསོལ་འདེབས་བསམ་པ་མྱུར་འགྲུབ་མ་ནི།   ཨེ་མ་ཧོ།   མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ།   །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ།   །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི།   །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས།   །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།   །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི།   །ནད་གདོན་བར་གཅོད་དམག་འཁྲུག་མུ་གེའི་ཚོགས།   །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི།   །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ།   །བསམ་པ་མྱུར་དུ་འགྲུབ་པར༴     ནད་གདོན་བར་གཅོད་དམག་འཁྲུགས་མུ་དགེའི་ཚོགས།   །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི།   །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ།   །བསམ་པ་མྱུར་དུ་འགྲུབ་པར༴    །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་།   །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས།   །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ།   །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས།   །འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད།   །བསམ་པ་མྱུར་དུ་འགྲུབ་པར༴    །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན།   །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་།   ། [65b] མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེ།   །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན།   །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས།   །ཐུགས་རྗེས་ཟུང་ཞིག་གུ་རུ་ཨོ་རྒྱན་རྗེ།   །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།   །ཞེས་བོད་ཁམས་ནད་མུག་མཐའ་དམག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་ན་སྙམ་པ་དད་ལྡན་རྣམས་ཀྱིས་ཐུགས་ལ་གཞུག   །ཅེས་པ་འདིའི་ཤློཀ་དང་པོ་ཀུན་མཁྱེན་ཀློང་ཆེན་པའི་མཁའའགྲོ་ཡང་ཏིག་གི་རྒྱབ་ཆོས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་ལས་བྱུང་ཞིང་།   དེ་ཕྱིན་ཀུན་མཁྱེན་པ་རིག་འཛིན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ།།   །། 
༈     །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ།   པདྨ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད།   །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད།   །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།   །ཞེས་པ་འདི་ནི་རྒྱལ་སྲས་སྨན་ལུང་པས་མཛད་པར་གྲགས་སོ།།   །། 
༈      །སློབ་དཔོན་ཆེན་པོའི་རྣམ་ཐར་གསོལ་འདེབས་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་ནི། འོད་མཚན་སྟོང་དུ་འབར་བའི་མགོན་པོ་ཡི།   །ཐུགས་རྗེའི་སྒྱུ་འཕྲུལ་རོལ་གར་སྲིད་གསུམ་ན།   །ཆེ་བཙན་རིགས་སྔགས་གྲུབ་པའི་བརྟུལ་ཞུགས་ཅན།   །དུས་གསུམ་སངས་རྒྱས་ངོ་བོ་པདྨ་འབྱུང་།   །མགོན་ཁྱོད་ཟངས་མདོག་དཔལ་རིར་ [66a] རྟག་བཞུགས་ཀྱང་།   །ཁ་བའི་ལྗོངས་ནས་གདུང་ཤུགས་དྲག་པོ་ཡིས།   །གསོལ་བ་འདེབས་ན་ཐོགས་མེད་ཐུགས་རྗེའི་མཐུས།   །བྱིན་གྱིས་རློབས་ལ་དངོས་གྲུབ་ཆར་ལྟར་ཕོབ།   །སིནྡྷུའི་མཚོ་གླིང་གདེངས་ཅན་འཇོག་པོ་ཡི།   །ཁང་བཟང་རྩེ་མོར་འདབ་སྟོང་བཞད་པའི་དབུས།   །རྫུས་སྐྱེས་ངོ་མཚར་མཚན་དཔེའི་དཔལ་འབར་བ།   །མཚོ་སྐྱེས་རྡོ་རྗེ་རང་བྱུང་སྤྲུལ་པའི་སྐུ།   །མགོན་ཁྱོད༴    །ཁ་བའི༴    །གསོལ་བ༴    །བྱིན་གྱིས༴    །དག་པའི་ལས་སད་ཨིནྡྲ་བྷུ་ཏི་ཡིས།   །རྒྱལ་ཁབ་ཆེན་པོར་སྤྱན་དྲངས་མངའ་གསོལ་ཚེ།   །འབངས་རྣམས་རྫོགས་ལྡན་བཞིན་དུ་བདེ་ལ་བཀོད།   །ཨཽ་ཌཱི་ཡ་ནའི་སར་སྤྱོད་ཐོར་ཅོག་ཅན།   །མགོན་ཁྱོད༴    །ཁ་བའི༴    །གསོལ་བ༴    །བྱིན་གྱིས༴    །སྲིད་འབྱོར་སྒྱུ་མའི་རོལ་རྩེད་ཐབས་མཁས་ཀྱིས།   །ཉེར་སྤངས་བའིལ་བའི་ཚལ་གྱི་དུར་ཁྲོད་དུ།   །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་སྦྱོར་སྒྲོལ་གྱིས།   །མ་ཚོགས་མཁའ་འགྲོའི་དབང་ཕྱུག་ཞི་བའི་འཚོ།   །མགོན་ཁྱོད༴    ཁ་བའི༴    །གསོལ་བ༴    །བྱིན་གྱིས༴    །ཕྱོགས་ལས་རྣམ་པར་རྒྱལ་བའི་གར་གྱིས་རོལ།   །མཁའ་འགྲོས་བྱིན་བརླབས་ཕག་མོ་མངོན་སུམ་གཟིགས།   །ནམ་མཁའི་གཟའ་སོགས་སྡེ་ [66b] བརྒྱད་བྲན་དུ་བཀོལ།   །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་དྲག་པོ་རྩལ།   །མགོན་ཁྱོད༴    །ཁ་བའི༴    །གསོལ་བ༴    །བྱིན་གྱིས༴    

རིག་འཛིན་མཆོག་བརྙེས་པྲ་བྷ་ཧསྟི་ཡིས། །རྗེས་བཟུང་ཡོ་གའི་ལྷ་ཚོགས་དངོས་སུ་མཇལ། །ངུར་སྨྲིག་གོས་ཀླུབས་སྡོམ་བརྩོན་དམ་པ་མཆོག །ཐུབ་དབང་གཉིས་པ་ཤཱཀྱ་སེང་གེའི་ཞབས། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ མཁས་གྲུབ་རིག་འཛིན་མང་བསྟེན་མདོ་རྒྱུད་དང་། །ཐ་སྙད་རག་པའི་གནས་སོགས་ཤེས་བྱའི་མཐའ། །རྙེད་མིན་དེ་སྲིད་སྤྲོས་པ་དམར་ཐག་བཅད། །ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད་དཔལ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །ཚེ་དཔག་མེད་ཀྱི་མཱ་ར་ཏི་ཀ་རུ། །མངོན་སུམ་བྱིན་བརླབས་མི་ཤིགས་རྡོ་རྗེའི་སྲོག །ལྷུན་གྲུབ་འཆི་མེད་འཇའ་ལུས་སྐུ་བརྙེས་པ། །ཚེ་ལ་དབང་བའི་རིག་འཛིན་པདྨ་འབྱུང་། །། མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །རྫུ་འཕྲུལ་བཀོད་པས་ཟ་ཧོར་རྒྱལ་པོ་སོགས། །བྷངྒ་ལ་ཡི་འགྲོ་རྣམས་ཐར་ལམ་དྲངས། །ཡིད་འཛིན་དབང་མོ་ལ་བརྟེན་དགའ་བ་བཞིའི། །ཡེ་ཤེས་བསྐྱེད་མཛད་པདྨ་སཾ་བྷ་ཝ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །ཞུགས་ཀྱི་ཕུང་པོ་དལ་འགྲོར་འཁྱིལ་བའི་དབུས། །པདྨའི་ [67a] སྦུབས་ནས་ཡབ་ཡུམ་ཟུང་འཇུག་སྐུ། །མངོན་སུམ་བསྟན་པས་འབྱུང་པོའི་དབང་པོ་སོགས། །ཨོ་རྒྱན་འགྲོ་འདུལ་སྲས་མཆོག་པདྨ་རྒྱལ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །བདུད་འདུལ་ཡེ་ཤེས་ཌཱ་ཀིས་རྗེས་སུ་བཟུང་། །ལུང་རིགས་མཚོན་ཆས་ལྟ་ངན་གྲུབ་མཐའ་བཅོམ། །མཐུ་སྟོབས་རྩལ་གྱིས་མུ་སྟེགས་ཐལ་བར་བརླག །འཕགས་པ་སེང་གེ་སྒྲ་སྒྲོགས་གསང་བའི་བདག །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །ཡང་ལེ་ཤོད་དུ་བཛྲ་ཧེ་རུ་ཀའི། །དབང་དང་རིམ་གཉིས་ལས་བྱུང་ཕྱག་རྒྱ་ཆེ། །བསྒྲུབ་ཚེ་བགེགས་དཔུང་དཔལ་ཆེན་ཕུར་པས་བསྒྲལ། །དངོས་གྲུབ་མཆོག་བརྙེས་རྡོ་རྗེ་ཐོད་ཕྲེང་རྩལ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །གངས་ཅན་ལྷ་སྲིན་གདུག་པའི་སྲོག་སྙིང་བླངས། །ཆོས་འཁོར་བསམ་ཡས་འབྱོངས་ཤིང་བོད་ཡུལ་ཀུན། །དཀར་པོར་བསྒྱུར་ནས་མངའ་བདག་བཞེད་པ་བསྐང་། །སངས་རྒྱས་གཉིས་པ་སྤྲུལ་སྐུ་པདྨ་འབྱུང་། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །མཆིམས་ཕུར་ཞི་ཁྲོ་བཀའ་བརྒྱད་དཀྱིལ་འཁོར་དུ། །རྗེ་འབངས་གྲོགས་གསུམ་དགུ་དང་ཉེར་ལྔ་སོགས། །སྨིན་གྲོལ་ལ་བཀོད་གྲུབ་རྟགས་མངོན་དུ་ [67b] ཕྱུངས། །བཀའ་དྲིན་འཁོར་མེད་པདྨ་ཀ་རའི་ཞབས། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །སྟག་ཚང་ཕུག་ཏུ་དམུ་བདུད་དམ་སྲི་བཏུལ། །བའིལ་ལྡན་རི་བྲག་གནས་ཀུན་གཏེར་གྱིས་བཀང་། །ལས་འཕྲོ་ཅན་གྱིས་འདོན་པར་སྨོན་ལམ་བཏབ། །སྙིགས་དུས་འགྲོ་འདྲེན་རྡོ་རྗེ་གྲོ་ལོད་རྩལ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །དབེན་གནས་ཀེའུ་ཚང་ཕལ་ཆེར་བྱིན་གྱིས་བརླབས། །སྐུ་དང་ཕྱག་ཞབས་རྗེས་རྣམས་བྲག་མཚོར་བཞག །དོང་སྤྲུགས་ཆོ་གས་འགྲོ་ཀུན་ལས་སྒྲིབ་སྦྱངས། །མ་འདྲིས་ལུས་ཅན་ཡོངས་ཀྱི་གཉེན་གཅིག་པུ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །སྐུ་དངོས་རྔ་ཡབ་དཔལ་རིར་བཞུགས་བཞིན་དུ། །བོད་ཀྱི་ཡུལ་ནས་གདུང་ཤུགས་དྲག་པོ་ཡིས། གསོལ་བ་བཏབ་ཚེ་དངོས་སུ་བྱིན་རློབ་པ། །ལདྐའི་དབང་ཕྱུག་རྡོ་རྗེ་ཐོད་ཕྲེང་རྩལ། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །ཁྱོད་ཞལ་དངོས་མཇལ་ལས་ཅན་རྗེ་འབངས་རྣམས། །སྙིགས་དུས་འགྲོ་བའི་དཔལ་མགོན་གཏེར་སྟོན་དུ། །སྤྲུལ་ནས་བསྟན་འགྲོའི་ཕན་བདེ་སྤེལ་མཛད་རྣམས། །ལྷ་གཅིག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །མགོན་ཁྱོད༴ །ཁ་བའི༴ །གསོལ་བ༴ །བྱིན་གྱིས༴ །གཅམ་བུ་ [68a] མིན་པས་སྙིང་ནས་གསོལ་འདེབས་ན། །ཆེར་སྙིགས་དུས་ཀྱི་ལུས་ཅན་མ་ལུས་དང་། །ཁྱད་པར་བོད་འབངས་མཐའ་དག་ཐུགས་རྗེ་ཆེས། །རྗེས་སུ་ཟུང་ཞིག་རིག་འཛིན་པདྨ་འབྱུང་། །རིགས་འཁྲུག་དབུལ་ཕོངས་སད་སེར་བཙའ་ཐན་སོགས། །སྔོན་ལས་འཕྲལ་རྐྱེན་བོད་སྐྱོང་ལྷ་སྲིན་འཁྲུགས། །སྟོད་སྨད་མཐའ་འདྲེའི་ཁ་རླངས་ལས་བྱུང་བའི། །ངན་པའི་འབྲས་ཀུན་ཞི་བར་བྱིན་གྱིས་རློབས། །དགེ་བཅུར་ལེགས་སྤྱོད་རིང་པོའི་བར་དུ་འཚོ། །དཔལ་འབྱོར་ལོངས་སྤྱོད་མཐའ་བཞིའི་ལས་སྒོ་འདུ། །འབྱུང་ལྔའི་ནུས་ཉམས་མ་ལུས་སོས་པ་དང་། །སྣོད་བཅུད་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །འབྱུང་པོ་རྣམས་ཀྱང་འགྲོ་ལ་བྱམས་བརྩེ་ཞིང་། །ས་སྤྱོད་རྒྱལ་པོའི་མངའ་ཐང་ཆབ་སྲིད་རྒྱས། །མཆོད་གནས་སྡེ་གཉིས་ཆོས་སྤྱོད་རྣམ་བཅུ་འཕེལ། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཁྱད་པར་འདུས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་སོགས། །ཚད་མེད་བཀའ་ནས་རིམ་པར་བྱོན་པ་དང་། །བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་ལ་སོགས། །ཟབ་གཏེར་བསྟན་པ་འཕེལ་བར་བྱིན་གྱིས་རློབས། །བའིལ་ལྡན་སྐྱེ་དགུའི་སྡུག་བསྔལ་ཚ་རེག་ཀུན། །ཞི་བྱེད་དུས་བབས་ཟབ་ [68b] གཏེར་ག་བུར་ཐིག །འདོན་པའི་ལས་འཕྲོ་ཉེར་སད་སྐལ་ལྡན་གྱི། །རྟེན་འབྲེལ་འཆུག་མེད་འགྲིགས་པར་བྱིན་གྱིས་རློབས། །མགོན་ཁྱོད་ཐུགས་རྗེའི་ཉི་མ་བདག་སྙིང་ལ། །ཤར་བས་སྲིད་ཞིའི་གདུང་མུན་ཀུན་ཞི་ནས། །འཁོར་འདས་ཕན་བདེའི་སྣང་བ་འོད་པོ་ཆེ། །འབྲལ་མེད་རྩེ་དགའ་ཁོང་ནས་རྒོད་པར་ཤོག །སྐྱེ་བར་ཁྱོད་གསུང་ཟབ་གཏེར་མཁའ་འགྲོ་ཡི། །ཁ་རླངས་མ་ཉམས་རོ་བརྒྱའི་འབྲས་བུ་ལ། །ལོངས་སུ་སྤྱད་ནས་ལས་བཞི་གྲུབ་ཆེན་བརྒྱད། །བསྐྱེད་རྫོགས་རྫོགས་ཆེན་ལམ་བཟང་མཐར་ཕྱིན་ཤོག །མདོར་ན་བོད་འབངས་ནམ་ཡང་མི་འདོར་བར། །རྗེས་སུ་འཛིན་ཞེས་མངའ་བདག་ཡབ་སྲས་ལ། །ཞལ་བཞེས་རྡོ་རྗེའི་རི་མོ་སྲིད་མཐའི་བར། །ནམ་ཡང་འགྱུར་བ་མེད་པར་བྱིན་གྱིས་རློབས། །གདོད་ནས་དག་པའི་རང་རིག་ཐོད་ཕྲེང་རྩལ། །རང་ངོ་འཕྲོད་ནས་སྐྱོང་བའི་རྣལ་འབྱོར་གྱི། །དངོས་གྲུབ་འདོད་འཇོའི་བཀྲ་ཤིས་དཔལ་འབར་བས། །ཀུན་ཁྱབ་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སངས་རྒྱས་ཀུན་འདུས་དཔལ་ཨོ་རྒྱན་ཆེན་པོ་ལ་རྣམ་ཐར་དང་རྗེས་སུ་མཐུན་པར་གསོལ་བ་གདབ་ཅིང་སྨོན་ལམ་དུ་བྱ་བའི་རིམ་པ་དངོས་གྲུབ་འདོད་འཇོ་ཞེས་པ་འདི་ནི། སྨྱོས་ཀྱི་གདུང་ལས་ཟབ་མོ་གཏེར་གྱི་བཀའ་བབ་རིག་འཛིན་ཆེན་པོ་ངག་དབང་པདྨས་དོན་གཉེར་ཆེན་པོའི་གསུང་གིས་བསྐུལ་བ་ལྟར། ཟ་ཧོར་གྱི་བནྡེ་ [69a] གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་།། །།

༈     །གང་ཞིག་དྲན་པས་སྲིད་ཞིའི་གདུང་སེལ།   །དད་པས་གསོལ་འདེབས་སྐལ་ལྡན་ཀུན་ལ།   །ཐུགས་རྗེས་མཆོག་གི་དངོས་ཀུན་སྩོལ་མཛད།   །པད་འབྱུང་རིགས་ཀྱི་བདག་པོར་གསོལ་འདེབས།   །དང་པོར་བྱང་ཆུབ་ཐུགས་བསྐྱེད་ས་བོན།   །ཚོགས་གཉིས་ཕུལ་བྱུང་མཐུ་ཡིས་སྨིན་ལས།   །སྐལ་བཟང་ཞིང་འདིར་ཤཱཀྱའི་བསྟན་ལ།   །སྟོན་པ་གཉིས་པར་གྱུར་ལ་གསོལ་འདེབས།   །འོད་དཔག་མེད་མགོན་ཐུགས་རྗེའི་ཧྲཱིཿཡིག   །སིནྡྷུའི་པད་མཚོར་མངོན་པར་རོལ་ལས།   །ངོ་མཚར་མཚན་དཔེའི་སྒྱུ་འཕྲུལ་རྡོ་རྗེས།   །ལས་ཅན་སད་པར་མཛད་ལ་གསོལ་འདེབས།   །འཇིག་རྟེན་སྤྱོད་པ་ཀུན་ལས་འདས་ཀྱང་།   །འཇིག་རྟེན་དང་མཚུངས་མཐུན་པར་འཇུག་པས།   །ཨཽ་ཌི་ཡ་ནའི་རྒྱལ་ཐབས་ཀུན་ལ།   །ཐབས་མཁས་ཐུགས་རྗེས་རོལ་དེར་གསོལ་འདེབས།   །སྲིད་བདེ་འཁྲུལ་པའི་རང་མཚང་སྟོན་ཕྱིར།   །རྒྱལ་བ་ཀུན་གྱིས་གཤེགས་པའི་ལམ་བཟང་།   །ཐེག་གསུམ་རྡོ་རྗེའི་གཞལ་མེད་ཁང་པར།   །འཇུག་པའི་སྒྱུ་འཕྲུལ་སྟོན་དེར་གསོལ་འདེབས།   །ཐ་སྙད་ཤེས་བྱའི་གནས་རྣམས་ཀུན་ལ།   །ཐོགས་མེད་བློ་གྲོས་མཐུ་ཡིས་གོམས་པས།   །འཆད་རྩོད་ [69a] རྩོམ་པའི་ངོ་མཚར་སྣང་བས།   །རྨོངས་པའི་མུན་སེལ་མཛད་ལ་གསོལ་འདེབས།   །མཆོག་གཟིགས་རྒྱལ་བ་རིག་འཛིན་ཀུན་གྱི།   །སྨིན་གྲོལ་བདུད་རྩི་ཡོངས་སུ་ཐོབ་ལས།   །རིམ་གཉིས་ཏིང་འཛིན་རྡོ་རྗེའི་མཐུ་ཡིས།   །སྐུ་བཞིའི་གོ་འཕང་ཐོབ་ལ་གསོལ་འདེབས།   །གདོད་ནས་གྲུབ་པའི་གནས་ཡུལ་ཀུན་ཏུ།   །ཕྱོགས་ལས་རྣམ་རྒྱལ་ཀུན་བཟང་སྤྱོད་པས།   །མཁའ་འགྲོའི་ཚོགས་དང་དགྱེས་པར་རོལ་ཞིང་།   །བདུད་དཔུང་མཐར་མཛད་ཁྱོད་ལ་གསོལ་འདེབས།   །གངས་ཅན་རྗེ་འབངས་བསོད་ནམས་པད་ཚལ།   །ཁྱོད་སྐུ་ཉིན་མོར་བྱེད་པས་ཕྱེ་ལས།   །ཕན་བདེའི་འདབ་རྒྱ་ཀུན་ནས་བཞད་པའི།   །ངོ་མཚར་སྟོན་པར་མཛད་ལ་གསོལ་འདེབས།   །བོད་སྐྱོང་ལྷ་སྲིན་གདུག་པའི་མུན་ཚོགས།   །མཐུ་སྟོབས་རྡོ་རྗེའི་འོད་ཀྱིས་བཅོམ་ནས།   །རྒྱལ་བསྟན་དྲི་མེད་སྣང་བ་དམ་པས།   །ཡོངས་སུ་ཁྱབ་པར་མཛད་ལ་གསོལ་འདེབས།   །རིས་ཅན་གདུལ་བྱའི་མོས་བློར་འཚམས་པའི།   །རྣམ་མང་ཆོས་སྒ་བྱེ་བ་སྙེད་དང་།   །ཁྱད་པར་སྐལ་བཟང་རྗེ་འབངས་ཚོགས་རྣམས།   །སྨིན་གྲོལ་ལམ་འགོད་མཛད་ལ་གསོལ་འདེབས།   །གང་གི་གདམས་པའི་བདུད་རྩི་མཆོག་གིས།   །རྣམ་གྲོལ་ལུས་སྟོབས་ཡོངས་སུ་རྫོགས་པའི།   ། [70a] རིག་འཛིན་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོས།   །ཁམས་གསུམ་ཡོངས་གྲོལ་མཛད་ལ་གསོལ་འདེབས།   །མཆོག་གསུམ་རྒྱལ་བའི་དཀྱིལ་འཁོར་བསམ་ཡས།   །ལུས་ཅན་བསོད་ནམས་ཞིང་དུ་སྤེལ་ཞིང་།   །དབེན་གནས་རི་བྲག་དག་པའི་ཞིང་ཁམས།   །མཆོག་ཏུ་བྱིན་བརླབས་མཛད་ལ་གསོལ་འདེབས།   །ཟབ་ལམ་གདམས་པའི་གཏེར་ཁ་དུ་མས།   །སྙིགས་དུས་ལས་ཅན་རྗེས་སུ་བཟུང་ནས།   །ཇི་ལྟར་ཇི་སྙེད་ཆོས་རྣམས་ཀུན་ལ།   །ཐོགས་མེད་ལུང་བསྟན་མཛད་ལ་གསོལ་འདེབས།   །མགོན་ཁྱོད་གདམས་པའི་བདུད་རྩི་ཁོ་ནས།   །དཀའ་བ་མེད་པར་མངོན་འཚང་རྒྱ་ཕྱིར།   །ཁྱོད་ལས་སྐྱབས་གཞན་རྨི་ལམ་ན་ཡང་།   །མི་འཚོལ་ངེས་པས་གསོལ་བ་འདེབས་སོ།   །མདོར་ན་དུས་གསུམ་རྒྱལ་བ་ཀུན་གྱི།   །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་ཁྱོད་ཉིད།   །རིས་མེད་འགྲོ་བའི་མགོན་དང་སྐྱབས་ཀྱང་།   །གཉིས་པ་མེད་པའི་གསོལ་བ་འདེབས་སོ།   །གང་གི་ཐུགས་རྗེ་ཉི་མའི་སྣང་བས།   །བློ་ལྡན་གཞན་ཡང་མིག་ཐོབ་མཛད་མོད།   །དེ་དག་ཀུན་གྱི་ལེགས་སྤྱད་ཀུན་ཀྱང་།   །ཁྱོད་ཀྱི་ངོ་མཚར་ལགས་པར་གསོལ་འདེབས།   །ལྟར་སྣང་གྲུབ་མཐའ་མང་པོའི་ཐ་སྙད།   །འཛིན་པ་སྤངས་ནས་ངེས་དོན་ལམ་བཟང་།   །ཁྱོད་ཀྱི་རིང་ [70b] ལུགས་ཁོ་ནའི་རྗེས་སུ།   །རྟག་པར་བདག་ནི་རྗེས་སུ་བཟུང་ཞིག   །ཟབ་མོའི་ལམ་འདིར་རང་རྒྱུད་སྙིང་པོ།   །སྒྲིབ་པའི་དྲི་མ་ཀུན་ལས་གྲོལ་ནས།   །ཡང་དག་ཡོན་ཏན་ཁྱོད་དང་མཉམ་པའི།   །གོ་འཕང་ཚེ་འདིར་འགྲུབ་པར་བྱིན་རློབས།   །དེ་ལས་མཁའ་ཁྱབ་ཕྲིན་ལས་ལྷུན་གྲུབ།   །རྒྱ་ཆེ་རྒྱུན་མི་ཆད་པ་ཉིད་ཀྱིས།   །ལུས་ཅན་འགྲོ་འདི་སྲིད་པའི་མཚོ་ལས།   །སྒྲོལ་བའི་རྣམ་ཐར་འགྲུབ་པར་བྱིན་རློབས།   །དེང་དུས་རྒྱལ་བའི་བསྟན་པའི་རྗེས་སུ།   །སློབ་པར་རློམ་འགའ་རྒྱལ་ཀུན་ངོ་བོ།   །ཁྱོད་ལ་ལོག་པར་རྟོག་པའི་དམུ་རྒོད།   །འདི་དག་ཐུགས་རྗེ་འདུལ་བའི་མཛོད་ཅིག   །མདོར་ན་དུས་དང་གནས་སྐབས་ཀུན་ཏུ།   །ཕན་དང་བདེ་བའི་བཀྲ་ཤིས་དཔལ་གྱིས།   །ཡོངས་སུ་ཁྱབ་པས་འགྲོ་བ་འདི་དག  །   མྱུར་དུ་སངས་རྒྱས་ཐོབ་པར་བྱིན་རློབས།   །གང་འདི་པད་འབྱུང་རིགས་ཀྱི་ཁྱབ་བདག   །དྲན་པའི་མོད་ལ་གང་གི་རྗེས་འཇུག   །རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས།   །གང་ཤར་བཟོ་མེད་ལྷུག་པར་བྲིས་སོ།།   །། 
༈     །སློབ་དཔོན་ཆེན་པོ་ལ་བསྟོད་པ། སྐུ་གསུམ་རྒྱལ་པ་ཡོངས་ཀྱི་ཐུགས་རྗེའི་ཤུགས།   གཅིག་བསྡུས་རིག་འཛིན་རྒྱལ་པོའི་ཚུལ་འཆང་བ།   །བདེ་ཆེན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེའི་སྐུ།   །པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ།   །སྣང་བ་མཐའ་ཡས་མགོན་པོ་ [71a] སྤྱན་རས་གཟིགས།   །དབྱེར་མེད་སིནྡྷུའི་དྭངས་མཚོར་སྤྲུལ་པའི་སྐུ།   །འཇིག་རྟེན་གསུམ་ན་ཆེ་བའི་རིག་སྔགས་འཆང་།   །མཉམ་མེད་བླ་མ་ཁྱེད་ལ་ཕྱག་འཚལ་ལོ།   །པདྨ་ལས་འཁྲུངས་པདྨ་བཞད་པའི་ཞལ།   །མཚན་དཔེའི་གཟི་འབར་རྒྱལ་ཀུན་ཞལ་སྐྱིན་མཆོག   །འཇིག་རྟེན་མངའ་བསྒྱུར་མཚུངས་མེད་རྒྱལ་བའི་སྲས།   །བདེ་མཆོག་པདྨ་རྒྱལ་པོར་ཕྱག་འཚལ་ལོ།   །གནས་ཡུལ་རྣམས་སུ་བརྟུལ་ཞུགས་སྤྱོད་པ་བསྐྱངས།   །མ་ཚོགས་དྲེགས་པ་དང་བསྡུས་ལས་ལ་བཀོལ།   །ས་སྟེང་ཀུན་ཏུ་གསང་སྔགས་བསྟན་པ་སྤེལ།   །ཉི་མ་འོད་ཟེར་ཞབས་ལ་ཕྱག་འཚལ་ལོ།   །ཤེས་བྱའི་གནས་རྣམས་གཟིགས་པ་ཙམ་གྱིས་རྟོགས།   །ལྔ་རིག་ཀུན་མཁྱེན་མཁས་པའི་ཕུལ་དུ་ཕྱིན།   །འཇམ་པའི་དབྱངས་དང་དབྱེར་མེད་རྒྱལ་བའི་སྲས།   །བློ་ལྡན་མཆོག་སྲེད་ཁྱེད་ལ་ཕྱག་འཚལ་ལོ།   །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་དྲུག་གི   །   དགོངས་སྤྱོད་མཐར་ཕྱིན་རྒྱལ་དང་རྒྱལ་སྲས་ཀྱི།   །རྣམ་ཐར་རྒྱ་མཚོའི་ཚུལ་ལ་མངའ་དབང་བརྙེས།   །པདྨ་སམྦྷ་ཝ་ལ་ཕྱག་འཚལ་ལོ།   །རྒྱལ་བ་མཆོག་ཉིད་སླར་ཡང་བྱོན་པ་བཞིན།   །རྣམ་དག་ཕུང་པོ་ལྔ་འཆང་མཆོག་སྤྲུལ་ཚུལ།   །ཆོས་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་བསྒྲགས།   །ཤཱཀྱ་ [71b] སེང་གེ་ཁྱོད་ལ་ཕྱག་འཚལ་ལོ།   །འཆི་མེད་རྡོ་རྗེའི་ཚེ་དང་རིག་འཛིན་ས།   །དངོས་གྲུབ་ཀུན་ལ་མངའ་དབང་དམ་པ་བརྙེས།   །དཀྱིལ་འཁོར་གྱི་ཀུན་གྱི་གཙོ་དང་གཉིས་སུ་མེད།   །པདྨ་འབྱུང་གནས་ཁྱོད་ལ་ཕྱག་འཚལ་ལོ།   །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་རྣམས།   །རྫུ་འཕྲུལ་ཆེན་པོས་མིང་གི་ལྷག་མར་བྱས།   །ཆེ་བཙན་འགྲན་མེད་རྡོ་རྗེའི་མཐུ་སྟོབས་བདག   །སེང་གེ་སྒྲ་སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ།   །གངས་ཅན་ལྗོངས་སུ་རྒྱལ་བའི་བསྟན་པ་སྤེལ།   །ནག་པོའི་རྩ་ལག་རྡོ་རྗེའི་མཐུ་ཡིས་བཏུལ།   །ས་སྟེང་ཐམས་ཅད་ཟབ་མོའི་གཏེར་གྱིས་བཀང་།   །རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་ལོ།   །སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་དང་།   །མི་མཇེད་འཇིག་རྟེན་སོ་དྲུག་ལ་སོགས་པར།   །མཐའ་ཡས་སྤྲུལ་པའི་ཞིང་ཁམས་ཀུན་ཏུ་ཁྱབ།   །སྒྱུ་འཕྲུལ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།   །རྒྱལ་སྲས་སེམས་དཔའ་བརྒྱད་དང་སྒྲུབ་སྡེ་བརྒྱད།   །ལ་སོགས་རྒྱལ་བ་རྒྱལ་སྲས་རྒྱ་མཚོ་དང་།   །དབྱེར་མེད་བླ་མ་དཀྱིལ་འཁོར་ཀུན་གྱི་བདག   །མཚུངས་མེད་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།   །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས།   །སྙིགས་མའི་འགྲོ་བ་བསྐྱབ་པར་མཛད་པའི་ཕྱིར།   །བྱིན་རླབས་ཐུགས་རྗེ་ལྷག་པར་མྱུར་བ་ཡིས།   །ལས་ [72a] ཅན་རྗེས་སུ་འཛིན་ལ་ཕྱག་འཚལ་ལོ།   །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།   །རྣམ་པ་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།   །རིག་འཛིན་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་སྟོན།   །ཀུན་ལས་ཆེ་བ་སངས་རྒྱས་རིག་སྔགས་འཆང་།   །རང་བྱུང་ཀུན་ཏུ་བཟང་པོ་ཁྱོད་ཉིད་ལ།   །མི་ཕྱེད་དད་པས་ལེགས་པར་བསྟོད་པ་ཡི།   །བསོད་ནམས་ཉིན་མོར་བྱེད་པའི་འོད་ཟེར་གྱིས།   །མཚོ་སྐྱེས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག   །སྣོད་བཅུད་རྒུད་པ་མཐའ་དག་རབ་ཏུ་ཞི།   །དཔལ་དང་གྲགས་པ་བཀྲ་ཤིས་བདེ་ལེགས་འཕེལ།   །འགྲོ་ཀུན་མཚུངས་མེད་གུ་རུས་རྗེས་བཟུང་ནས།   །རང་བྱུང་པདྨའི་གོ་འཕང་མཆོག་ཐོབ་ཤོག   །ཅེས་ཚིགས་སུ་བཅད་པ་དགའ་བ་བཅུ་དྲུག་གི་གྲངས་ལྡན་འདི་ནི་ཟིལ་གནོན་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ།།   །། 
༈      །མཁན་ཆེན་པོ་དྷི་སཏྭ་ལ་བསྟོད་པ། འཇམ་དཔལ་དཔའ་བོའི་ཞབས་པད་དྲི་མེད་ཉིན།   །ཡན་ལག་མཆོག་གི་པདྨར་རབ་བཀོད་ནས།   །ཟབ་རྒྱས་ཆོས་ཚུལ་དངོས་སུ་ལེགས་ནོད་པ།   །མཁན་ཆེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ།   །བསྟན་པའི་རྩ་བ་སོ་སོར་ཐར་པ་ཡི།   །ཚུལ་ཁྲིམས་རྣམ་དག་ངུར་སྨྲིག་རྒྱལ་མཚན་འཆང་།   །སྡོམ་བརྩོན་སྡེ་སྣོད་འཛིན་པའི་རྒྱལ་པོར་ [72b] བསྔགས།   །ཤཱཀྱའི་སྲས་གཅིག་ཁྱོད་ལ་ཕྱག་འཚལ་ལོ།   །ཟབ་ཡངས་རིག་གནས་རྒྱ་མཚོ་ཆེན་པོའི་ཀློང་།   །མངོན་ཤེས་ལ་སོགས་ཡོན་ཏན་ནོར་བུའི་གཏེར།   །རྒྱལ་སྲས་སྤྱོད་པའི་རླབས་ཕྲེང་ཆེར་གཡོ་བ།   །བྱང་ཆུབ་སེམས་དཔའི་མཆོག་ལ་ཕྱག་འཚལ་ལོ།   །གཞལ་བྱ་བདེན་པ་གཉིས་ཀྱི་ཆོས་ཚུལ་ཀུན།   །ཡང་དག་རིག་པའི་ལམ་ནས་གསལ་མཛད་པའི།   །ཤེས་རབ་ཉི་ཟླའི་འོད་ཀྱིས་ས་སྟེང་ཁྱབ།   །མཁས་པའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ།   །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན།   །དབུ་སེམས་ཟུང་འཇུག་ཤིང་རྟའི་ལམ་སྲོལ་ཕྱེས།   །འཕགས་པའི་ཡུལ་ན་ཉི་ཟླ་ལྟ་བུར་གྲགས།   །བསྟན་པའི་རྒྱན་གཅིག་ཁྱོད་ལ་ཕྱག་འཚལ་ལོ།   །གངས་ཅན་མུན་པའི་ཁྲོད་དུ་རྒྱལ་བསྟན་མཆོག   །སྣང་བའི་སྒོ་ཆེན་ཐོག་མར་ཁྱོད་ཀྱིས་ཕྱེས།   །ཡང་དག་ལུང་དང་རིིག་པའི་རྒྱལ་རྔ་བསྒྲགས།   །མཁན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ།   །བགྲང་བྱ་བརྒྱ་ཕྲག་དགུ་ཡི་གྲངས་བཞུགས་ཏེ།   །འཕགས་ཡུལ་རྒྱ་ནག་གངས་ཅན་ལ་སོགས་པར།   །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བསྒྲེངས།   །བསྟན་པའི་རྒྱལ་མཚན་ཁྱོད་ལ་ཕྱག་འཚལ་ལོ།   །རྨད་བྱུང་ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོ་དང་།   །ཐབས་ལ་མཁས་པའི་རྣམ་རོལ་སྣ་ཚོགས་ཀྱིས།   ། [73a] བཟང་པོའི་ཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ།   །བཀའ་དྲིན་འགྲན་མེད་ཁྱེད་ལ་ཕྱག་འཚལ་ལོ།   །མཐུ་སྟོབས་བདག་པོར་གྱུར་ཀྱང་བྱམས་བརྩེའི་ངང་།   །ཡོན་ཏན་རྒྱ་མཚོས་འབྱོར་ཀྱང་སྙེམས་མེད་ཞི།   །གསང་སྔགས་ས་ལམ་རྫོགས་ཀྱང་དགེ་སྦྱོང་ཚུལ།   །དམན་རྣམས་རྗེས་སུ་འཛིན་ལ་ཕྱག་འཚལ་ལོ།   །བོད་འདིར་རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར།   །སྤྲུལ་པའི་བསྟན་འཛིན་ཡང་ཡང་འབྱོན་པ་དང་།   །བསྟན་ལ་བྱ་བ་བྱེད་པར་ཞལ་གྱིས་བཞེས།   །གངས་ཅན་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ།   །གང་སྐུ་བསྒོམ་པས་བསྟན་པའི་མངའ་ཐང་འཕེལ།   །ཚུལ་ཁྲིམས་རྣམ་དག་ཏིང་འཛིན་ཤེས་རབ་རྒྱས།   །མཐར་གྱིས་རྡོ་རྗེ་འཛིན་རྒྱལ་འགྱུར་ཞེས་གསུངས།   །དཔག་མེད་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།   །དུས་མཐར་རྒྱལ་བའི་བསྟན་པ་ཉམས་དམའ་ཞིང་།   །བསྟན་རྗེས་འཇུག་རྣམས་ཤིན་ཏུ་ཉམ་ཐག་ཚེ།   །ཁྱེད་ཉིད་དྲན་པས་སྐྱོབ་པར་འགྱུར་རོ་ཞེས།   །ཞལ་བཞེས་རྗེས་སུ་དྲན་ནོ་ཐུགས་རྗེ་ཅན།   །དེང་དུས་སྙིགས་མ་ལྔས་གཙེས་འགྲོ་བ་རྣམས།   །ཡང་དག་ལྟ་བའི་དམིགས་རྣམ་རྙེད་དཀའ་ཞིང་།   །ཚུལ་ཁྲིམས་ཏིང་འཛིན་བདུད་རྩིའི་སྐལ་བ་དབེན།   །བསྟན་ལ་འཚེ་བའི་ཕྱོགས་རྣམས་ཆེས་ཆེར་བདོ།   ། [73b] ཆར་ལྡན་དུས་ཀྱང་རྫོགས་པའི་ནམ་གཞུག་བཞིན།   །ཅི་ལ་བསམ་ཀྱང་སྐྱོ་བའི་དུས་འདི་ན།   །རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན།   །མགོན་པོ་ཁྱོད་ཀྱི་དམ་བཅའ་མ་བསྙེལ་ཅིག   །སྡེ་སྣོད་རྒྱུད་སྡེའི་འཆད་ཉན་དར་བ་དང་།   །བསླབ་གསུམ་རིམ་གཉིས་རྣལ་འབྱོར་གོང་དུ་འཕེལ།   །ལུང་རྟོགས་བསྟན་པའི་མངའ་ཐང་རབ་རྒྱས་པའི།   །རྫོགས་ལྡན་དུས་ཀྱང་གསར་དུ་ངོམས་པར་མཛད།   །སྐྱེ་བ་ཀུན་ཏུ་ཁྱོད་ཀྱིས་རྙེས་བཟུང་ནས།   །རྒྱལ་བ་དགྱེས་པའི་ལམ་ལས་མི་གཡོ་ཞིང་།   །མཐའ་ཡས་འགྲོ་བ་ཀུན་ཀྱང་རྒྱལ་ཀུན་གྱི།   །གསང་འཛིན་གསང་བའི་བདག་པོ་ཉིད་གྱུར་ཅིག     །ཅེས་ཚིགས་སུ་བཅད་པ་དེ་ཉིད་རྣམ་པ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་དགུ་པའི་ཚེས་ལྔ་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ།།   །། 
༈      །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་བསྟོད་པ།   གངས་ཅན་འགྲོ་བ་ཐབས་ཀྱིས་གདུལ་བའི་ཕྱིར།   །རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས།   །བོད་ཡུལ་རྒྱལ་པོའི་ཚུལ་དུ་ལེགས་སྣང་བ།   །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་ཕྱག་འཚལ་ལོ།   །ཉི་ཟླ་ཟུང་འདྲའི་མཁན་སློབ་རྣམ་གཉིས་སོགས།   །རྒྱ་གར་པཎ་གྲུབ་བོད་ཀྱི་ལོ་ཙཱ་བ།   །གངས་ཅན་ཕན་བདེའི་བྱེད་པོ་སྤྲུལ་པའི་སྐུ།   །རྣམ་ [74a] མང་བསྡུ་བར་མཛད་ལ་ཕྱག་འཚལ་ལོ།   །རིག་པའི་གནས་དང་མདོ་རྒྱུད་བསྟན་བཅོས་གཞུང་།   །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་མཛད་ཅིང་།   །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རབ་ཏུ་བསྒྲེངས།   །མངའ་བདག་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ།   །མཐའ་བཞིའི་རྒྱལ་ཁམས་སྟོབས་ཀྱིས་དབང་དུ་བསྡུས།   །གཙུག་ལག་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན།   །མདོ་སྔགས་འཛིན་པའི་སྡེ་གཉིས་བོད་དུ་བཀོད།   །བོད་ཡུལ་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་ལོ།   །སྣ་ཚོགས་ཐབས་ཀྱིས་ཆོས་སྲིད་ཟུང་དུ་སྐྱོང་།   །བཀའ་བཙན་སྲོལ་བསྐྱང་རྒྱལ་ཁམས་བདེ་ལ་བཀོད།   །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཅེས།   །སྙན་པས་ས་སྟེང་ཁྱབ་ལ་ཕྱག་འཚལ་ལོ།   །ཆེ་མཆོག་བདུད་རྩིའི་གྲུབ་པ་མངོན་དུ་གྱུར།   །ཏིང་འཛིན་གཡོ་མེད་དགོངས་པའི་རྩལ་ཆེན་རྫོགས།   །ཚད་མ་ལ་སོགས་ལེགས་བཤད་བསྟན་བཅོས་སྤེལ།   །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།   །སངས་རྒྱས་ལས་ཀྱང་ཆེས་དཀོན་གསང་སྔགས་ཀྱི།   །གཞུང་ལུགས་རྣམས་དང་དེ་ཡི་གདམས་ངག་གིས།   །བྷོ་ཊའི་ཡུལ་འདི་ཨོ་ཌཱི་ཡཱ་ན་དང་།   །མཚུངས་པར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ།   །དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་ [74b] ཟབ་གསང་ཆོས།   །སུས་ཀྱང་རྙེད་པར་དཀའ་བ་ནང་རྒྱུད་གསུམ།   །གྲུབ་མཆོག་རྣམས་ཀྱིས་ཡོངས་བླངས་ནོར་བུའི་གཏེར།   །ས་འདིར་འགོད་མཛད་ཁྱོད་ལ་ཕྱག་འཚལ་ལོ།   །བའིལ་ལྡན་ར་བ་དཀར་པོའི་ལྗོངས་འདི་ནི།   །རྒྱལ་བའི་བསྟན་དང་དེ་འཛིན་འདུས་པའི་སྡེ།   །ཇི་སྙེད་བྱུང་བ་མགོན་པོ་ཁྱོད་ཀྱི་དྲིན།   །བཀའ་དྲིན་འགྲན་བྲལ་ཁྱོད་ལ་ཕྱག་འཚལ་ལོ།   །ད་དུང་སངས་རྒྱས་བསྟན་པ་གནས་ཀྱི་བར།   །སྣ་ཚོགས་སྤྲུལ་པས་རྒྱལ་བའི་བསྟན་པ་དང་།   །གངས་ཅན་ཕན་བདེ་སྤེལ་བར་མཛད་པ་ཡི།   །ཐུགས་བསྐྱེད་མཉམ་མེད་ཁྱོད་ལ་ཕྱག་འཚལ་ལོ།   །བདག་ཅག་གངས་རིའི་ཁྲོད་གནས་མི་རྣམས་ཀྱིས།   །རྒྱལ་བསྟན་རིན་ཆེན་ཆོས་ཀྱི་སྒྲ་ཙམ་ཡང་།   །རྣ་བར་ཐོས་པ་ཁྱོད་ཀྱི་དྲིན་ཡིན་ན།   །བློ་ལྡན་སུ་ཞིག་ཁྱོད་ལ་ཅིས་མི་གུས།   །དེ་ཕྱིར་བདག་ནི་དད་མོས་རྩེ་གཅིག་པས།   །མགོན་པོ་ཁྱོད་ལ་བསྟོད་ཅིང་ཕྱག་འཚལ་ལོ།   །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་ཡིས།   །བདག་ཅག་རྗེས་བཟུང་བྱིན་གྱིས་བརླབ་པར་མཛོད།   །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་ལུང་བསྟན་ཅིང་།   །སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུ་བཙན་པས།   །འཇམ་དཔལ་སྤྲུལ་པའི་རྒྱལ་པོའི་ [75a] ཐུགས་བཞེད་བཞིན།   །རྒྱལ་བསྟན་ཡུན་དུ་གནས་པ་ཉིད་གྱུར་ཅིག   །མཐའ་ཡས་འགྲོ་ཀུན་ཐུགས་བརྩེས་ཡོངས་སུ་བཟུང་།   །ནམ་མཁའ་ཇི་སྲིད་གཞན་ཕན་ཕྲིན་ལས་སྤྱོད།   །རྒྱལ་སྲས་དཔའ་བོ་རྣམས་ཀྱི་གཙུག་གི་རྒྱལ།   །མགོན་པོ་ཁྱེད་དང་མཚུངས་པར་བདག་གྱུར་ཅིག   །ཚིགས་བཅད་འདི་ཆོས་རྒྱལ་ཆེན་པོ་ཉིད་ཀྱི་གསུང་ཡིན་པར་གྲགས། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།   །བདག་སོགསགང་དུ་གནས་པའི་ས་ཕྱོགས་དེར།   །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།   །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།   །རྒྱལ་དང་རྒྱལ་བའི་སྲས་ཀྱི་སྨོན་ལམ་དང་།   །བདག་ཅག་མོས་དགེ་རྣམ་པར་དཀར་བའི་མཐུས།   །མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་རྗེའི་།   །ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག   །ཅེས་ཚིགས་སུ་བཅད་པ་མཆོད་པའི་སྡོམ་བཅུ་དྲུག་གི་གྲངས་ལྡན་འདི་ནི་མེ་རྟ་ཟླ་བ་བརྒྱད་པའི་ཚེས་ཉེར་བདུན་ལ་མི་ཕམ་འཇམ་དཔལ་དགྱེས་པས་བཀོད་པ་དགེ་ལེགས་འཕེལ།   གོང་གི་བསྟོད་ཚིགས་རྣམས་ཕྱག་འཚལ་དུ་ཁ་སྒྱུར་བ་པོ་ནི་ཛྙཱ་ནའོ།།   །། 
༈     །རྒྱལ་ཀུན་རིགས་ཀྱི་ཅོད་པན་གསུང་རྡོ་རྗེ།   །རང་བྱུང་སྤྲུལ་སྐུ་སྔགས་ཀྱི་སློབ་དཔོན་ཚུལ།   བོད་ཁམས་སྐྱོབ་པའི་གཉེན་གཅིག་བཀའ་དྲིན་ཅན།   །ཨོ་རྒྱན་སངས་རྒྱ་གཉིས་པ་ [75b] ལ་གསོལ་བ་འདེབས།   །རྒྱལ་ཀུན་གསང་བ་འཛིན་པའི་དབང་ཕྱུག་གང་།   །སྟོན་པའི་རྒྱལ་ཚབ་སྡོམ་བརྩོན་བཤེས་གཉེན་ཚུལ།   །བའིལ་ལྡན་ཐོག་མའི་མཆོད་གནས་བཀའ་དྲིན་ཅན།   །མཁན་ཆེན་ཆེན་བོ་དྷི་སཏྭ་ལ་གསོལ་བ་འདེབས།   །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་དཔལ་དབྱངས།   །ཞིང་འདིར་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ།   །གངས་ཅན་བསྟན་པའི་ཤིང་རྟ་བཀའ་དྲིན་ཅན།   །མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས།   །རྩེ་གཅི༷ག་སྙིང་ནས་རྗེས་དྲན་བདག་སོགས་རྣམས།   །ཚོགས་གཉི༷ས་ཡོན་ཏན་མཛོད་ལ་དབང་འབྱོར་ཞིང་།   །རྣམ་གསུ༷མ་རིང་ལུགས་དྲི་མེད་སྔ་འགྱུར་སྲོལ།   །གླིང་བཞི༷འི་ཁྱོན་ཀུན་རྟག་ཁྱབ་འཕེལ་རྒྱས་ཤོག   །ཅེས་པའང་རིགས་ཀྱི་བུ་ཕྲན་ལས་ནོར་བུས་དོན་དུ་གཉེར་བའི་ངོར།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བྲིས་པ་ཡོངས་སུ་དགེའོ།།   །།མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་སྒོ་ནས་གསོལ་བ་འདེབས་པ་མོས་གུས་གདུང་བའི་ཏམྦུར་ཞེས་བྱ་བ། ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡཻ།   ཀུན་ཏུ་བཟང་མོ་ཤེས་རབ་ཕ་རོལ་ཕྱིན།   །དབྱིངས་ཕྱུག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ།   །དབྱངས་ཅན་ལྷ་མོ་ཡེ་ཤེས་མཚོ་རྒྱལ་ཞབས།   །བླ་མ་སྐུ་ [76a] གསུམ་མཁའ་འགྲོར་གསོལ་བ་འདེབས།   །ཆོས་འཕགས་དྲུང་དུ་སྨོན་ལམ་ཆེན་པོ་ཐེབས།   །ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་སྤྲུལ།   །དག་པའི་ཞིང་དུ་འཕགས་མ་དབྱངས་ཅན་མའི།   །སྐུ་ཡི་བཀོད་པར་བསྟན་ལ་གསོལ་བ་འདེབས།   །གངས་ཅན་གདུལ་བྱ་འདུལ་བའི་དུས་བབས་ཚེ།   །མཁའ་ལས་ཐབས་ཤེས་ཡིག་འབྲུའི་རྣམ་པ་ཡིས།   །སྒྲགས་ཡུལ་མཁར་ཆེན་རིགས་ཀྱི་ལྷུམས་སུ་ཞུགས།   ལྟས་བཟང་དཔག་མེད་སྣང་ལ༴    །བྱ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་དུས།   །སྐུ་བལྟམས་ཚེ་ན་ས་གཡོས་འབྲུག་སྒྲ་ལྡིར།   །མེ་ཏོག་ཆར་བབས་བླ་ཡི་མཚོ་མོ་རྒྱས།   །འཇའ་འོད་གུར་ཆེན་ཕུབ་ལ༴    །བལྟམས་མ་ཐག་ནས་དབྱངས་གསལ་ཚིགས་བཅད་གསུང་།   །མཁའ་ལས་ལྷ་མོ་མང་པོས་ཤིས་པ་བརྗོད།   །ཟླ་བ་གཅིག་ནས་ལོ་བརྒྱད་ན་ཚོད་རྫོགས།   །རྒྱལ་ཁམས་སྙན་པས་ཁྱབ་ལ༴    །འཁོར་བའི་བཙོན་རར་ངེས་འབྱུང་ཤུགས་དྲག་པོས།   །རྒྱལ་ཕྲན་སློང་བ་པོ་ལས་རིང་དུ་བྲོས།   །མངའ་བདག་ཁྲི་སྲོང་ཐུགས་ཀྱི་བཞེད་པ་ལྟར།   །ཁབ་ཀྱི་དམ་པར་བྱོན་ལ༴    །འབྲི་ཀློག་རིག་པའི་གནས་ཆེན་ལྔ་ལ་སོགས།   །མཁས་པས་བརྡ་བསྟན་ཙམ་གྱིས་ཐུགས་སུ་ཆུབ།   ། [76b] སྔོན་སྦྱངས་ལས་འཕྲོ་ཆོས་ལ་སད་པ་ཡིས།   །ཆོས་ཀྱི་གཉེར་འཛིན་བསྐོས་ལ༴    །སློབ་དཔོན་པད་འབྱུང་མཆིམས་ཕུར་བཞུགས་པ་ཉིད།   །རྒྱལ་པོས་སྤྱན་དྲངས་རྒྱལ་སྲིད་མཎྜལ་ཕུལ།   །རྩོལ་མེད་ཐེག་པ་གནང་བར་གསོལ་བཏབ་པས།   །གསང་སྔགས་དཀོན་པར་བསྟན་ལ༴     །སླར་ཡང་མཚོ་རྒྱལ་དེ་མཐུན་དམ་རྫས་ཀྱི།   །ཚོགས་འཁོར་ཕུལ་བས་དགྱེས་བཞིན་གནང་བ་སྩལ།   །ཇོ་མོར་མངའ་གསོལ་དབང་གིས་རྒྱུད་སྨིན་མཛད།   །མཆིམས་ཕུར་གསང་སྤྱོད་གཤེགས་ལ༴    །སྡེ་སྣོད་གསུམ་སོགས་ཐེག་པ་ཆེ་ཆུང་གི   །   དྲང་དོན་རྒྱུ་འབྲས་ཆོས་ལ་བློ་སྦྱངས་ཤིང་།   །དབྱངས་ཅན་ཞལ་གཟིགས་མི་བརྗེད་གཟུངས་མཆོག་ཐོབ།   །མངོན་ཤེས་རྫུ་འཕྲུལ་བརྙེས་ལ༴    །བསྒྲུབ་བྱ་ཚུགས་ཐུབ་བཤད་བྱ་ཁོང་ཁྲོལ་ཅིང་།   །ཤེས་བྱ་ཕུལ་ཕྱིན་ཐེག་དགུའི་ལ་ཤན་ཕྱེད།   །ཆོས་དང་ཆོས་མིན་ཤན་འབྱེད་ཀློང་ནས་བརྡོལ།   །ལས་འབྲས་རང་མཚང་གཟིགས་ལ༴    །རྒྱུ་འབྲས་ལ་ཟློའི་ཟབ་གསང་བཙལ་བཞེད་ནས།   །གུ་རུ་རྗེ་ལས་འདའ་དཀའི་དམ་ཚིག་ནོད།   །གཡའ་ལུང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡིས།   །ཐོག་མར་རྒྱུད་སྨིན་མཛད་ལ༴    །གཞོ་སྟོད་ཏི་སྒྲོར་རྗེ་དང་ལྷན་ཅིག་ཕེབས།   །ཚོགས་ [77a] ཁང་ཆེན་མོར་བདེ་ཆེན་མཎྜལ་ཕུལ།   །གསང་བའི་དབང་བཞིས་སྐུ་གསུང་ཐུགས་སུ་སྨིན།   །བླ་མའི་དག་སྣང་འབྱོངས་ལ༴    །ཟླ་བ་དྲུག་ཏུ་དབང་དོན་རྩལ་སྦྱངས་པས།   །དུས་སྦྱོར་རླུང་འགག་རྟེན་འབྲེལ་བཅུ་གཉིས་དང་།   །གནས་སྐབས་བཞི་དག་བཅུ་གཉིས་ས་མཆོག་ནོན།   །བསམ་ཡས་ཡོན་ཏན་ལྡན་ལ༴    །གུ་རུའི་ཞིང་བཞིན་བལ་པོའི་ཡུལ་དུ་བྱོན།   །མི་བསད་རོ་བསླངས་གསེར་གྱིས་རིན་གཞལ་ནས།   །ཐབས་ཀྱི་དཔའ་བོ་ཨཱ་ཙར་ས་ལེ་བསླུས།   །གདུལ་དཀའི་འགྲོ་མང་བཏུལ་ལ༴    བ་སུ་དྷ་ར་ཤཱཀྱ་དེ་མ་སོགས།   །ཕན་ཚུན་ཆོས་གསན་སླར་ཡང་ཏི་སྒྲོར་ཕེབས།   །དགའ་བཞིའི་རྩལ་སྦྱངས་བཅུད་ཀྱི་དངོས་གྲུབ་ཐོབ།   །འབྱུང་ལྔར་རང་དབང་སྒྱུར་ལ༴    །ཆོས་རྒྱལ་གསོལ་བཏབ་ཡབ་ཡུམ་མཆིམས་ཕུར་ཕེབས།   །བླ་མེད་དཀྱིལ་འཁོར་བརྒྱད་དང་ཉི་ཤུ་ཡི།   །ཞལ་ཕྱེས་སྐལ་ལྡན་སུམ་བརྒྱ་སྨིན་པར་མཛོད།   །ཐུགས་སྒྲུབ་བཀའ་ཆེན་བབས་ལ༴    །ཏི་སྒྲོར་བླ་མ་བསྒྲུབས་པས་བྱིན་ཆེན་ཐོབ།   །སྣང་བ་ཐམས་ཅད་བླ་མའི་རོལ་པར་ཤར།   །ཨོ་རྒྱན་མཁའ་འགྲོའི་གླིང་སོགས་ཞིང་མཆོག་བགྲོད།   །ངོ་མཚར་བརྡ་ཆོས་གཟིགས་ལ༴    །ཟས་གོས་ [77b] ལུས་ངག་ཡིད་དང་སངས་རྒྱས་བསྟན།   །གཞན་དོན་སྙིང་རྗེའི་དཀའ་བ་ཆེན་པོ་བརྒྱད།   །གུ་རུའི་བཀའ་ལུང་ཇི་བཞིན་མཐར་ཕྱིན་ནས།   །སོ་སོའི་གྲུབ་རྟགས་ཐོན་ལ༴    །གཡའ་གངས་མཚམས་སུ་གཏུམ་མོའི་བདེ་དྲོད་བརྙེས།   །ཕལ་པའི་གོས་བྲལ་རུས་པའི་རྒྱན་དྲུག་མཛེས།   །སེང་གེ་རྫོང་དུ་སྨན་གྱི་བཅུད་ལོན་པས།   །དྲང་སྲོང་སྨན་ལྷས་མཆོད་ལ༴    གདོས་བཅས་ལུས་ཟད་འཇའ་ལུང་མཁའ་སྤྱོད་བརྙེས།   །ངག་ནི་ཚངས་དབྱངས་ཡན་ལག་དྲུག་ཅུ་རྫོགས།   །སེམས་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལྡན།   །མཆོག་ཐུན་དངོས་གྲུབ་བརྙེས་ལ༴    །ནེ་རིང་རྫོང་དུ་མི་དང་མི་མིན་གྱི།   །དཔུང་ཚོགས་བཏུལ་ནས་དད་པའི་གཞི་ལ་བཀོད།   །མཐུ་ཆེན་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་ཕུལ།   །བསྟན་པའི་སྲུང་མར་བསྐོས་ལ༴    །སྤ་གྲོ་སྟག་ཚང་ཟབ་ལམ་བརྟུལ་ཞུགས་སྤྱོད།   །སྒོ་གསུམ་བདེ་ཆེན་རྡོ་རྗེ་གསུམ་དུ་གྱུར།   །བཅུ་དྲུག་ལང་ཚོས་སྒེག་པའི་གཟི་མདངས་འབར།   །དཔའ་མོ་ཧེ་རུ་ཀ་ལ༴    །ཚེ་དཔག་མེད་པས་དབང་བསྐུར་ལུང་བསྟན་ཐོབ།   །བགྲེས་རྒུད་མི་མང་ཚེ་ཡི་རིག་འཛིན་བརྙེས།   །མཐའ་ཡས་དཀྱིལ་འཁོར་ཀུན་གྱི་གཙོ་མོར་གྱུར།   །ཚེ་བདག་མཐིང་འོད་འབར་མར༴    །མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་རྗེས་སུ་བཟུང་།   ། [78a] འོན་ཕུ་སྟག་ཚང་རྡོ་རྗེ་ཕུར་པ་གྲུབ།   །སྟོང་གསུམ་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ལོན།   །དབྱིངས་ཕྱུག་ཚོགས་རྗེ་མ་ལ༴    །ལོག་པའི་བོན་རྣམས་རྫུ་འཕྲུལ་ནུས་པས་བཅོམ།   །སྡིག་བློན་མང་པོའི་ལས་ངན་སྐྱེ་རྒྱུན་བཅད།   །དགེ་འདུན་དབྱེ་སེལ་ཐབས་དང་ཐུགས་རྗེས་བཏུལ།   །རྒྱལ་བསྟན་ཉིན་མོར་མཛད་ལ༴    །ཁ་རག་གངས་དང་གཙང་གི་ཇོ་མོ་ནང་།   །འུག་པ་ལུང་དུ་སྙན་བརྒྱུད་བཀའ་བརྒྱུད་སྤེལ།   །ལས་ཅན་མི་བདུན་གྲུབ་ཐོབ་ལྔ་བརྒྱ་སོགས།   །སྨིན་གྲོལ་དཔག་མེད་མཛད་ལ༴    །ཤམ་པོ་གངས་སུ་ཇག་པ་མི་བདུན་ལ།   །ངོ་སྤྲོད་གྲུབ་བརྙེས་ཨོ་རྒྱན་ཡུལ་དུ་བཏང་།   །བལ་ཡུལ་མཁའ་འགྲོ་ཀ་ལ་སིདྡྷི་མ།   །རྗེས་བཟུང་གདམས་པས་གྲོལ་ལ༴    །མཆིམས་ཕུར་གུ་ར་རྗེ་དང་ལྷན་ཅིག་ཏུ།   །ལོ་གྲངས་བཅུ་གཅིག་བཞུགས་ནས་ཐུགས་ཀྱི་མཛོད།   །ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་བཞེས།   །བཤད་སྒྲུབ་བསྟན་པ་སྤེལ་ལ༴    །ཐུགས་སྒྲུབ་བྱེ་བ་སྙིང་ཐིག་ཁྲི་ཕྲག་སྐོར།   །རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེའི་ཆོས།   །ཤོག་སེར་ངོས་སུ་བརྡ་ཡིག་དུ་མར་བཀོད།   །ཟབ་གཏེར་བཅའ་གཞི་བསྒྲིགས་ལ༴  །   ཡབ་ཡུམ་གྲུབ་རིགས་ལྷན་ཅིག་དབུས་གཙང་ཁམས།   །ཞབས་ཀྱིས་གཅགས་ནས་ [78b] སྒྲུབ་པས་བྱིན་གྱིས་བརླབས།   །ས་འོག་གཏེར་གྱིས་བཀང་ནས་ཁ་བྱང་བཞག   །ལས་ཅན་ལུང་བསྟན་མཛད་ལ༴     །གུ་རུ་སྲིན་ཡུལ་ཕེབས་པའི་སྐྱེལ་མའི་ལམ།   །ཚ་ཤོད་རོང་དུ་ཨ་ཏི་ཁྱབ་བརྡལ་ཆེའི།   །གདམས་པ་ཡོངས་རྫོགས་ལུང་བསྟན་མཐར་ཐུག་དང་།   །འདས་རྗེས་རྣམ་གསུམ་ཐོབ་ལ༴    །ཤངས་དང་ཟམ་བུར་བཞུགས་ནས་སྐལ་ལྡན་རྣམས།   །སྨིན་གྲོལ་སར་བཀོད་ཨ་ཏིའི་དགོངས་པ་ལ།   །མཉམ་པར་བཞག་པས་རིག་པ་ཚད་ལ་ཕེབས།   །ཞིང་ཁམས་དྲུག་ཅུར་ཉུལ་ལ༴    །བདུད་བློན་ཤནྟི་དམྱལ་བའི་གནས་ནས་དྲངས།   །ཟས་གོས་སྨན་ནོར་ལུས་སྲོག་སྐྱབས་སྦྱིན་སོགས།   །བདག་གཞན་བརྗེ་བའི་མཛད་པ་ངོ་མཚར་བས།   །ལྷ་ཀླུའི་དབང་པོས་བཏུད་ལ༴    །མཆིམས་ཕུར་ལྷ་སྲས་རྒྱལ་པོའི་མཆོད་གནས་མཛད།   །བོད་ཡུལ་གུ་རུའི་རྗེས་སུ་འབྲང་ཚད་ཀྱི།   །གདམས་པའི་ཁུངས་གྱུར་ཆོས་རྒྱུད་འཛམ་གླིང་ཁྱབ།   །འགྲོ་དོན་ནམ་མཁའི་མཉམ་ལ༴    །བོད་ཡུལ་མཐའ་དབུས་ཀུན་ཏུ་སྒྲུབ་པ་མཛད།   །ཕྱག་ཞབས་རྗེས་དང་ཡིག་འབྲུ་སྐུ་རྟེན་བཀོད།   །མ་འོངས་དད་གུས་ལྡན་པའི་སྐྱེ་འགྲོ་ཀུན།   །འབྲེལ་ཚད་དོན་ལྡན་མཛད༴    །གནས་ཆེན་བརྒྱ་རྩ་གནས་ཕྲན་བྱེ་བ་བདུན།   །གངས་རི་ [79a] ཉེར་ལྔ་རྫོང་ཆེན་བཅོ་བརྒྱད་དང་།   །སྦས་ཡུལ་བཅུ་གཉིས་ངོ་མཚར་གནས་མཆོག་བདུན།   །གསང་བའི་གནས་ལྔར་གཤེགས་ལ༴    །དེ་དག་རྣམས་སུ་ཆོས་ནོར་དམ་རྫས་ཀྱི།   །གཏེར་ཁ་གྲངས་མེད་སྦས་ཤིང་གཏེར་ཞབས་བསྡམས།   །སྨོན་ལམ་ཤིས་པ་བརྗོད་པས་དུས་ཀུན་ཏུ།   །དགེ་ལེགས་རྒྱས་པར་མཛད་ལ༴     །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཏུ།   །ལྷ་སྲས་མཆེད་གཙོས་སྐལ་ལྡན་མཆེད་ལྕམ་རྣམས།   །འདུས་པ་སྐོར་གསུམ་ལ་སོགས་ཟབ་རྒྱས་ཀྱི།   །ཆོས་སྒོས་སྨིན་གྲོལ་མཛད་ལ༴    གསང་འདུས་སྒྲུབ་ཚེ་གུ་རུ་དངོས་སུ་བྱོན།   །ཞག་བདུན་བཞུགས་ནས་ལྷ་སྲས་སྨིན་གྲོལ་མཛད།   །དགོངས་པརང་གྲོལ་ལ་སོགས་སྔོན་མེད་ཀྱི།   །གདམས་ཟབ་ཐུགས་རྗེས་སྩལ་ལ༴    །མཁར་ཆུར་ཕེབས་ནས་དགོངས་པར་མཉམ་བཞག་པས།   །ཆོས་ཉིད་ཟད་པའི་སྣང་བ་མངོན་དུ་གྱུར།   །རིགས་དྲུག་གནས་སུ་གང་འདུལ་སྤྲུལ་པ་ཡིས།   །འཁོར་བ་དོང་ནས་སྤྲུགས་ལ༴    །འཕགས་པའི་ཡུལ་ནས་མནྡཱ་ར་བ་བྱོན།   །གདམས་ངག་ག་དར་ཆོས་ཀྱི་འགྲོ་བ་མཛད།   །ཕན་ཚུན་ཆོས་གསན་བསྔགས་བརྗོད་མེ་ཏོག་འཐོར།   །ཤིས་པའི་དབྱངས་སྙན་སྤེལ་ལ༴    །སླར་ཡང་ཤངས་ཀྱི་ཟམ་ [79b] བུ་ལུང་དུ་བྱོན།   །ཚོགས་འཁོར་ཆེར་མཛད་རྩ་སློབ་བཅུ་གཅིག་ལ།   །སྙན་བརྒྱུད་དམར་བ་སྙིང་འདྲའི་མན་ངག་ནི།   །བརྒྱ་རྩ་གནང་བར་མཛད་ལ༴    །ལས་ལྡན་སོ་སོས་གསོལ་བ་བཏབ་པ་ལས།   །ཞལ་གདམས་ལུང་བསྟན་ཕྱི་ཚིག་བསླབ་བྱ་སྩལ།   །ཡོངས་དྲིལ་དགུང་ལོ་ཉིས་བརྒྱ་བཅུ་གཅིག་ཏུ།   །བོད་ཡུལ་གདུལ་བྱ་བསྐྱངས་ལ༴    །བྱ་ཟླའི་ཚེས་བརྒྱད་གནས་གསུམ་མཁའ་འགྲོ་དང་།   །རྔ་ཡབ་སྲིན་པོ་སྡེ་བརྒྱད་བསུ་བ་སླེབས།   །བོད་ཁམས་ལྷ་མིས་ཞུ་ལེན་དགུ་སྐོར་དང་།   །ཆེད་གུར་ལུང་བསྟན་གནང་ལ༴    །མོན་བལ་མཁའ་འགྲོ་ཐུགས་ཀའི་གཡས་གཡོན་བསྡུས།   །ཚེས་བཅུར་མཁའ་འགྲོ་སྡེ་བཞིས་བཏེགས་པ་ཡི།   །འོད་ཀྱི་འོད་ལེར་འོད་ཀྱི་གོང་བུར་བཞུགས།   །བརྩེ་བས་ཞལ་ཆེམས་སྩལ་ལ༴    །ངོ་བོ་གཞོན་ནུ་བུམ་སྐུར་མངོན་བྱང་ཆུབ།   །རྣམ་པ་རྔ་ཡབ་པདྨ་འོད་དུ་བྱོན།   །མཁའ་འགྲོ་མཐིང་འོད་འབར་མའི་ཚུལ་བཟུང་ནས།   །སྲིན་རྒྱལ་གཟུངས་མ་མཛད་ལ༴    །གང་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི།   །གུ་རུ་རྗེ་དང་མཉམ་པ་ཉིད་གྱུར་ནས།   །ནམ་མཁས་གར་ཁྱབ་མི་བཟད་རྒྱན་འཁོར་ལྔས།   །ཁྱབ་ཅིང་འགྲོ་དོན་མཛད་ལ༴    །ཁྱད་པརབོད་ཡུལ་འགྲོ་ལ་རྗེས་བརྩེ་ [80a] བས།   །རྣམ་འཕྲུལ་ཉེར་ལྔས་གཙོར་མཛད་དུས་རྟག་ཏུ།   །རྒྱུན་མི་འཆད་པར་སྤྲུལ་དང་ཡང་སྤྲུལ་སོགས།   །གང་ལ་གང་འདུལ་སྟོན་ལ༴    །ལས་ཅན་རྣམས་ལ་སྤང་བླང་ལུང་སྩལ་ཅིང་།   །བར་ཆད་སེལ་དང་དངོས་གྲུབ་སྩོལ་བ་ཡི།   །སྡོང་གྲོགས་མཛད་སོགས་བོད་ཁམས་རྟག་སྐྱོང་བའི།   །མ་གཅིག་དྲིན་མོ་ཆེ་ལ༴    །དགོངས་པ་ཟབ་མོ་ནམ་མཁའ་མཉམ་པར་ཁྱབ།   །ཐུགས་རྗེ་ཉི་མའི་དཀྱིལ་འཁོར་ལས་ལྷག་གསལ།   །བྱིན་རླབས་སྤྲིན་དང་དངོས་གྲུབ་སྦྲང་ཆར་ལས།   །མྱུར་བའི་ཡུམ་ཆེན་མ་ལ་གསོལ་བ་འདེབས།   །དད་ཅིང་གུས་པས་གསོལ་བ་བཏབ་པའི་མཐུས།   །དྲི་མེད་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ལ།   །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་གཟུང་ནས་ཀྱང་།   །མཁའ་སྤྱོད་དག་པའི་ཞིང་དུ་འདྲེན་པར་མཛོད།   །སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུངས།   །དུས་དང་རྣམ་པ་ཀུན་ཏུ་བྱིན་གྱིས་རློབས།   །འདི་དང་གཏན་དུ་བདག་གི་བླ་མ་མཛོད།   །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ།   །ཀུན་བཟང་པད་འབྱུང་ཡབ་ཡུམ་ཅི་འདྲ་བ།   །དེ་འདྲ་ཁོ་ནར་བདག་ཀྱང་མྱུར་འགྲུབ་ཏེ།   །རྣམ་ཐར་རྒྱལ་བ་ཀུན་དང་དབྱེར་མེད་པས།   །མཁའ་མཉམ་འགྲོ་ཀུན་སངས་རྒྱས་སར་འགོད་ཤོག     །ཅེས་པ་འདི་ལ་རྗེ་བླ་མ་ [80b] པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་གནད་གལ་ཆེ་བའི་བཀའ་སྩལ་ཕེབས་པ་དང་།   །རྣལ་འབྱོར་དབང་མོ་རྡོ་ཤུལ་མཁའ་འགྲོ་ཆེན་མོས་རྟེན་དང་བཅས་ནན་ཏན་བསྐུལ་མ་མཛད་པ་ལ་བརྟེན།   །གུ་རུ་ཡབ་ཡུམ་ལ་རྩེ་གཅིག་ཏུ་དད་པའི་ཀ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊའི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཆུ་སྦྲུལ་གནམ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གཏེར་ཆེན་བསམ་གཏན་གླིང་པའི་གཏེར་བྱོན་རྣམ་ཐར་འབྲིང་པོའི་དོན་བསྡུས་སུ་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ།།   །། 
༈     །པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་རྣམ་ཐར་གསོལ་འདེབས་བསྟོད་སྤྲིན་རྒྱ་མཚོ་ནི།    ཀུན་ཁྱབ་བདེ་ཆེན་ཆོས་དབྱིངས་རྡོ་རྗེའི་སེམས།   །མཐའ་ཡས་དངོས་པོ་ཀུན་གྱི་དེ་བཞིན་ཉིད།   །མཚན་མོའི་སྤྲོས་པ་ཡོངས་དག་དང་པོའི་མགོན།   །རྒྱལ་ཀུན་རིགས་བརྒྱའི་བདག་པོར་གསོལ་བ་འདེབས།   །དཔག་ཡས་ངོ་མཚར་ཕུན་སུམ་ཚོགས་ཆེ་བའི།   །ཀུན་བཟང་མཛད་པ་ཡོན་ཏན་རྒྱ་མཚོའི་གཏེར།   གངྒཱའི་རྡུལ་མཉམ་རྡོ་རྗེའི་ལྗགས་ཀྱིས་ཀྱང་།   །བརྗོད་ནུས་མིན་ཀྱང་ཆ་ཙམ་གུས་པས་བསྟོད།   །བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང་།   །གྲངས་མེད་འགྲོ་བའི་ཡིད་ལ་རྒྱལ་བ་ཡི།   །མཐའ་དག་ཕྲིན་ལས་འཇུག་ཕྱིར་སྤྲུལ་པའི་སྐུའི།   །ཐབས་མཁས་སྒྱུ་འཕྲུལ་སྟོན་དེར་གསོལ་བ༴    །ཀུན་བཟང་རྡོ་རྗེའི་ལྗགས་ཀྱིས་ [81a] ཐལ་འགྱུར་དུ།   །ཕྱག་རྒྱ་རྒྱ་ཆེན་ཞེས་བྱར་ལུང་བསྟན་པ།   །ཤཱཀྱའི་བསྟན་ལ་དེ་ཉིད་གཉིས་པ་ཡི།   །ཕྲིན་ལས་འདོད་དགུར་བསྒྱུར་ལ༴    །ཀསྨཱི་ར་ཡི་ཕུན་ཚོགས་གླང་པོའི་སྒང་།   །དགེ་བའི་ཞིང་དེར་བདེ་ལྡན་འཁོར་ལོ་དང་།   །གསལ་རིག་ཐབས་ཤེས་འཛུམ་པའི་པདྨོ་ལས།   །སྐྱེ་བའི་སྒྱུ་འཕྲུལ་སྟོན་ལ༴    །གཞོན་ནུ་ཉིད་ནས་སྔོན་གོམས་བག་ཆགས་ཀྱིས།   །ཤེས་བྱའི་གནས་ཀུན་འབད་མེད་ཐུགས་མཚོར་སྨིན།   །ཁྱིམ་གནས་སྲིད་པའི་གྲོང་ལས་ཐར་པའི་སྒོར།   །ངེས་འབྱུང་བརྟན་པོས་ཞུགས་ལ༴    །མདོ་རྒྱུད་རིག་པའི་གནས་ཀུན་མཁྱེན་ཅིང་གཟིགས།   །འཆད་རྩོད་རྩོམ་པ་རྒྱལ་རྣམས་དགྱེས་མཛད་པའི།   །ཕྲིན་ལས་ལྷུན་གྲུབ་པཎ་གྲུབ་ཐམས་ཅད་ཀྱི།   །གཙུག་གི་ནོར་བུས་མཆོད་ལ༴    །ཁྱད་པར་རྡོ་རྗེ་སེམས་དཔས་ལུང་བསྟན་ཞིང་།   །བའིལ་བྱེད་གནས་སུ་དཔལ་གྱི་སེང་གེ་ལས།   །སྙན་བརྒྱུད་ཕྱི་ནང་གསང་བའི་གདམས་པ་ཡི།   །བདུད་རྩི་ངོམས་པར་གསོལ་ལ༴    །ཌཱ་ཀིའི་ལུང་གིས་དུར་ཁྲོད་བྷ་སིང་དུ།   །ཛྙཱ་ན་སཱུ་ཏྲ་འོད་སྐུར་བྱང་ཆུབ་ཚེ།   །འདས་རྗེས་ཐོབ་ལས་ཡེ་ཤེས་སྤྱི་གཟུགས་ཀྱི།   །སྙན་བརྒྱུད་བདག་པོར་གྱུར་ལ༴    །འཕགས་ཡུལ་ས་སྤྱོད་དུ་མའི་བསོད་ནམས་ཀྱི།   །དཔལ་དུ་ངེས་པར་ལེགས་ [81b] པའི་ལམ་བསྟན་ནས།   །དུར་ཁྲོད་གནས་སུ་མཁའ་འགྲོའི་ཚོགས་ཀྱི་རྗེར།   །གསང་ཆེན་དགྱེས་དགུར་རོལ་ལ༴    །ཏིང་འཛིན་གོམ་སྟབས་གཅིག་གིས་ས་བཅུ་ཡི།   །ཕ་རོལ་སོན་ནས་འཁོར་ལོ་ཚོགས་ཆེན་སར།   །མངོན་པར་བྱང་ཆུབ་མཆོག་བརྙེས་སྲིད་པ་གསུམ།   །ཆོས་དབྱིངས་ཡོངས་གྲོལ་མཛད་ལ༴    །འཇམ་མགོན་ཁྲི་ལྡེའི་དད་པའི་རླུང་ཤུགས་ཀྱིས།   །མངོན་པར་དྲངས་ལས་ཁྱོད་སྐུའི་ཉིན་མོར་བྱེད།   །གངས་ཅན་ལྗོངས་འདིའི་སྣང་བའི་དཔལ་གྱུར་པས།   །ཐར་ལམ་གསལ་བར་མཛད་ལ༴    །ཟན་ཡངས་གནས་སུ་སྐལ་ལྡན་འདུས་པའི་དབུས།   །རྡོ་རྗེའི་སྔགས་སྒྲས་མཁའ་དབྱིངས་ཁྱབ་པའི་སྤྲིན།   །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེར་སྣང་བས།   །ལས་ཅན་སད་པར་མཛད་ལ༴    །འགྲོ་འདིའི་བསམ་པ་ཉི་བཞིན་ཐུན་མོང་དང་།   །ཁྱད་པར་རྡོ་རྗེ་ཐེག་པའི་ཆོས་ཚུལ་གྱིས།   །རང་རང་སྐལ་བ་ཇི་བཞིན་སྨིན་པ་དང་།   །གྲོལ་བ་མཐར་ཕྱིན་མཛད་ལ༴    །ཁྱད་པར་ཏིང་འཛིན་བཟང་པོ་སྐལ་ལྡན་གྱི།   །རིགས་མཆོག་སད་པར་གཟིགས་ནས་ཐེག་དགུའི་རྩེ།   །གསང་ཆེན་སྙིང་ཐིག་ཟབ་དོན་མཐར་ཐུག་གི   །   གདམས་པའི་བདག་པོར་བསྐོས་ལ༴    །གཞོམ་གཞིག་བྲལ་བ་འཇའ་ལུས་འཕོ་བ་ཆེའི།   །རྡོ་རྗེའི་སྐུ་ཉིད་རི་བོ་རྩེ་ལྔ་རུ།   ། [82a] མངོན་པར་གཤེགས་ནས་བསྐལ་པ་དེ་སྲིད་དུ།   །གཡོ་མེད་བརྟན་པར་བཞུགས་ལ༴    མཁའ་ཁྱབ་ཆོས་སྐུའི་དབྱིངས་ལས་སྤྲུལ་པའི་གར།   །གྲངས་མེད་འགྲོ་ངོར་སྟོན་ལས་གངས་ཅན་འདིར།   །བརྒྱ་ཕྲག་ལོ་རེར་སྤྲུལ་པའི་ངོ་མཚར་གྱིས།   །བྱིན་བརླབས་ཞལ་གྱིས་འཆེས་ལ༴    །རྣམ་རོལ་བཀོད་པ་མི་ཟད་སྒྱུ་འཕྲུལ་ལས།   །ལྡང་མ་ལྕེ་བཙུན་ཞང་སྟོན་ཉི་མ་འབུམ།   །ཇོ་འབེར་སེང་རྒྱ་ཟླ་བ་མུན་སེལ་དང་།   །གཞོན་ནུ་རྒྱལ་པོར་བསྟན་ལ༴    །ཁྱད་པར་དུས་གསུམ་སངས་རྒྱས་ཀུན་གྱི་དངོས།   །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ།   །ཁྱོད་ཀྱི་བསྟན་པའི་རྒྱལ་ཚབ་ཆེན་སྤྲུལ་ནས།   །ཐེག་མཆོག་རྒྱས་པར་མཛད་ལ༴    །མྱུར་བདེའི་ལམ་མཆོག་མཐར་ཐུག་ཉི་ཟླ་ལྟར།   །ཕྱི་མའི་དུས་འདིར་གསལ་མཛད་རྒྱལ་རྣམས་ཀྱི།   །ཕྲིན་ལས་ལྷུན་གྱིས་གྲུབ་པའི་གསང་བའི་བདག   །ཁྱོད་ཀྱི་རྣམ་རོལ་ལགས་པར༴    །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཀུན་ཏུ་བཟང་།   །པཎ་གྲུབ་གར་གྱིས་རྣམ་རོལ་བི་མ་ལ།   །ཕྱག་རྒྱ་རྒྱ་ཆེན་ཞེས་གྲགས་ས་གསུམ་གྱི།   །འགྲོ་བའི་མགོན་པོ་མཆོག་ལ་གསོལ་བ་འདེབས།   །ཁྱོད་ཀྱི་ངོ་མཚར་མཛད་པ་རྒྱ་མཚོ་ལས།   །ཆ་ཙམ་དད་པའི་སྐྲ་རྩེས་ཉེར་མཆོད་པས།   །སྐྱེ་ཞིང་སྐྱེ་བར་གང་གི་ [82b] རིང་ལུགས་ལ།   །འཇུག་པའི་སྐལ་བཟང་རིགས་སུ་སད་པར་ཤོག   །ཐེག་མཆོག་སྙིང་པོའི་ལམ་སྟོན་བླ་མའི་ཞབས།   །གུས་པས་བསྟེན་ཅིང་གསུང་གི་སྲས་གྱུར་ནས།   །ཕྲིན་ལས་ཕྱོགས་བཅུར་རྒྱས་པར་བྱེད་ནུས་པའི།   །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ལྷུན་གྲུབ་ཤོག   །སྡོམ་པ་གསུམ་གྱིས་རང་རྒྱུད་ཡོངས་བསྡམས་ཏེ།   བག་ཡོད་དྲན་ཤེས་བརྟན་པོས་བཅས་རང་གི   །   ཉེས་ལས་རྣམ་གྲོལ་དམ་པས་བསྔགས་འོས་པའི།   །ཡོན་ཏན་ཀུན་གྱི་རྒྱན་དང་ལྡན་པར་ཤོག   །ཁྱད་པར་ཀ་དག་ཆོས་སྐུར་མངོན་བྱང་ཆུབ།   །ལྷུན་གྲུབ་སྣང་བཞི་ཆོས་ཟད་མཐར་ཕྱིན་ནས།   །འཕོ་བ་ཆེན་པོའི་འོད་སྐུར་ཡོངས་གྲོལ་ཏེ།   །འགྲོ་རྣམས་ཆམ་གཅིག་གདོད་མའི་སར་འགོད་ཤོག     །ཅེས་རྒྱལ་བ་ཀུན་གྱི་ངོ་བོ་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་ཐུན་མོང་གི་རྣམ་ཐར་ཆ་ཙམ་གསོལ་འདེབས་ཀྱི་ལམ་དུ་སྤེལ་བར་གྱིས་ཞེས་མདོ་ཁམས་གོ་འཇོ་བ་ཤེས་རབ་འོད་ཟེར་གྱིས་རྒྱང་རིང་པོ་ནས་སྙན་ཚིག་གི་ཡི་གེ་དང་བཅས་བསྐུལ་བ་ལས།   གང་གི་སྒྲུབ་བརྒྱུད་ལ་ངེས་པའི་ཤེས་པས་བདེ་བ་ཐོབ་པ་རིག་འཛིན་འགྱུར་མེད་རྡོ་རྗེས།   ཨོ་རྒྱན་སྨིན་གྲོལ་གླིང་ངེསཔ་དོན་གྱི་དགའ་བའི་ཚལ་ཆེན་པོའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།།   །། 
༈     །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ    [83a] ཁ་བའི་ལྗོངས་འིར་དབང་དུས་སུ་རྟོགས་པ་བརྙེས་པའི་སྔགས་འཆང་གྲུབ་ཐོབ་རྣམས་ལ་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་བྱིན་རླབས་དབང་གི་ཆུ་རྒྱུན་ཞེས་བྱ་བ།   དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།   །   འཛམ་གླིང་དག་པའི་ཞིང་ཁམས་བྲག་དམར།   །དཔལ་གྱི་བསམ་ཡས་མཆིམས་ཕུའི་གེ་གོང་།   །རྡོ་རྗེ་སློབ་དཔོན་གུ་རུ་པདྨར།   །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག   །གང་སྐུ་རྫ་རི་ཀླད་ནས་ཉེར་བ།   །ཧཱུྃ་ཞེས་གསུང་སྒྲས་གྱེན་དུ་ལྡོག་ཅིང།   །འགྱུར་མེད་ཐུགས་ཀྱི་ཡི་གེར་བྱིན་བརླབས།   །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག   །གནུབས་ཀྱི་རིགས་འཁྲུངས་དགེ་སློང་ཆེན་པོ།   །ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་བརྙེས།   །ཉི་ཟེར་ལ་ཆིབས་ནམ་མཁའི་སྙིང་པོར།   །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག   །གནུབས་ཡུལ་རིང་བྱོན་སངས་རྒྱས་ཡེ་ཤེས།   །སྒྲགས་ཀྱི་ཡང་རྫོང་གཤིན་རྗེའི་གཤེད་གྲུབ།   །མཐུ་སྟོབས་བྲག་ལ་ཕུར་པ་འདེབས་དེར།   །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག   །དབུ་རུ་ངན་ལམ་རིགས་འཁྲུངས་བྷིཀྵུ།   །དབེན་རྩར་པདྨ་དབང་ཆེན་གྲུབ་བརྙེས།   །རྟ་སྐད་གཙུག་བཏོན་རྒྱལ་མཚོག་དབྱངས་དེར།   །གསོལ་བ་འདེབས་སོ་བྱིན་གྱིས༴    །སྒྲགས་ [83b] མདར་ནུས་ལྡན་མཁར་ཆེན་བརྒྱུད་འཁྲུངས།   །མོན་ཁ་ནེ་རིང་ཕྲིན་ལས་ཕུར་གྲུབ།   མཚོ་རྒྱལ་བསད་པའི་མི་རོ་སློང་དེར།   །གསོལ་བ༴    ཡར་སྟོད་ཤམ་པོ་གངས་ཀྱི་ར་བར།   །སྲིད་པ་བདེ་འགྲོ་མངོན་པར་གྲུབ་མཛད།   །མ་མོ་མངོན་འཁོལ་འབྲོག་མི་དཔལ་ཡེར།   །གསོལ་བ༴    སྤ་གྲོ་སྟག་ཚང་བསམ་འགྲུབ་ཀེའུ་ཚང་།   །དྲེགས་པའི་བདག་པོ་མངོན་པར་གྲུབ་མཛད།   །ལྷ་སྲིན་བྲན་ཁོལ་དཔལ་གྱི་སེང་གེར།   །གསོལ་བ༴     གཡའ་མ་ལུང་དང་ལི་ཡུལ་ལྕང་རར།   །སྟོབས་ལྡན་ནག་པོ་མངོན་པར་གྲུབ་མཛད།   །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ནར།   །གསོལ་བ༴   རིམ་གསུམ་དཔལ་གྱི་བསམ་ཡས་དབུ་རྩེར།   །རྡོ་རྗེ་རྒྱལ་ཚབ་ཆེ་མཆོག་མངོན་གྲུབ།   །ཏིང་འཛིན་མི་གཡོ་མངའ་བདག་རྒྱལ་པོར།   །གསོལ་བ༴    གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་ལྡན།   །རྫུ་འཕྲུལ་མངའ་བརྙེས་ཛྙཱ་ན་ཀུམླ།   །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད།   །ཁྱོད་ལ་གསོལ་འདེབས་བྱིན༴     མཁའ་སྤྱོད་གནས་བགྲོད་ཡེ་ཤེས་དབྱངས་དང་།   །ལྷ་དཔལ་གཅན་གཟན་གཉའ་བ་ནས་འཛིན།   །བྱ་ལྟར་མཁའ་ལྡིང་སྣ་ནམ་ཡེ་ཤེས།   །ཁྱོད་ལ་གསོལ༴    དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་འགུམ།   །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་ [84a] མང་།   །སྐ་བ་དཔལ་བརྩེགས་གཞན་སེམས་ཀུན་མཁྱེན།   །ཁྱོད་ལ༴    ཆུ་བོ་གྱེན་ལྡོག་ཤུད་པུ་དཔལ་སེང་།   །རྒྱལ་བའི་བློ་གྲོས་རོ་ལངས་གསེར་བསྒྱུར།   །ནམ་མཁར་བྱ་འཛིན་ཁྱེའུ་ཆུང་ལོ་ཙཱ།   །ཁྱོད་ལ༴    དྲན་པ་ནམ་མཁའ་གཡག་རྒོད་མངོན་ཁུག   །ཉ་ལྟར་ཆུར་རྒྱུག་འོ་བྲན་དབང་ཕྱུག  །   རྨ་ཐོག་རིན་ཆེན་ཕ་ཝང་ཟས་གསོལ།   །ཁྱོད་ལ༴    བྲག་རིར་ཐོགས་མེད་དཔལ་གྱི་རྡོ་རྗེ།   །དཀོན་མཆོག་འབྱུང་གནས་ཐོག་ཆེན་མདའ་འཕེན།   །སྐྱིལ་ཀྲུང་མཁར་བཅས་རྒྱལ་བ་བྱང་ཆུབ།   །ཁྱོད་ལ༴    དགོངས་པ་མངོན་གྱུར་ཨོ་རྒྱན་རྗེས་བཟུང་།   །ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ།   །སྨིན་གྲོལ་གདིང་ཐོབ་རྣམས་ལ་གསོལ་འདེབས།   །ཁྱེད་རང་ལྟ་བུར་བྱིན་གྱིས་རློབས་ཤིག   །ལྟ་བ་ཀློང་ཆེན་ཡངས་པའི་དོན་རྟོགས།   །སྒོམ་པ་སྤྲིན་བྲལ་ཉི་མ་ལྟར་གསལ།   །ཁྱོད་ལ་གསོལ་འདེབས་འདུག་ས་འདི་རུ།   །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག   །སྤྱོད་པ་མཐར་ཕྱིན་གྲུབ་པའི་རྟགས་ཐོན།   །འབྲས་བུ་ཀུན་བཟང་གོ་འཕང་ཐོབ་པར།   །བདག་དང་འགྲོ་ཀུན་གསོལ་བ་འདེབས་སོ།   །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག   །ཅེས་བྱང་བདག་དབང་པོའི་སྡེས་མཛད་པའོ།།   །། 

[85a]དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་མཚན་གྱི་རྣམ་གྲངས་ལ་མཆོག་ཏུ་དད་པའི་དབྱངས་ཀྱིས་བསྟོད་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཀུན་ཁྱབ་ཡེ་ཤེས་གཞོན་ནུ་བུམ་སྐུའི་ཀློ༵ང་། །ཆོས་དབྱིངས་ཁྱབ་བརྡལ་ཆེ༵ན་པོར་བྱང་ཆུབ་ཀྱང་། །ར༵བ་འབྱ༵མས་སྣ་ཚོགས་སྤྲུལ་པའི་སྒྱུ་མ་མཁན། །སྐུ་བཞིའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ཆོས་ཀུན་མཁྱེན་པའི་ཡུལ་ལ་དབང་བསྒྱུར་བས། །རྒྱལ་གསུང་ང༵ག་གི༵་རང་བཞིན་ཕ་མཐའ་མེད། །མཐའ་ཡས་སྨྲ་བའི་དབ༵ང་པོ༵་འཛམ་གླིང་རྒྱན། །ཤེས་བྱའི་ཆོས་ཀུན་གཟིགས་དེར་གསོལ་བ༴ །ལྔ་རིག་རྟ་ལྗང་རོལ་པའི་ལྡིང་ཁང་ནས། །དྲི༵་མེ༵ད་རིག་པའི་འོ༵ད་ཟེ༵ར་སྟོང་འཕྲོ་བས། །ཕས་རྒོལ་མུན་པ་མཐར་བྱེད་སྣང་བའི་གཏེར། །ཐུབ་བསྟན་པདྨོའི་གཉེན་ལ༴ ཉེས་སྤྱོད་ཁྱབ་འཇུག་རྐང་པའི་དག་བྱེད་ཀླུང་། །ཚུ༵ལ་ཁྲི༵མས་ཡན་ལག་བརྒྱད་དུ་འབབས་པའི་ཆབ། བློ༵་གྲོ༵ས་ངོ་མཚར་བྱེ་བའི་རླབས་ཕྲེང་ཅན། །ཕྲིན་ལས་རྒྱུན་མི་འཆད་ལ༴ །དྲི་མེད་བློ་གྲོས་ནོར་བུའི་བ་གམ་མཛོད། །ཐེག་མཆོག་རྫོགས་ལྡན་གཏེར་དུ་གྲོལ་བའི་སྒོ། །གཏན་པ་མེད་པའི་ལེགས་བཤད་མཆོག་སྦྱིན་མཁན། །བློ་གསལ་འདོད་འཇོའི་ [85a] གཏེར་ལས༴ །ཀ་དག་དབྱིངས་ལས་ལྷུན་གྲུབ་རིག་པའི་རྩལ། །མ་འགགས་སྣ༵་ཚོ༵གས་རོལ་པའི་འཁོར་འདས་སྤྲིན། །རང་རིག་ནམ་མཁའི་དབྱིངས་སུ་ར༵ང་གྲོ༵ལ་བ། །ཀུན་བཟང་དགོངས་པ་བརྙེས་དེར༴ །རྡོ༵་རྗེ༵་རྩེ་མོ་ཉི་མ་བརྒྱར་བརྩེགས་པའི། །གཟི༵་བརྗི༵ད་ཕུང་པོ་ཕ་མཐའ་མེད་པའི་དཔྱིད། །རྣམ་དཔྱོད་སྟོབས་ཀྱིས་ཐུབ་བསྟན་མཁར་འདྲེན་པའི། །འོད་གསལ་སྙིང་པོའི་ཤིང་རྟ་དེར་གསོལ་འདེབས། །སེམས་ཀློང་མན་ངག་རྒྱུད་སྡེའི་མེ་ལོང་དབྱིངས། །གསལ་བྱེད་བྱད་དེར་མཁན་པོ་སྟོབས་བཅུ་པའི། །དྲི་མེད་ལུང་གི་སེང་གེའི་སྒྲ་སྒྲོགས་པ། །ཐེག་མཆོག་བསྟན་པའི་བདག་པོར༴ པ༵དྨ༵འི་སྦུབས་ལས་རང་བྱུང་རྒྱལ་བ་དང་། །སྨོན་ལམ་ལ༵ས་འབྲེ༵ལ་གཅིག་པས་ཟབ་གཏེར་སྒོ། །འབྱེད་པའི་ནུས་རྩ༵ལ་ཐོགས་མེད་ཆོས་ཀྱི་བདག ། སྐལ་བཟང་རྣམ་འདྲེན་མཆོག་ལ༴ །མཁས་དང་གྲུབ་པའི་རྩིབས་སྟོང་འཁོར་ལོ་ཡིས། །ཐུབ་བསྟན་གླིང་ངཞིའི་ཁྱོན་ལ་དབང་བསྒྱུར་བ། །བས༵མ་ཡ༵ས་ཕྲིན་ལས་ལྷུན་གྱིས་གྲུབ་པ༵་ཡི། །ངོ་མཚར་རྒྱ་མཚོའི་གཏེར་ལ༴ །མ་དག་དྲི་མ་འཁྲིགས་པའི་ཚང་ཚིང་ནགས། །སྲེག་བྱེད་བརྡ་སྤྲོད་རིག་པ་དུས་མཐའི་མེས། །ཕུལ་བྱུང་བསྙེངས་པའང་མེ་ཁྱེར་ལྟར་བྱེད་པའི། །སྨྲ་བའི་ [85b] དབང་ཕྱུག་ཞབས་ལ༴ །མངོན་སུམ་རྗེས་སུ་དཔག་པའི་གནམ་ལྕགས་ཐོག ། རིག་ལམ་སྒྲ་གཅན་ཁྲོས་པའི་མཐུས་བསྐུལ་ནས། །ཕྱི་ནང་ལོག་སྨྲའི་བྲག་རི་ཀུན་འཇིག་པའི། །རིག་པའི་དབང་ཕྱུག་མཆོག་ལ༴ །འཇམ་མགོན་སྙིང་ལ་ཞུགས་པའི་ཁྱད་པར་བློ། །མ་ལུས་ཤེས་བྱར་སྲིད་རྒུའི་ཟེར་འཛག་པས། །ངོ་མཚར་ཕན་བདེའི་དཀྱིལ་འཁོར་རྫོགས་པ་ཅན། །སྒྱུ་འཕྲུལ་དྲྭ་བའི་གར་ལ༴ །མ་རིག་དྲི་མས་སྦག་པའི་དུག་གསུམ་ནད། །མཐར་བྱེད་ཡན་ལག་བརྒྱད་ལྡན་སྲོག་འཚོའི་གཞུང་། །བསླབ་གསུམ་མགྲིན་པར་འཆར་བའི་ཨ་གསྟ། །དྲང་སྲོང་ཆེན་པོའི་ཞབས་ལ༴ །སྣ་ཚོགས་ཐེག་པའི་ཁོར་ཡུག་གིས་བཅིངས་པའི་། མདོ་རྒྱུད་ཡོངས་སུ་རྫོགས་པའི་རི་གླིང་མཚོར། །རྣམ་དཔྱོད་གསེར་གྱི་འཁོར་ལོས་བསྒྱུར་བའི་ལྷ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ༴ མཚོ་ལྡན་མགྲིན་པར་རོལ་པའི་སྙན་ངག་གླུ། །དབྱངས་ཀྱི་ཡན་ལག་རྒྱ་མཚོར་འགྱུར་བའི་གདངས། །ཟབ་དོན་མལླི་ཀཱ་ཡི་ཕྲེང་མཛེས་སུ། །སྤེལ་མཁས་དཔའ་བོ་གཉིས་པར༴ །ཡིད་འཕྲོག་ཚིགས་སུ་བཅད་པའི་ཨནྡ་རྙིལ། །སྡེབས་སྦྱོར་གསེར་གྱི་རྒྱུན་ཐག་ལ་བརྒྱུས་ཏེ། །དཔྱོད་ལྡན་སྒེག་མོའི་རྒྱན་དུ་སྤེལ་མཁས་པའི། །བློ་གྲོས་མཚུངས་མེད་ཞབས༴ ། [86a] ཇི་སྙེད་ཤེས་བྱའི་ཆོས་ལ་གདགས་རུང་མིང་། །མངོན་བརྗོད་ཨུཏྤལ་གཞོན་ནུ་དར་བའི་ཚལ། །བློ་གྲོས་ཟླ་བས་འབྱེད་ལ་དོ་ཟླ་མེད། །མཁྱེན་རབ་དབང་ཕྱུག་ཞབས་ལ༴ །སྣ་ཚོགས་སྐད་དང་སྟོབས་སུ་སོང་བའི་གར། །ཕུན་ཚོགས་ལང་ཚོ་རྒྱས་པའི་ངོ་མཚར་མདངས། །སྲིད་གསུམ་ཡིད་ཀྱི་བརྟན་པ་འཕྲོག་པའི་དཔལ། །འགྲོ་ཀུན་དགའ་བའི་ཞབས་ལ༴ །རྩིས་རིག་བཻ་ཌཱུརྱ་དག་པའི་ཨ་དརྴར། །བླང་དོར་མཛེས་པའི་གཟུགས་བརྙན་འབུམ་འཆར་བའི། །ཕྱི་ནང་གཞན་གསུམ་འཆད་ལ་ཐོགས་མེད་དག །གྲུབ་པའི་རིགས་ལྡན་དཔའ་བོར༴ །རིམ་དགུའི་ཐེག་པ་མ་དྲོས་ལས་འོངས་པའི། །ལེགས་བཤད་བར་མེད་འཆད་པའི་ཆུ་བོ་བཞི། །དད་ལྡན་ཟླ་བའི་མ་མར་རྟག་འབབ་པའི། ལེགས་བཤད་རིན་ཆེན་གཏེར་ལ༴ །ཟབ་མོ་འཁོར་ལོ་མཐའ་མའི་གསུང་རབ་དོན། །བདེ་གཤེགས་སྙིང་པོ་སེམས་ཉིད་འོད་གསལ་བ། །རྟག་ཆད་སྐྱོན་བྲལ་རྒྱལ་བའི་བསྟན་པ་ཡི། །ངེས་དོན་སྙིང་པོའི་སྟོན་ལ༴ །ཁྱད་པར་མདོ་སྒྱུ་སེམས་ཀློང་མན་ངག་གི ། ངེས་དོན་ཟབ་མོ་ཀུན་བཟང་དགོངས་པ་བཞིན། །འཁྲུལ་མེད་རྟོགས་ནས་འཇིགས་བྲལ་སེང་གེའི་སྒྲས། །ཁམས་གསུམ་ཡོངས་གྲོལ་མཛད་ལ༴ ། ལུང་རིག་རྡོ་ཡི་སེང་གེ་ལ་བཅིབས་ནས། །ཀུན་བཟང་ [86b] བསྟན་ལ་ཕས་རྒོལ་ཀླ་ཀློའི་དཔུང་། །མཐར་བྱེད་འཇིགས་མེད་སྤོབས་པའི་འཁོར་ལོ་ཅན། །ཕྱོགས་ལས་རྣམ་རྒྱལ་ཞབས་ལ༴ །མདོ་སྔགས་ཐ་སྙད་རིག་པའི་ཡིད་བཞིན་ནོར། །དཔྱད་གསུམ་དག་པའི་རྒྱལ་མཚན་རྩེར་འགོད་པ། །ཕུལ་བྱུང་རྩོམ་པའི་ལེགས་བཤད་བྱེ་བ་བརྒྱས། །འཛམ་གླིབ་མཛེས་པར་མཛད་ལ༴ །སྲིད་འདིར་མཁས་དང་འབྱོར་པས་མངོན་མཐོ་བའི། །དྲེགས་ལྡན་ས་སྲུང་རྣམ་པར་བསྒྱིངས་པའི་མགོ །བསྙེངས་བྲལ་དཔའ་བོའི་ཞབས་སེན་གྱིས་མནན་པའི། །འཇིགས་མེད་དབང་པོའི་ཞབས་ལ༴ །ཀ་དག་གངས་ལ་རང་རིག་གདོང་ལྔ་འགྱིང་། །སྣང་བཞི་ཟས་སར་ཕྱིན་པའི་རྩལ་གསུམ་རྫོགས། །ཁམས་གསུམ་དོང་ནས་སྤྲུགས་པའི་ང་རོ་ཅན། །མི་ཡི་སེང་གེའི་ཞབས་ལ༴ །ཐུ༷བ་པའི་བསྟན་ལ་ཐུབ་པའི་མཛད་པ་ཅན། །ཐུ༷བ་པའི་བསྟན་འཛིན་ཀུན་གྱི་དབུས་ན་མཐོ། །ཐུ༷བ་བསྟན་བདག་པོར་ཐུབ་པས་ལུང་བསྟན་པ། །ཐུ༷བ་དབང་གཉིས་པའི་ཞབས་ལ་གསོལ༴ །དེ་ལྟར་བསྟོད་པའི་མཐུ་ཡིས་བདག་སོགས་འགྲོ། །སྲིད་པ་ཀུན་ཏུ་གང་གི་ཡོན་ཏན་ཚོགས། །མི་ཟད་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་ཅིང་། །དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །རྒྱལ་བའི་ལམ་བཟང་འཁྲུལ་མེད་གང་གི་སྲོལ། །འདི་ཉིད་ཐུབ་ [87a] བསྟན་སྙིང་པོར་ཡོངས་ཤེས་ཏེ། །ལུས་སྲོག་ཡལ་བར་འདོར་བའི་སྙིང་སྟོབས་ཀྱིས། །བཤད་དང་སྒྲུབ་པའི་བསྟན་པ་འཛིན་པར་ཤོག །དེ་འཛིན་བཤད་སྒྲུབ་སྡེ་དང་སྤོང་བ་པ། །གང་དུ་མཆིས་ཀྱང་འཁོར་ལོ་གཉིས་ལྡན་ཞིང་། །སྲིད་དང་ཞི་བའི་དཔལ་གྱིས་མངོན་མཐོ་བའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་བར་ཤོག ། དྲི་བཅས་བདེ་བར་གཤེགས་པའི་སྙིང་པོའི་ཁམས། །ཟབ་དོན་རྫོགས་ཆེན་ལམ་གྱིས་ཡོངས་སྦྱངས་ནས། །བྲལ་འབྲས་ཆོས་སྐུ་བདེ་བ་ཆེན་པོའི་གཞིར། །ཁམས་གསུམ་མྱུར་དུ་གྲོལ་བར་བྱིན་གྱིས་རློབས། །ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ལ་བསྟོད་པ་ཡོན་ཏན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། །གང་གི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་པ་ཐོབ་ཅིང་སྨྲ་བའི་སྤོབས་པ་ཅུང་ཟད་མཐོ་བ་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའི་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བའོ།། །།

༈     །གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་གསོལ་འདེབས་ཞལ་གསུངས་མ་ནི།    ཀུན་ཁྱབ་འགྱུར་མེད་རྟག་བརྟན་རྡོ་རྗེ་སེམས།   །མཐའ་ཡས་དངོས་པོ་ཀུན་གྱི་ངོ་བོ་ཉིད།   །རང་བཞིན་འོད་གསལ་སྙིང་རྗེའི་སྒྱུ་འཕྲུལ་གར།   །ཅིར་ཡང་འཆར་བ་དཔལ་ལྡན་བླ་མར་འདུད།   །ཕུལ་བྱུང་བསོད་ནམས་ཡེ་ཤེས་རྒྱ་མཚོའི་དངོས།   །བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་སོགས།   །སྣ་ཚོགས་སྐྱེས་པ་རབས་ [87b] ཀྱི་ཕྲེང་བ་ནི།   །དུ་མའི་ཟློས་གར་སྟོན་ལ་གསོལ་བ་འདེབས།   །གྲངས་མེད་བསྐལ་པར་གོམས་པའི་སྙིང་རྗེའི་མཐུས།   །བོད་ཡུལ་དབུས་ཀྱི་ནོར་འཛིན་གྲུབ་པའི་གཞིར།   །དཔལ་ལྡན་སྨྱོས་རིགས་རྡོ་རྗེ་འཛིན་དབང་གི   །   སྲས་སུ་ཉེ་བར་བལྟམས་ལ་གསོལ་བ༴    །གཞོན་ནུ་ཉིད་ནས་བཟང་པོའི་བག་ཆགས་མཐུ།   །ལེགས་པར་སད་པས་དབང་བསྐུར་ཆོས་འཆད་སོགས།   །དམ་པའི་རྣམ་འགྱུར་ངང་གིས་གསལ་བའི་ཚུལ།   །བཅོས་མ་བྲལ་བར་སྟོན་ལ༴    །དད་དང་སྙིང་རྗེ་ཆེན་པོའི་སྟོབས་རྒྱས་ཤིང་།   །ཐེག་མཆོག་ལྷ་སྔགས་སྐྱེས་རབས་གླེང་གཞི་སོགས།   །འབད་རྩོལ་མེད་པར་ཐོས་པ་ཙམ་གྱིས་མཁྱེན།   །འཁོར་ཚོགས་དགའ་བ་བསྐྱེད་ལ༴  །   རིག་མཆོག་བདག་པོ་རྡོ་རྗེ་འཛིན་དབང་གིས།   །བྱིན་བརླབས་དབང་བསྐུར་ཕྱི་ནང་བར་ཆད་བསལ།   །སྔགས་ཆོག་སྒྲུབ་ཐབས་དུ་མ་ལོ་བརྒྱད་ནས།   །ཐོགས་མེད་གསུང་བར་མཛད་ལ༴    །བཤེས་གཉེན་དུ་མའི་གསུང་ངག་ཉེར་བསྟེན་ནས།   །རིག་པའི་གནས་དང་ཐེག་པ་རྣམ་གསུམ་གྱི།   །གཞི་ལམ་འབྲས་བུའི་རྣམ་གཞག་ཇི་སྙེད་པ།   །མཐའ་དག་མཁྱེན་པར་མཛད་ལ༴    །ཁྱད་པར་སྐྱབས་ཀུན་སྙིང་པོ་རིག་འཛིན་རྗེར།   །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་ནོས་ཤིང་།   །དཔག་ཡས་རྒྱུད་སྡེའི་དབང་ལུང་མན་ངག་གི   །   བདུད་རྩི་ [88a] ངོམས་པར་གསོལ་ལ༴    །གཞན་ཡང་བཤེས་གཉེན་ལྔ་ཕྲག་རྣམ་ལྔ་ལས།   །མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ།   །ལེགས་པར་གསན་ནས་བསྟན་པའི་སྲོག་མཐུད་པའི།   །ཐུགས་བསྐྱེད་རྨད་དུ་བྱུང་ལ༴    །མ་སྨད་ཐོས་དང་བསམ་པའི་ཤེས་རབ་ཀྱིས།   །མདོ་སྔགས་གཞུང་ལུགས་ཀུན་གྱི་དེ་ཉིད་དོན།   །འཕགས་བོད་མཁས་གྲུབ་དུ་མའི་བཞེད་སྲོལ་བཞིན།   །མ་འདྲེས་ཐུགས་སུ་ཆུད་ལ༴    །དབེན་པའི་གནས་སུ་བླ་མ་ཞི་ཁྲོ་དང་།   །སྒྲུབ་སྡེ་བརྒྱད་སོགས་རབ་འབྱམས་ལྷག་པའི་ལྷ།   །བསྙེན་ཅིང་བསྒྲུབ་ཚེ་ཞལ་གཟིགས་ལུང་བསྟན་པའི།   །ངོ་མཚར་མཚན་མ་བརྙེས་ལ༴    །མྱུར་བདེ་རྫོགས་རིམ་ཟབ་མོའི་གསང་བ་ཀུན།   །ཐུན་མོང་མིན་པའི་གནད་ཀྱིས་བྱང་ཆུབ་ནས།   །རྩ་རླུང་ཐིག་ལེའི་འགྲོས་རྣམས་དབུ་མའི་དབྱིངས།   །རྗེས་མཐུན་རྫོགས་པར་གྱུར་ལ༴    །གདོད་མའི་མགོན་པོ་རྩ་བའི་བླ་མ་དང་།   །ཐུགས་ཡིད་དབྱེར་མེད་འདྲེས་པས་ཟབ་མོའི་དོན།   །ཀ་དག་རྫོགས་ཆེན་རང་སྣང་རིས་མེད་ཀྱི།   །དགོངས་པ་མངོན་དུ་གྱུར་ལ༴    །ལྷུན་གྲུབ་ཐོད་རྒལ་རྡོ་རྗེའི་གསེང་ལམ་ཆེར།   །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་གདངས།   །མངོན་སུམ་རྟགས་སྣང་མཐར་ཕྱིན་སྣང་བ་གསུམ   །   མངོན་གྱུར་ཡེ་ཤེས་ [88b] གཟིགས་ལ༴    །བཟང་པོའི་ལས་ཀྱི་འཕྲོ་བཞིན་མཁའ་འགྲོ་ཡི།   །ལུང་གིས་བསྐུལ་ནས་ཤ་འུག་ལྟག་སྒོ་སོགས།   །གཏེར་གནས་རྣམས་ནས་ཟབ་གཏེར་འདོད་པ་དགུའི།   །སྒོ་འཕར་གཅིག་ཅར་ཕྱེས་ལ༴    །པདྨ་འབྱུང་གནས་བི་མ་བཻ་རོ་དང་།   །མཚོ་རྒྱལ་ཉང་དང་ཆོས་དབང་ཀུན་མཁྱེན་སོགས།   །དམ་པ་དུ་མས་དངོས་ཉམས་རྨི་ལམ་དུ།   །དབང་བསྐུར་ལུང་བསྟན་ཐོབ་ལ༴    །རྡོ་རྗེ་ཐེག་པའི་ངེས་དོན་ཟབ་མོའི་ལམ།   །ཇི་བཞིན་མངོན་གྱུར་སྲིད་ལས་རྣམ་གྲོལ་ཀྱང་།   །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས།   །བདེ་ཆེན་ཡེ་ཤེས་བརྙེས་ལ༴    །དེ་ཉིད་རྣམ་པ་བཅུ་ཡི་མཐར་སོན་པས།   །བསྙེན་སྒྲུབ་ཕྲིན་ལས་བཞི་ཡིས་རིས་ཅན་འགྲོ།   །ཚར་གཅོད་རྗེས་འཛིན་ཐོགས་མེད་མཐུ་གྲུབ་པའི།   །རྡོ་རྗེ་འཛིན་དབང་མཆོག་ལ༴    །ཐེག་པ་སྤྱི་དང་ཁྱད་པར་གསང་སྔགས་ཀྱི།   །དབང་ལུང་མན་ངག་གདམས་པ་དུ་མ་ཡིས།   །སྐལ་པའི་ཁྱད་པར་ཇི་བཞིན་སྨིན་པ་དང་།   །གྲོལ་བའི་ལམ་བཟང་སྟོན་ལ༴    །དྲི་མེད་བཞེད་གཞུང་ལུང་རིགས་དཔུང་ལྡན་པས།   །རྒོལ་ངན་རྩོད་པའི་ཕྱོགས་ལས་རྣམ་རྒྱལ་ཞིང་།   །རྩོམ་ཚེ་ཚིག་དོན་འབྲེལ་ཆགས་ལེགས་བཤད་ཀྱིས།   །བློ་གསལ་ངོ་མཚར་བསྐྱེད་ལ༴    །མཆོག་དང་བར་པ་དམན་པའི་འགྲོ་ཀུན་ལ།   ། [89a] བསྟོད་དང་དབུགས་དབྱུང་སྤྲོ་བ་བསྐྱེད་པ་སོགས།   །བསྡུ་བའི་དངོས་པོ་རྣམ་བཞིས་སོ་སོའི་ཡིད།   །ཀུན་དགའི་དགའ་སྟོན་སྤེལ་ལ༴    །བསྟན་པའི་རྩ་ལག་དཀོན་མཆོག་གསུམ་གྱི་རྟེན།   །ཇི་སྙེད་བསོད་ནམས་ཞིང་དུ་སྤེལ་མཛད་ཅིང་།   །ཕ་རོལ་ཕྱིན་དྲུག་རླབས་ཆེན་སྤྱོད་པ་ལས།   །ནམ་ཡང་ཉམས་པ་མེད་དེར༴    །ལྷ་མིའི་མཆོད་འོས་ཀུན་གྱིས་གུས་བཏུད་ཀྱང་།   །རྙེད་དང་བཀུར་བསྟིའི་ཁྱད་པར་གང་ལ་ཡང་།   །སྲེད་པ་སྤངས་པའི་རྟག་ཏུ་འཆིང་གྲོལ་བ།   །བརྟུལ་ཞུགས་གྲུབ་པའི་དཔའ་བོར༴    །ལྔ་བདོའི་མཐུ་ཡིས་རྒྱལ་བའི་བསྟན་པ་ཡང་།   །སྣུམ་ཟད་མར་མེ་ལྟ་བུར་གྱུར་པ་ལ།   །སྣ་ཚོགས་ཐབས་ཀྱིས་འཕེལ་ཞིང་རྒྱས་པའི་ཐབས།   །བརྩོན་པའི་སྙིང་སྟོབས་ལྡན་ལ༴    །དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས།   །ཕུལ་བྱུང་ཡོན་ཏན་ཀུན་གྱིས་ལེགས་འབྱོར་ཞིང་།   །འགྲོ་ལ་ཕན་པའི་མཛད་པ་དམ་པ་ཞེས།   །བསྔགས་པའི་མེ་ཏོག་འཐོར་དེར་གསོལ་བ་འདེབས།   །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱིས་བར།   །གང་གི་རྣམ་ཐར་ཡིད་ལ་བྱེད་པ་དང་།   །མོས་གུས་རྒྱུན་མི་ཆད་པའི་གདུང་ཤུགས་ཀྱིས།   །གསོལ་བ་སྙིང་ནས་འདེབས་པར་བྱིན་གྱིས་རློབས།   །སྒོ་གསུམ་མི་དགེའི་ལས་ [89b] ལས་རྣམ་གྲོལ་ཞིང་།   །བག་ཡོད་དྲན་དང་བརྩོན་པའི་སྙིང་སྟོབས་ཀྱིས།   །རྣམ་དཀར་དགེ་ཚོགས་རྒྱ་ཆེན་སྒྲུབ་པ་ལ།   །ལྷོད་པ་མེད་པའི་སྙིང་སྟོབས་ལྡན་པར་ཤོག   །ཐེག་པ་གསུམ་དང་ཁྱད་པར་གསང་ཆེན་གྱི།   །ངེས་པའི་ཐེག་པར་ཡིད་ཆེས་གསུམ་ལྡན་པས།   །ཟབ་མོའི་ལམ་ཀུན་ཇི་བཞིན་ཁོང་ཆུད་ནས།   །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག   །གང་ཚེ་མགོན་ཁྱོད་བྱང་ཆུབ་མཆོག་བརྙེས་པའི།   །ཞིང་དེར་འདུས་པ་དང་པོར་འགྱུར་བ་དང་།   །ཆོས་མིག་རྡུལ་བྲལ་རྫོགས་སངས་རྒྱས་ཉིད་དུ།   །ལུང་བསྟན་སྐལ་བཟང་བདག་གིས་ཐོབ་གྱུར་ཅིག  །   ཅེས་སྡེ་སྣོད་འཛིན་པ་བསྟན་འཛིན་གར་དབང་གིས་མངོན་པར་དད་པས་རིང་མོ་ནས་བསྐུལ་བ་དང་།   ཉེ་ཆར་མདོ་ཁམས་པ་བླ་མ་དཔལ་ལྡན་སེང་གེས་གསེར་གྱི་མེ་ཏོག་དང་བཅས་ཏེ་བདག་ཉིད་ཀྱི་རྣམ་ཐར་གསོལ་འདེབས་སུ་བྱས་པ་ཞིག་དགོས་ཞེས་བསྐུལ་བ།   སྔར་བརྗོད་པའི་ཡོན་ཏན་དེ་དག་དང་མི་ལྡན་ཀྱང་འདུ་ཤེས་གསུམ་གྱི་སྤྱོད་ཚུལ་རྣམས་བརྗོད་པ་སྐབས་སུ་མ་འབྲེལ་བས་སྙན་ངག་མཁན་གྱི་རབ་རྟོག་གི་དཔེར་བརྗོད་དང་མཚུངས་པར་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དགེ་སྦྱོང་བློ་གསལ་རྒྱ་མཚོའོ།།   །། 
༈     །གདོད་ནས་རྣམ་དག་ཀུན་ཁྱབ་རི༵ག་པའི་གཤིས།   །མཚན་འཛི༵ན་འཁྲུལ་པའི་སྦུབས་ལས་རབ་གྲོལ་བ།   །འ༵གྱུར་མེ༵ད་བདེན་དོན་གནས་ལུགས་མངོན་སུམ་དུ།   །ཡོངས་གཟུགས་རྡོ༵་རྗེ༵་ [90a] འཛིན་ལ་གསོལ་བ་འདེབས།   །ཞེས་གསེར་ཟངས་གྲུབ་ཆེན་འགྱུར་མེད་ཀློང་གྲོལ་གྱིས་བསྐུལ་ངོར་འགྱུར་མེད་རྡོ་རྗེས་སོ།   ། 
༈     །བསླབ་གསུམ་རྣམ་དག་མང་ཐོས་འཇིག་རྟེན་མིག   །ཟབ་མོའི་གནས་ལུགས་མངོན་གྱུར་རྣལ་འབྱོར་མཆོག   །སྐལ་ལྡན་སྐུ་བཞིར་སྨིན་མཛད་ངག་གི་དབང་།   །ཆོས་དཔལ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།   །ཞེས་པ་འདི་ནི་ཆོས་འབྱུང་ཟངས་ཀྱི་མཚོ་བྲག་གི་འདུས་སྡེས་བསྐུལ་ངོར་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སོ།།   །། 
༈   །   ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་གསོལ་བ་འདེབས་པ་བཀྲ་ཤིས་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ།    ཇི་ལྟ་ཇི་སྙེད་ཤེས་བྱ་ཐམས་ཅད་མཁྱེན།   །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་དགོངས།   །འཁོར་བ་དོང་སྤྲུགས་ནུས་པའི་ཆོས་ཀྱི་རྒྱལ།   །མཁྱེན་བརྩེའི་དབང་པོའི་ཞབས་ལ་གསོལ་བ་འདེབས།   །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས།   །གང་འདུལ་རྣམ་རོལ་ཆོས་དབྱིངས་ཁྱབ་པ་ལས།   །སྙིགས་དུས་བསྟན་འགྲོ་སྐྱོབས་པའི་དཔལ་མགོན་དུ།   །བསམ་བཞིན་སྐྱེ་བ་བཞེས་ལ་གསོལ་བ༴    །མདོ་སྨད་སྡེ་བཞི་དགེ་བཅུའི་སྨན་གྱི་ལྗོངས།   །ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་ཀྱི་ཆར།   །རྣམ་དག་རིགས་སོགས་མཆོག་གི་གཟིགས་པ་ལྔས།   །སྤྲུལ་པའི་སྐུ་རུ་བསྟན་ལ༴    །ཡེ་ཤེས་བརྙེས་པའི་རྣམ་ [90b] འདྲེན་མཆོག་རྣམས་ཀྱིས།   །དམ་པའི་སྐྱེས་བུར་མགྲིན་གཅིག་ལུང་བསྟན་ཅིང་།   །ཕལ་པའི་སྤྱོད་ལས་འདས་ཕྱིར་ལྷ་མི་ཀུན།   །འགྲོ་བའི་མགོན་དུ་བསྔགས་ལ༴    །དབུས་གཙང་བོད་ཆེན་ཀུན་ཏུ་ཞབས་ཀྱིས་གཅགས།   །མཉེས་པ་གསུམ་གྱིས་ཡོངས་འཛིན་བརྒྱ་ལྷག་བསྟེན།   །སྐྱོ་ངལ་མེད་པར་དམ་ཆོས་ཡོངས་སུ་ཚོལ།   །ཐུགས་བསྐྱེད་དཔག་ཡས་ཁྱོད་ལ༴    །ས་ཆེན་ཕུག་ཏུ་ཐུགས་དམ་མཛད་པའི་ཚེ།   །ལྷག་པའི་ལྷ་ཡི་ཕྱག་རྒྱ་ཐུགས་ཀར་ཐིམ།   །སྤོབས་པའི་གཏེར་ཆེན་བརྒྱད་པོ་ཡོངས་སུ་གྲོལ།   །མཁྱེན་གཉིས་རྩལ་ཆེན་རྫོགས་ལ༴    །སྒྲ་ཚད་བཟོ་གསོ་གྲངས་གནས་ཚིག་རྒྱན་སོགས།   །གནས་ལྔ་རིག་པ་ཡན་ལག་དང་བཅས་པར།   །ཕུལ་དུ་སོན་པས་གངས་ཅན་འཛིན་མའི་ཁོངས།   །མཁས་པའི་སྙན་པས་ཁྱབ་ལ༴    །འདུལ་མངོན་དབུ་མ་ཕར་ཕྱིན་གསང་སྔགས་ཀྱི།   །རྒྱུད་ཀུན་གཟིགས་པ་ཙམ་གྱིས་གཏིང་སླེབ་ཅིང་།   །མི་བརྗོད་གཟུངས་ཐོབ་བརྟན་པའི་འཁོར་ལོའི་ཚུལ།   །མ་སྦས་གསལ་བར་སྟོན་ལ༴    །དྲི་མེད་ཚུལ་ཁྲིམས་ནོར་བུའི་རྒྱན་ཆས་སྒེག   །ཏིང་འཛིན་འཛུམ་དཀར་སྐལ་ལྡན་ཡིད་དབང་འགུགས།   །ཤེས་རབ་རོལ་སྒེག་ས་གསུམ་དཔྱིད་དུ་གསོ།   །བསླབ་གསུམ་དབང་ཕྱུག་ཞབས་ལ༴    ། [91a] 

ཟབ་རྒྱས་གནས་ལ་ཆོས་སྤྱན་རྡུལ་དང་བྲལ། །འཆད་རྩོད་རྩོམ་ལ་ཆགས་དང་ཐོགས་པ་མེད། །མཛད་སྤྱོད་ཀུན་ལ་འཁྲུལ་པའི་དྲི་མ་ཟད། །ལྷ་མི་ཡིད་ཆེས་སྐྱེད་ལ༴ །ནང་གི་ཡོན་ཏན་རྒྱ་མཚོ་གཏེར་བཞིན་སྦེད། །གཞན་གྱི་ཡོན་ཏན་ཕྲ་མོར་བསྔགས་ཤིང་འདུད། །བསྟན་འགྲོའི་དོན་དུ་གཅེས་དགུའི་བདོག་པ་ཡང་། །རྩྭ་བཞིན་གཏོང་བར་མཛད་ལ༴ །གཟུངས་དང་ཏིང་འཛིན་མངོན་ཤེས་རྒྱ་མཚོ་མངའ། །འཇིག་རྟེན་གསུམ་གྱིས་མཆོད་འོས་ཉིད་གྱུར་ཀྱང་། །ཁེངས་དྲེགས་མི་མངའ་དམ་ཆོས་ཚིག་གཅིག་ཕྱིར། །དཀའ་ཆེན་དང་དུ་བཞེས་ལ༴ །ལྟར་སྣང་ཆོས་ལ་བསྙད་པའི་འཛིན་སྐྱོང་སོགས། །འཇིག་རྟེན་བྱ་བཞག་གང་ལའང་ལྟོས་མེད་པས། །འཇིགས་མེད་སེང་གེ་ལྟ་བུར་ཀུན་བཟང་སྤྱོད། །ས་སྟེང་འགྲན་ཟླ་བྲལ་ལ༴ །སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་རིང་ལུགས་ཀྱི། །གཞུང་གདམས་མན་ངག་ཆུ་ཀླུང་མ་ལུས་པ། །ཐུགས་མཚོར་བསྐྱིལ་ནས་སྨིན་གྲོལ་རྒྱུན་འབེབས་པས། །བསྟན་པའི་སྲོག་རྩ་མཐུད་ལ༴ །ཐུབ་བསྟན་ཡོངས་སུ་རྫོགས་པའི་ཤིང་རྟ་ཆེ། །གདུལ་བྱ་རིས་སུ་མ་ཆད་འདུལ་བའི་གཉེན། །ཕྱོགས་སུ་མ་ལྷུང་གྲུབ་མཐའ་མཐའ་དག་གི ། གཙུག་གི་ནོར་བུར་གྱུར་ལ༴ །ཕྲིན་ལས་ཐམས་ཅད་གཞན་ཕན་འབའི་ [91b] ཞིག་སྒྲུབ། །འབྲེལ་ཚད་དོན་ལྡན་ངོ་མཚར་ལྟས་མང་མངའ། །བསོད་ནམས་ཚོགས་ཆེན་བསམ་མི་ཁྱབ་པ་བསྐྲུན། །ས་བཅུའི་དབང་ཕྱུག་ཁྱོད་ལ༴ །ཨོ་རྒྱན་ཡབ་ཡུམ་དྲི་མེད་བཤེས་གཉེན་ཞབས། །ཆོས་རྒྱལ་མེས་དབོན་ཆོས་དབང་ཀུན་མཁྱེན་སོགས། །དགུ་ལྡན་བརྒྱུད་པའི་བླ་མ་ཡི་དམ་ལྷས། །བྱིན་བརླབས་དངོས་གྲུབ་སྩལ་ལ༴ །ཁྱད་པར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །མདོ་རྒྱུད་གསང་མཛོད་སྩལ་ནས་ཡེ་ཤེས་སྐུར། །བྱིན་གྱིས་བརླབས་པས་ཉིད་དང་དབྱེར་མེད་པའི། །མཁྱེན་རྟོགས་རྫོགས་པར་སད་ལ༴ །བརྩེ་བ་ཆེན་པོ་ཁུ་དབོན་བརྒྱུད་བཅས་ཀྱིས། །དབང་བསྐུར་རྒྱུད་གཏད་གཞན་ཡང་འཕགས་བོད་ཀྱི། །མཁས་གྲུབ་དུ་མས་དངོས་ཉམས་རྨི་ལམ་དུ། །ཡང་ཡང་རྗེས་སུ་བཟུང་ལ༴ འདུས་པའི་དལ་དུ་ཞུགས་ཚེ་སོ་སྟོན་མཆོག །ཡེ་དབང་མཐུ་ཡིས་སྙེགས་མའི་ཕུང་ཁམས་སྦྱངས། །རྡོ་རྗེ་སེམས་དཔའི་གསང་བ་གསུམ་དུ་གྱུར། །རིགས་ཀུན་ཁྱབ་བདག་མཆོག་ལ༴ །རྒྱལ་ཡུམ་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་། །སྣང་སྲིད་དག་པ་རབ་འབྱམས་འཁོར་ལོར་ཤར། །རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་གསལ་བར་གཟིགས། །གྲུབ་པའི་ཁྱུ་མཆོག་ཁྱོད་ལ༴ །སྐྱེས་རབས་དུ་མའི་ལས་ཀྱི་འཕྲོ་སད་དེ། ། [92a] མདོ་རྒྱུད་བཀའ་ལུང་དཀོན་པའི་པུསྟ་ཀ ། རྟེན་མཆོག་དམ་རྫས་ཆུ་ཀླུང་བྱེ་བ་སྙེད། །རྣམ་ཐར་རྒྱ་མཚོར་བསྐྱིལ་ལ༴ །བརྒྱུད་པ་དྲུག་ལྡན་ས་དང་དགོངས་པའི་གཏེར། །དག་སྣང་སྙན་བརྒྱུད་རྗེས་དྲན་ཡང་གཏེར་བཅས། །བཀའ་བབས་རིན་ཆེན་རྣམ་བདུན་རྒྱལ་སྲིད་བརྙེས། །ཆོས་ཀྱི་འཁོར་ལོས་སྒྱུར་ལ༴ །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་མནན། །མ་འབད་པར་ཡང་ཕྲིན་ལས་རྣམ་བཞི་འགྲུབ། །ཌཱ་ཀི་ཆོས་སྲུང་མཐུ་ལྡན་དྲེགས་པ་ཡིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གྲངས་མེད་པས། །སྐལ་ལྡན་བྱེ་སྙེད་སྨིན་ཅིང་གྲོལ་བར་མཛད། །བསམ་གྱིས་མི་ཁྱབ་འཕགས་པའི་རྣམ་ཐར་འཆང་། །ཐུགས་རྗེའི་བདག་ཉིད་ཁྱེད་ལ༴ །མི་ཕྱེད་གུས་པས་རྩེ་གཅིག་གསོལ་བཏབ་མཐུས། །སྐྱེ་བ་འདི་བཟུང་བྱང་ཆུབ་མ་ཐོབ་བར། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་བར། །རྗེས་སུ་བཟུང་ནས་རྣམ་ཐར་མངོན་བྱེད་ཤོག །མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཀྱང་། །ཐུགས་ཀྱི་བཅུད་ཐོབ་ཉམས་ལེན་མཐའ་རུ་ཕྱིན། །ས་དང་ལམ་གྱི་ཡོན་ཏན་ཡོངས་རྫོགས་ཏེ། །རྡོ་རྗེ་འཆང་དབང་གོ་འཕང་འགྲུབ་གྱུར་ཅིག །ཆོས་བཞིན་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །ལུང་རྟོགས་ [92b] ཆོས་ལ་རང་དབང་ཐོབ་པ་ཡིས། །ཐུབ་དབང་བསྟན་པ་འཛམ་གླིང་ཀུན་ཏུ་སྤེལ། །ཆོས་ཀྱི་རྒྱལ་པོ་ཁྱོད་དང་མཚུངས་པར་ཤོག །ཅེས་པའང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་ལས་ཁོལ་དུ་ཕྱུངས་པའོ།། །།

༈     །དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས་ཞེས་བྱ་བ།    ཀ༵རྨ༵་བཀའ་བརྒྱུད་བསྟན་པའི་སྣང་བྱེད་མཆོག   །ངག་གི་དབ༵ང་ཕྱུག་ཡོ༵ན་ཏན༵་རྒྱ༵་ཆེའི་མཚོ༵།   །དགེ་ལེགས་ཕྲི༵ན་ལ༵ས་རླབས་ཕྲེང༵་ཀུན་ཏུ་ཁྱ༵བ།   །དཔ༵ལ་ལྡན་བཟ༵ང་པོ༵འི་ཞབས་ལ་གསོལ་བ་འདེབས།   །ཚར་གཅོད་རྗེས་འཛིན་ཀུན་ཤེས་ཡན་ལག་བཅས།   །བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་དང་།   །སྒོམ་པའི་བློ༵་གྲོ༵ས་ཆགས་ཐོགས་བྲལ་བ་ཡི།   །རྣམ་དཔྱོད་མཐ༵འ་ཡ༵ས་ལྡན་ལ་གསོལ་བ༴    །པ༵དྨ༵་དབང་ཆེན་སོགས་ཀྱིས་རྗེས་སུ་བཟུང་།   ག༵ར་གྱི་དབ༵ང་ཕྱུག་ཐུགས་རྗེའི་རིག་སྔགས་འཆང་།   །ཕྲི༵ན་ལ༵ས་འགྲོ༵་བ་འདུ༵ལ་བའི་རྩལ་མངའ་བ།   །དཔལ་ལྡན་བླ་མ་མཆོག་ལ༴    །གྲུབ་རིགས་འཛིན་པ་ཁྱུང་གི་གདུང་ལས་གྲོལ།   །སྦྱངས་པའི་ལས་འཕྲོ་དཀར་པོའི་ཆོས་ལ་སད།   །འཁོར་ལོ་གཉིས་ཀྱི་མཐུན་རྐྱེན་ངང་གིས་ཚོགས།   །ངོ་མཚར་རྨད་དུ་བྱུང་ལ༴    །གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་བསྡམས་ཤིང་།   །གཞན་ཕན་གཞིར་བཅས་བསླབ་པའི་གནས་ [93a] ལ་གཞོལ།   །རིམ་གཉིས་མངོན་རྟོགས་ཅིར་ཡང་གསལ་བ་ཡི།   །གསུམ་ལྡན་རྡོ་རྗེ་འཛིན་པར༴    །མཁས་གྲུབ་དེད་དཔོན་ཡོངས་འཛིན་དུ་མ་བསྟེན།   །མདོ་སྔགས་རྒྱ་མཚོར་ལྷག་བསམ་བརྩོན་པས་ཞུགས།   །གཞུང་གདམས་མན་ངག་ནོར་བུའི་སྐྱེས་བཟང་གིས།   །སྐལ་ལྡན་དབུལ་བ་སེལ་ལ༴    །ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀས།   །གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་རྣམས་ཀྱིས།   །རྣམ་སྣང་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ།   །ལུང་བསྟན་མངའ་གསོལ་མཛད་ལ༴    །རྒྱལ་བ་ཡབ་སྲས་མཆོག་གླིང་མཁྱེན་བརྩེའི་དབང་།   །མཆོག་གཟིགས་རྣམས་ཀྱིས་ཏཱ་ར་ནཱ་ཐ་དང་།   །འགྱུར་མེད་རྡོ་རྗེའི་སྤྲུལ་པར་ཞལ་བཞེས་ཤིང་།   །ཡོངས་འཛིན་མཆོག་ཏུ་བཀུར་ལ༴    །རྒྱལ་བསྟན་རིས་མེད་སྐྱོང་བའི་དག་སྣང་དང་།   །འགྲོ་ཕན་རིས་མེད་སྒྲུབ་པའི་ལྷག་བསམ་ཏེ།   །གང་བྱུང་ཐད་ཀར་ཁྱེར་བའི་སྤྱོད་ཚུལ་གྱིས།   །དམ་པའི་རྣམ་ཐར་འཛིན་ལ༴    །ཙཱ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ།   །ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སུ།   །འཆད་རྩོམ་བཀའ་བབས་བསྟན་ལ་བྱ་བ་མཛད།   །དོན་གཉིས་ལྷུན་གྱིས་གྲུབ་ལ༴    །རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པའི་དོན།   །ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་ཀྱི་རྟེན།   །བསྟན་པ་ཇི་སྲིད་བར་དུ་འགྲོ་ཕན་གྱི།   །བཙས་ [93b] སུ་བསྒྲུབས་པར་མཛད་ལ་གསོལ་བ་འདེབས།   །མོས་པའི་སྟོབས་དང་རྟེན་འབྲེལ་བསླུ་མེད་མཐུས།   །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་།   །མཁའ་སྤྱོད་གྲོང་ཁྱེར་ཆེན་པོར་ལྷན་ཅིག་འཚོགས།   །རྡོ་རྗེ་སེམས་དཔའི་གནས་མཆོག་ཐོབ་གྱུར་ཅིག   །གང་གི་རིང་ལུགས་རྡོ་རྗེ་ལྟར་བརྟན་ཅིང་།   །ཟབ་རྒྱས་མཛོད་ལྔ་རྟག་ཏུ་སྒྲོགས་པ་ཡིས།   །བདག་སོགས་ལེགས་པའི་ལམ་ཀུན་མཐར་ཕྱིན་ཅིང་།   །བསམ་དོན་ལྷུན་གྲུབ་དགེ་ལེགས་དཔལ་འབར་ཤོག   །བསྔགས་འོས་ཀྱི་ཡོན་ཏན་ཆ་ཤས་ཕྲ་མོས་ཀྱང་མ་གོས་ཤིང་།   རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང་།   སྒྲུབ་བརྩོན་བླ་མ་དམ་པ་པདྨ་ནོར་བུས་ནན་ཏན་ཆེན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་འདུ་གསུམ་པ་ཡོན་ཏན་རྒྱ་མཚོས་སུག་བྲིས་སུ་བསྟར་བ་དགེ་ལེགས་འཕེལ།།   །། 
༈    །སྦྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་ཤིང་རྟ་ཞེས་བྱ་བ།   རྒྱལ་བ་ཀུན་གྱི་སྤྱི་གཟུགས་པདྨ་འབྱུང་།   །སྙིགས་མའི་དུས་འདིར་འགྲོ་འདུལ་སྐྱེས་བུའི་ཚུལ།   །རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ།   །བདུད་འཇོམས་གླིང་པའི་ཞབས་ལ་གསོལ་བ་འདེབས།   །གདོད་ནས་སྤྲོས་མཚན་སྲེད་ལེན་མཚམས་སྦྱོར་ནི།   །ཡོངས་སྤངས་ཞི་བའི་བདུད་རྩི་མངོན་བརྙེས་ཀྱང་།   །རྣམ་མང་འདུལ་བཞིའི་ཆོ་འཕྲུལ་མཐའ་ཡས་སྤྲིན།   །སྒྱུ་འཕྲུལ་གར་བརྒྱས་རོལ་དེར་གསོལ་བ༴    ། [94a] ཁྱད་པར་རྣམ་འདྲེན་བཞི་པའི་བསྟན་པ་འདིར།   །སྟོན་པ་གཉིས་པའི་ཕྲིན་ལས་རྣམ་ཐར་ཅན།   །འཕགས་བོད་དགྲ་བཅོམ་རིག་འཛིན་པཎ་གྲུབ་སོགས།   །སྐྱེས་རབས་ཚར་དུ་དངར་ལ༴    །སྙིགས་མའི་དུས་འདིར་པདྨ་འོད་ཞིང་ནས།   །སློབ་དཔོན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀས།   །རང་གི་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཐུས།   །བསམ་བཞིན་སྲིད་པ་བཟུང་ལ༴    །གངས་ཅན་མདོ་སྨད་གསེར་ལུང་སྨན་གྱི་ལྗོངས།   །འཕགས་པས་བྱིན་བརླབས་ངོ་མཚར་གནས་ཀྱི་ཆར།   །མཁས་གྲུབ་དུ་མའི་འབྱུང་གནས་གནུབས་ཀྱི་གདུང་།   །རྣམ་དག་རིགས་སུ་དགོངས་ལ༴    །དཔའ་བོ་མཁའ་འགྲོས་སྐྱེལ་མ་བསྙེན་བཀུར་བཅས།   །མཚན་ལྡན་བསྐྱེད་ཡུམ་ལྷུམས་སུ་ཉེར་ཞུགས་ཚེ།   །ངོ་མཚར་དགེ་མཚན་དུ་མས་ཡབ་ཡུམ་གྱི།   །ལུས་སེམས་བྱིན་གྱིས་བརླབས་ལ༴    ལུག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ།   །མཛེས་སྐུའི་མཚན་དཔེའི་པདྨོ་བཞད་པ་ནི།   །འཇའ་འོད་གུར་ཁྱིམ་མེ་ཏོག་སྦྲང་ཆར་སོགས།   །ལྟས་བཟང་དཔག་མེད་སྣང་ལ༴    །དེ་ཚེ་མཆོག་གཟིགས་རྣམ་འདྲེན་དུ་མ་ཡིས།   །འགྲན་བྲལ་སྤྲུལ་པའི་སྐུ་རུ་ཡོངས་བསྔགས་ཤིང་།   །གཞན་དོན་བསམ་ཡས་འགྲུབ་པའི་སྐྱེས་བུ་རུ།   །བསླུ་མེད་ལུང་བསྟན་ཐོབ་ལ༴    །བགྲང་བྱ་གསུམ་པར་མཁའ་འགྲོ་ [94b] ཆོས་སྐྱོང་ཚོགས།   །གླུ་གར་དང་བཅས་མེལ་ཚེར་འགྲོགས་པ་དང་།   །རེས་འགར་དམ་སྲིས་གླགས་འཚོལ་གཡུལ་འགྱེད་སོགས།   །ཉམས་སྣང་སྣ་ཚོགས་གཟིགས་ལ༴    །སྐབས་ཤིག་བྱང་ཕྱོགས་བཻ་ཌཱུར་སྣང་ཞིང་ཕྱིན།   །བཅོམ་ལྡན་གདོན་མི་ཟ་བའི་རྒྱལ་པོ་ཡིས།   །རྒྱལ་ཚབ་ཉིད་དུ་དབུགས་དབྱུང་གཟེང་བསྟོད་མཐུས།   །སྔོན་གནས་རྗེས་སུ་དྲན་ལ༴    །མཁའ་སྤྱོད་ཞིང་དུ་དབྱིངས་ཡུམ་རྣལ་འབྱོར་མས།   །འབུམ་ཕྲག་ཌཱ་ཀིའི་སྲོག་སྙིང་ཡིག་འབྲུའི་ཚུལ།   །སྤྲོས་བསྟིམས་བྱིན་རླབས་འཕོ་བའི་དབང་ཆེན་ཐོབ།   །འགལ་རྐྱེན་གཡུལ་ལས་རྒྱལ་ལ༴    །གཞོན་ནུ་ཉིད་ནས་སྐྱེས་ཐོབ་རྩལ་རྫོགས་པས།   །ཕལ་པའི་ཚུལ་འདས་དམ་པའི་རིགས་མཆོག་སད།   །མངོན་པར་ཤེས་དང་རྫུ་འཕྲུལ་དཔག་མེད་པས།   །གཟུར་གནས་དད་པ་སྐྱེད་ལ༴    །བགྲང་བྱ་དགུ་པར་ཡེ་ཤེས་ཌཱ་ཀི་ནཱིས།   །བདེ་སྐྱོང་བདུད་རྩིའི་སྐྱེས་བཅས་ལུང་བསྟན་བཞིན།   །བཤེས་གཉེན་མཆོག་བསྟེན་ཐོས་བསམ་ཡོན་ཏན་སྒོ།   །བརྒྱ་ཕྲག་གཅིག་ཅར་ཕྱེས་ལ༴    །བརྩེ་ཆེན་ལྷ་གཅིག་དཀར་མཛེས་གཞོན་ནུའི་ཚུལ།   །གྲོགས་ཀྱི་རྣམ་པས་འབྲལ་མེད་ལེགས་བསྐྱངས་ཤིང་།   །སྨྲ་བའི་སེང་གེས་དངོས་སུ་རྗེས་བཟུང་བས།   །ཤེས་རབ་རྩལ་ཁ་འབར་ལ༴    །རིགས་གསུམ་སེམས་དཔའ་རྒྱལ་ཡུམ་ཏཱ་རེ་མ།   །མདའ་བསྣུན་ཞབས་དང་གྲུབ་ [95a] པའི་རིག་འཛིན་བརྒྱད།   །ཀློང་ཆེན་སོགས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས།   །རྗེས་བཟུང་བྱིན་རླབས་ཐོབ་ལ༴    །ཁྱད་པར་རྔ་ཡབ་དཔལ་རིར་མངོན་གཤེགས་ནས།   །ཞག་གཅིག་བགྲང་བྱ་བཅུ་གཉིས་ཡུན་བསྒྱུར་ཏེ།   །གུ་རུ་རྗེ་ལས་སྨིན་གྲོལ་བདུད་རྩི་ནོས།   །གདུང་འཚོབ་དམ་པར་གྱུར་ལ༴    །ཆེས་ཕྲའི་གོ་སར་གྲངས་མེད་ཞིང་དང་སྐུའི།   །རྣམ་ཐར་བཀོད་པ་བསམ་མི་ཁྱབ་པ་གཟིགས།   །དེ་སྙེད་རྣམས་སུ་རྣམ་འཕྲུལ་མཐའ་ཡས་པས།   །ཆོས་སྒོ་དཔག་ཡས་གསན་ལ༴    །མདོར་ན་ཚེ་འདིའི་སྦྱངས་པར་ལྟོས་མིན་པར།   །སྔོན་ནས་གོམས་པའི་ལས་ཀྱི་འཕྲོ་སད་དེ།   །མཁས་དང་གྲུབ་པར་གྲགས་ཀུན་ཟིལ་གནོན་པའི།   །མཁྱེན་རྟོགས་ཕུལ་དུ་བྱུང་ལ༴    །མཚོ་རྒྱལ་ལ་སོགས་ཌཱ་ཀིའི་ཚོགས་རྣམས་ཀྱིས།   །བུ་བཞིན་རྗེས་བསྐྱངས་ལྐོག་གྱུར་ལུང་དུ་བསྙད།   །དམ་ཅན་གཏེར་སྲུང་ལུས་དང་གྲིབ་མའི་ཚུལ།   །ཅི་བགྱིའི་ཕོ་ཉར་བཏུད་ལ༴    །འཛག་བདེ་དམན་པའི་རོ་ལ་མི་ཞེན་པར།   །འཛད་མེད་ཚངས་སྤྱོད་མཆོག་ལ་རབ་གནས་ཏེ།   །ཆགས་པའི་ལམ་གྱིས་ཆགས་སོགས་ཉེས་ཀུན་སྤོང་།   །དོན་གྱི་དགེ་སྦྱོང་གང་དེར༴    །བསྐལ་པར་གོམས་པའི་སྙིང་སྟོབས་ཆེས་བརྟན་པ།   །ཤུགས་དྲག་བྱམས་དང་སྙིང་རྗེས་རབ་བསྐྱོད་དེ།   །འབྲེལ་ཚད་དོན་ལྡན་རྒྱལ་སྲས་བརྟུལ་ [95b] ཞུགས་སྤྱོད།   །འགྲོ་འདུལ་སེམས་དཔའ་ཆེན་པོར༴    །ཐབས་ཆེན་གསང་བ་མཆོག་གི་མྱུར་ལམ་གྱི།   །རིམ་པ་དང་པོའི་མངོན་རྟོགས་མཐར་སོན་པས།   །སྣང་གྲགས་དག་པ་ཡེ་ཤེས་འཁོར་ལོར་གཟིགས།   །རྣལ་འབྱོར་དབང་ཕྱུག་མཆོག་ལ༴    །འབར་བ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཅིང་།   །རྣམ་གསུམ་ཕོ་ཉའི་འདུ་བ་སྤྲིན་ལྟར་འདུས།   །ལས་བཞི་གྲུབ་པ་བརྒྱད་ལ་དབང་འབྱོར་པས།   །ཕྲིན་ལས་འདོད་རྒུར་སྒྱུར་ལ༴    །རོ་རྐྱང་ཉི་ཟླའི་བགྲོད་པ་དྷཱུ་ཏིའི་དབྱིངས།   །ངོ་མཚར་བཙན་ཐབས་སྦྱོར་བས་ཡོངས་བཅིངས་ནས།   །མ་དག་ལས་རླུང་ཟག་པའི་གྲོང་ཁྱེར་གྱི།   །འཁྲུལ་འཁོར་བཅོམ་པར་མཛད་ལ༴    །མཆོག་གི་ཙཎྜ་ལཱི་ཡི་གཟི་བརྗིད་སྟོབས།   །འགྱུར་མེད་བཅུ་དྲུག་དགའ་བའི་རོས་མྱོས་ཏེ།   །སྣང་སྲིད་ཟིལ་གནོན་བརྟུལ་ཞུགས་གར་བརྒྱ་ཡིས།   །སྐལ་ལྡན་བདེ་ཆེན་སྐྱེད་ལ༴    །ཁྱད་པར་གསང་བ་ལས་ཀྱང་ཆེས་གསང་བ།   །གསང་ཆེན་རྡོ་རྗེ་རྩེ་མོའི་ལྟ་བའི་གསང་།   །མ་བཅོས་ཀ་དག་རིག་སྟོང་རྗེན་པའི་གཤིས།   །ཀུན་བཟང་དགོངས་པ་བརྙེས་དེར༴    །ཆོས་ཉིད་བྱ་རྩོལ་བྲལ་བའི་རང་བབས་སུ།   །བློ་འདས་གཉུག་མ་ཟང་ཐལ་རྒྱ་ཡན་ཀློང་།   །ནམ་མཁའ་རྣལ་འབྱོར་སྒོམ་མེད་ཡེངས་མེད་ངང་།   །རྟོགས་གྲོལ་དུས་མཉམ་གྱུར་ལ༴    །ནང་གསལ་ [96a] ལྷུན་གྲུབ་རིག་རྩལ་དག་པའི་མདངས།   །ལམ་སྣང་གཟུགས་སྐུར་ཤར་བའི་ངོ་མཚར་ཆོས།   །འོད་གསལ་ཐོད་རྒལ་ཡོན་ཏན་ཚད་ཕེབས་སར།   །མིག་འཕྲུལ་བཞིན་དུ་གཤེགས་ལ༴    །ཤེས་རབ་བདེ་སྟེར་དབྱིངས་ཕྱུག་ག་ག་དྷུས།   །ཨ་ཏིའི་གནད་བཀྲོལ་མཁའ་འགྲོའི་གསང་མཛོད་གཏད།   །དོན་མཆོག་རྒྱ་ཆེའི་ཕྱིར་དུ་ཟབ་གཏེར་གྱི།   །སྒོ་འཕར་དབྱེ་བར་བསྐུལ་ལ༴    །ཡེ་ཤེས་གཟིགས་པས་དག་སྣང་འབྱམས་སུ་ཀླས།   །འཛད་མེད་ཐུགས་གཏེར་དགོངས་པའི་ཀློང་ནས་བརྡོལ།   །མཁའ་འགྲོས་གཏད་རྒྱ་ས་ཡི་ཟབ་གཏེར་ཕྱུང་།   །གཏེར་འབྱིན་འཁོར་ལོས་སྒྱུར་ལ༴    །བླ་རྫོགས་ཐུགས་གསུམ་བསྐྱེད་རྫོགས་རྫོགས་པ་ཆེ།   །རྩ་བ་ཡན་ལག་ཕྲིན་ལས་ཁ་ཚར་བཅས།   །ངོ་མཚར་ཆོས་གཏེར་ནོར་བུའི་བང་མཛོད་ཀྱིས།   །སྐལ་བཟང་དགའ་སྟོན་སྤེལ་ལ༴    །རྩོལ་བཅས་ཐེག་པས་གདུལ་དཀའ་ཕྱི་དུས་འདིར།   །རྡོ་རྗེའི་ལུང་གིས་བསྔགས་པའི་བདེན་དོན་བཞིན།   །ངེས་གསང་སྙིང་པོ་ཨ་ཏི་རྫོགས་པ་ཆེའི།   །བསྟན་པའི་སྒྲོན་མེ་སྦར་ལ༴    །སྒེག་པའི་སྐུ་མཆོག་གོས་དཀར་ལྕང་ལོས་བརྗིད།   །དོ་ཧའི་གད་རྒྱང་དཔལ་གྱི་མགུར་ནས་ལེན།   །དགོངས་པའི་དྲོད་ཀྱིས་ལས་ཅན་ཤེས་རྒྱུད་དགྲོལ།   །བླ་མེད་ཧེ་རུ་ཀ་ལ༴    །ཆོས་ཀུན་བདེན་མེད་སྒྱུ་མ་ལྟར་ [96a] རྟོགས་ཤིང་།   །ཟང་ཐལ་རི་ག་པའི་དེ་ཉིད་གཟིགས་པའི་མཐུས།   །ཐོག་རེག་དངོས་པོ་ཀུན་ལས་ཐལ་བྱུང་བགྲོད།   །རྫུ་འཕྲུལ་མཐུ་ལྡན་ཁྱོད་ལ༴    །སྙིགས་དུས་བསྟན་དང་འགྲོ་ལ་རབ་འཚེ་བའི།   །མི་དང་མི་མིན་འདྲེ་རྒོད་འབྱུང་པོའི་དཔུང་།   །དྲག་ཤུལ་ནུས་སྟོབས་འབར་བས་ཚར་བཅད་ནས།   །ཕྱོགས་ལས་རྣམ་རྒྱལ་སྤྱོད་ལ༴    །དབང་བསྐུར་སྒྲུབ་མཆོད་ཚོགས་འཁོར་སོགས་ཀྱི་སྐབས།   །འཇའ་འོད་མེ་ཏོག་འཆར་འབེབས་དྲི་བཟང་འཐུལ།   །མཁའ་འགྲོའི་བརྡ་གླུ་དང་བཅས་སྐལ་ལྡན་རྣམས།   །ཡེ་ཤེས་སད་པར་མཛད་ལ༴    །མཐོང་ཐོས་དྲན་དང་ཆ་ཤས་རེག་པ་ཡང་།   །གཏན་གྱི་བདེ་བར་དབུགས་འབྱིན་ངེས་པར་སྩལ།   །ཆེ་བའི་ཡོན་ཏན་སྙན་པའི་གྲགས་པ་ཡིས།   །ནོར་འཛིན་ཁྱོན་ཀུན་ཁྱབ་ལ༴    །ཡེ་ཤེས་ཌཱ་ཀི་ལྔ་དང་སྦས་ཚུལ་གྱི།   །དམ་ཚིག་མཁའ་འགྲོ་མཁའ་མདའི་གྲངས་སོགས་ཀུན།   །ཆགས་ཆེན་ལམ་ལས་འབྲེལ་གྱུར་ཧེ་རུ་ཀའི།   །སྐལ་བ་མཉམ་པར་སྦྱོར་ལ༴    །བྱང་སེམས་རིགས་ཀྱི་གདུང་འཛིན་ཉེ་སྲས་བརྒྱད།   །འོད་ལུས་གྲུབ་པ་མཆོག་གི་བུ་བཅུ་གསུམ།   །རིག་འཛིན་ས་བརྙེས་བཅུ་ཕྲག་བརྒྱ་ལ་སོགས།   །གྲུབ་པའི་རྒྱལ་རབས་བསྐྲུན་ལ༴    །ཐུགས་བསྐྱེད་སྟོབས་སྨིན་གདུལ་བྱ་དུས་བབས་མཐུས།   །མངའ་རིས་དབུས་གཙང་ལྷོ་མོན་སྦས་པའི་ཡུལ།   །སྤུ་བོ་ [97a] དྭགས་ཀོང་མདོ་ཁམས་རྒྱ་བལ་ཚུན།   །ཟབ་གཏེར་ཕྲིན་ལས་བརྡལ་ལ༴    །གང་ཚེ་དངོས་ཀྱི་མཛད་པ་མཐར་ཕྱིན་ཅིང་།   །དོན་ཆེན་གཞན་ཉེ་བར་དགོངས་ནས་སུ།   །སྒྲ་འོད་ལ་སོགས་ངོ་མཚར་ལྟས་དང་བཅས།   །རྔ་ཡབ་དཔལ་རིར་གཤེགས་ལ༴    །པདྨ་བཀོད་མཛེད་ལ་སོགས་ཞིང་རྣམས་སུ།   །པདྨའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བའི་ཕྱིར།   །པདྨའི་རིགས་ཀྱི་མྱུ་གུ་ཆུ་ཟླའི་གར།   །བསམ་མི་ཁྱབ་པར་སྟོན་ལ༴    །མགོན་ཁྱོད་རྣམ་ཐར་ཡོན་ཏན་རྒྱ་མཚོའི་ཚུལ།   །གུས་པས་དྲན་ཏེ་གདུང་བས་གསོལ་འདེབས་ན།   །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས།   །ནམ་ཡང་འབྲལ་མེད་རྗེས་སུ་བཟུང་མཛད་གསོལ།   །བརྒྱུད་འཛིན་སྙིང་ནས་མོས་པའི་བུ་རྣམས་ལ།   །བརྩེ་བའི་ཞལ་སྟོན་དགྱེས་པའི་ལུང་མཆོག་སྩོལ།   །རྡོ་རྗེའི་ཡེ་ཤེས་ཆེན་པོའི་དབང་སྐུར་ལ།   །ཉིད་དང་དབྱེ་བ་མེད་པར་བྱིན་གྱིས་རློབས།   །གསང་བའི་ལམ་ལས་གདོད་མའི་རྒྱལ་ས་སྙོགས།   །ཟབ་མོའི་རིང་ལུགས་འཛམ་གླིང་ཀུན་ཏུ་སྤེལ།   །མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་ཐར་སྤྲིན།   །ཆོས་དབྱིངས་ཀུན་ཁྱབ་ཁྱོད་དང་མཚུངས་པར་ཤོག   །ཅེས་པའང་མོས་གུས་ཀྱི་ནོར་དང་ལྡན་པའི་དོན་གཉེར་ཅན་དུ་མས་བསྐུལ་བ་ལས།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྗོད་བདེའི་ངག་གིས་རྗེས་སུ་འདོམས་པ་བཞིན་བློ་གསལ་ཕྲིན་ལས་འགྱུར་མེད་ཀྱིས་ཡི་གེའི་ [97b] ལམ་དུ་སྤེལ་བར་བྱས་པ་སིདྡྷི་རསྟུ།།   །། 
༈     །བདུ༵ད་དཔུང་འཛོ༵མས་མཛད་ཟིལ་གནོན་པདྨ་ཡི།   །སྨོན་ལམ་རྡོ༵་ཡི་རི་མོ་ལྟར་བརླིངས་ཤིང་།   །རྗེ༵་འབངས་རིག་འཛིན་དག་པའི་བྱིན་རླབས་ལས།   །སྣ་ཚོགས་སྒྱུ་འཕྲུལ་སྟོན་ལ་གུས་ཕྱག་འཚལ།   །སྐྱེས་རབས་དུ་མའི་ལས་སྨོན་འབྲེལ་བའི་མཐུས།   །གཞོན་ནུའི་དུས་ནས་བླ་མ་ཡི་དམ་གྱི།   །སྐུ་དང་གསུང་གི་སྣང་བས་བྱིན་བརླབས་ཤིང་།   །དོན་བརྒྱུད་ཡེ་ཤེས་བརྙེས་ལ་གུས༴    །ཉིན་མཚན་སད་རྨིའི་འཁྲུལ་རྟོག་མཚན་མ་རྣམས།   །ཀ་དག་དབྱིངས་སུ་ཐིམ་པ་རང་སྣང་སྤྲིན།   །རྣམ་མང་དག་པའི་འཁོར་ལོར་ཡོངས་ཤར་ཏེ།   །ཅིར་སྣང་བདེ་བར་འབར་ལ༴    །བྱ་བྱེད་ལས་ཀྱི་དྲྭ་བ་ཇི་སྙེད་ཀྱང་།   །གཏད་མེད་ཡོངས་གྲོལ་རིག་པའི་རྩེ་འཇོ་རུ།   །མཉམ་པར་རྟོགས་ནས་རྩིས་གདབ་དང་བྲལ་བ།   །བརྟུལ་ཞུགས་སྒྱུ་མར་རོལ་ལ༴    །རྩ་གསུམ་ཀུན་འདུས་བླ་མ་ཧེ་རུ་ཀའི།   །བསྙེན་སྒྲུབ་རྣལ་འབྱོར་ཟབ་མོའི་རྒྱུན་བསྐྱང་པས།   །བསྲུང་དང་བསད་གོས་དགུག་དང་དབང་བྱེད་སོགས།   །ལས་བཞིའི་རྩལ་ཆེན་བརྙེས་ལ༴    །སྟོང་ཆེན་བདེ་གཤེགས་སྙིང་པོའི་ནང་དབྱིངས་སུ།   །རང་བབས་མཉམ་བཞག་གོམས་པའི་ལག་རྗེས་སུ།   །དངོས་སྣང་འཁྲུལ་པའི་རྫོང་ཆེན་སྒྱུ་མར་ཞིག   །བློ་འདས་རྒྱལ་ས་ཟིན་ལ༴    ། [98a] ཕྱི་རོལ་རི་བྲག་ནང་དུ་རང་སེམས་ཀྱི།   །སྣང་སེམས་སྣ་ཚོགས་ཆོས་ཀྱི་བང་མཛོད་དུ།   །གྱུར་ནས་གང་ལ་གང་འཚམས་མན་ངག་གིས།   །འགྲོ་བའི་རེ་སྐོང་མཛད་ལ༴    །ནད་དང་དབུལ་ཕོངས་གདོན་གྱིས་གཙེས་པ་སོགས།   །ཉམ་ཐག་ལུས་ཅན་མང་པོར་རྫས་སྔགས་དང་།   །ཏིང་འཛིན་དམིགས་པའི་མཐུ་ཡིས་ཕན་བཏགས་ཤིང་།   སྲོག་འཚོའི་བདུད་རྩི་སྩལ་ལ༴    །མཐོང་ཐོས་བསྙེན་བཀུར་བསྟབ་དང་དྲུང་གནས་སོགས།   །བཟང་ངན་ལས་ཀྱི་འབྲེལ་བས་བསྡུས་སོ་འཚལ།   །དོན་ལྡན་ཉིད་དུ་གསུང་གིས་ཞལ་བཞེས་པ།   །འཇིགས་མེད་གདངས་མཐོན་སྒྲོགས་ལ༴    །ཐོས་པས་གྲོལ་བ་པད་འབྱུང་མཚན་གྱི་རྔ།   །མཐོན་པོར་བརྡུང་བའི་སྒྲ་དབྱངས་ཡུལ་མཐའ་འདིར།   །དབྱར་སྐྱེས་འབྲུག་ལྟར་ལྡིར་བའི་དགེ་མཚན་གྱིས།   །འགྲོ་མང་ཁ་ལོ་བསྒྱུར་ལ་གུས་ཕྱག་འཚལ།   །བསྟོད་ཚིག་མེ་ཏོག་མོས་པའི་སོར་རྩེ་ཡིས།   །ཕྲེང་བར་བརྒྱུས་འདིས་དཔལ་ལྡན་བླ་མ་ལ།   །རི་མོར་བགྱིས་པའི་ལེགས་བྱས་ཟླ་སྣང་གིས།   །ཕན་བདེའི་ཨུཏྤལ་འདབ་རྒྱ་གྲོལ་གྱུར་ཅིག   །ཅེས་པའང་སྤུན་ཟླ་སྤྲུལ་སྐུ་དྲི་མེད་ཀྱི་ངོར་མི་རྒན་འདུ་གསུམ་པ་འཇིགས་མེད་བསྟན་པའི་ཉི་མས་སོ།།   །།  [98b] དེ་ནས་ཟབ་མོའི་རྒྱུད་དང་གཟུངས་སྔགས་མདོ་སྡེའི་སྙིང་པོ་རྣམས་ཀྱི་རིམ་པ་ནི།    རྒྱ་གར་སྐད་དུ།   ཨཱརྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི།   བོད་སྐད་དུ།   འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ།   འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།   །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།   །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག   །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ།   །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ།   །པདྨ་དཀར་པོ་རྒྱས་འདྲའི་སྤྱན།   པདྨ་རྒྱས་འདྲའི་ཞལ་མངའ་བ།   །རང་གི་ལག་གིས་རྡོ་རྗེ་མཆོག   །ཡང་དང་ཡང་དུ་གསོར་བྱེད་པ།   །ཁྲོ་གཉེར་རིམ་པར་ལྡན་ལ་སོགས།   །ལག་ན་རྡོ་རྗེ་མཐའ་ཡས་པ།   །དཔའ་བོ་གདུལ་དཀའ་འདུལ་བ་པོ།   །འཇིགས་སུ་རུང་དང་དཔའ་བྱད་ཅན།   །རྡོ་རྗེ་རྩེ་མོ་རབ་འཕྲོ་བ།   །རང་གི་ལག་གིས་གསོར་བྱེད་པ།   །སྙིང་རྗེ་ཆེ་དང་ཤེས་རབ་དང་།   །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག   །དགའ་མགུ་རངས་པའི་བསམ་པ་ཅན།   །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ།   །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།   །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།   །དེ་བཞིན་གཤེགས་པ་བཅོམ་ལྡན་འདས།   །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས།   །ཐལ་མོ་སྦྱར་ [99a] བ་བྱས་ནས་ནི།   །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།   །ཁྱབ་བདག་བདག་ལ་སྨན་པ་དང་།   །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།   །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི།   །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད།   །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་།   །མི་ཤེས་འདམ་དུ་བྱིང་བ་ཡི།   །སེམས་ཅན་ཀུན་ལ་སྨན་པ་དང་།   །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།   །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།   །འགྲོ་བའི་བླ་མ་སྟོན་པ་པོ།   །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།   །དབང་པོ་བསམ་པ་མཁྱེན་མཆོག་གིས།   །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།   །གཙུག་ཏོར་ཆེན་པོ་ཚིག་གི་བདག   །ཡེ་ཤེས་སྐུ་སྟེ་རང་བྱུང་བ།   །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།   །མིང་ནི་ཡང་དག་བརྗོད་པའི་མཆོག   །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།   །དོན་ཆེན་མཚུངས་མེད་རབ་ཞི་བ།   །ཐོག་མ་བར་དང་མཐར་དགེ་བ།   །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།   །མ་འོངས་རྣམས་ཀྱང་གསུང་འགྱུར་ལ།   །ད་ལྟར་བྱུང་བའི་རྫོགས་སངས་རྒྱས།   །ཡང་དང་ཡང་དུ་གསུང་པ་གང་།   །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས།   །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་།   ། [99b] དཔག་མེད་རྣམས་ཀྱིས་དགའ་བཞིན་དུ།   །གླུར་བླངས་གང་ལགས་བཤད་དུ་གསོལ།   །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི།   །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར།   །ངེས་པར་འབྱུང་གི་བར་དུ་ནི།   །བདག་གི་བསམ་པ་བརྟན་པོས་བཟུང་།   །ཉོན་མོངས་མ་ལུས་བསལ་བ་དང་།   །མི་ཤེས་མ་ལུས་སྤང་བའི་ཕྱིར།   །བསམ་པའི་ཁྱད་པར་ཇི་བཞིན་དུ།   །སེམས་ཅན་རྣམས་ལ་བཤད་པར་འཚལ།   །གསང་དབང་ལག་ན་རྡོ་རྗེ་ཡིས།   །དེ་བཞིན་གཤེགས་ལ་དེ་སྐད་དུ།   །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ།   །ལུས་བཏུད་ནས་ནི་སྤྱན་སྔར་འདུག   །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།   །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག  །   ཉིད་ཀྱི་ཞལ་ནས་ལྗགས་བཟང་བ།   །རིང་ཞིང་ཡངས་པ་བརྐྱང་མཛད་དེ།   །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་།   །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ།   །སེམས་ཅན་རྣམས་ཀྱི་ངན་སོང་གསུམ།   །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས།   །ཚངས་པའི་གསུང་ནི་སྙན་པ་ཡིས།   །འཇིག་རྟེན་གསུམ་པོ་ཀུན་བཀང་ནས།   །ལག་ན་རྡོ་རྗེ་སྟོབས་པོ་ཆེ།   །གསང་དབང་ལ་ནི་སླར་གསུངས་པ།   །སྙིང་རྗེ་ཆེ་དང་ལྡན་གྱུར་བས།   ། [100a] འགྲོ་ལ་ཕན་པའི་དོན་དུ་ཁྱོད།   །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།   །མིང་བརྗོད་པ་ནི་དོན་ཆེ་བ།   །དག་པར་བྱེད་ཅིང་སྡིག་སེལ་བ།   །ང་ལས་ཉན་པར་བརྩོན་པ་ནི།   །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་།   །ལག་ན་རྡོ་རྗེ་ཁྱོད་ལེགས་སོ།   །གསང་བའི་བདག་པོ་དེ་ཕྱིར་ངས།   །ཁྱོད་ལ་ལེགས་པར་བསྟན་པར་བྱ།   །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།   །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ།   །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ།   །གསང་སྔགས་རིགས་ཆེན་ཐམས་ཅད་དང་།   །གསང་སྔགས་རིག་སྔགས་འཆང་བའི་རིགས།   །རིགས་གསུམ་ལ་ནི་རྣམ་པར་གཟིགས།   །འཇིག་རྟེན་འཇིག་རྟེན་འདས་པའི་རིགས།   །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་།   །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་།   །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས།   །ཚིག་གི་བདག་པོས་ཚིགས་སུ་བཅད།   །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་།   །གཉིས་སུ་མེད་པར་འབྱུང་བ་དང་།   །མི་སྐྱེའི་ཆོས་ཅན་འདི་གསུངས་པ།   ཨ་ཨཱ།   ཨི་ཨཱི།   ཨུ་ཨཱུ།   ཨེ་ཨཻ།   ཨོ་ཨཽ།   ཨཾ་ཨཿ   སྠི་ཏོ་ཧྲཱི་དི།   ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷོ།   བུདྡྷཱ་ [100b] ནཱཾ་ཏྲྱ་ངྷྭ་བརྟྟཱི་ནཱ་མ།   ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེ་ད།   པྲཛྙཱ་ཛྙཱ་ན་མཱུ་རྟྟ་ཡེ།   ཛྙཱ་ན་ཀཱ་ན་མཱུ་རྟྟ་ཡེ།   ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ   འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།   །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་།   །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག   །དོན་ཆེན་ཡི་གེ་དམ་པ་ཡིན།   །ཁོང་ནི་འབྱུང་བ་སྐྱེ་བ་མེད།   །ཚིག་ཏུ་བརྗོད་པ་སྤངས་པ་སྟེ།   །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག   །ཚིག་ཀུན་རབ་ཏུ་གསལ་བར་བྱེད།   །མཆོད་པ་ཆེན་པོ་འདོད་ཆགས་ཆེ།   །སེམས་ཅན་ཐམས་ཅད་དགའ་བར་བྱེད།   །མཆོད་པ་ཆེན་པོ་ཞེ་སྡང་ཆེ།   །ཉོན་མོངས་ཀུན་གྱི་དགྲ་ཆེ་བ།   །མཆོད་པ་ཆེན་པོ་གཏི་མུག་ཆེ།   །གཏི་མུག་བློ་སྟེ་གཏི་མུག་སེལ།   །མཆོད་པ་ཆེན་པོ་ཁྲོ་བ་ཆེ།   །ཁྲོ་བ་ཆེན་པོ་དགྲ་ཆེ་བ།   །མཆོད་པ་ཆེན་པོ་ཆགས་པ་ཆེ།   །ཆགས་པ་ཐམས་ཅད་སེལ་བར་བྱེད།   །འདོད་པ་ཆེན་པོ་བདེ་བ་ཆེ།   །དགའ་བ་ཆེན་པོ་མགུ་བ་ཆེ།   །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ།   །ཁ་དོག་ཆེ་ཞིང་ལུས་བོང་ཆེ།   །མིང་ཡང་ཆེ་ཞིང་རྒྱ་ཆེ་བ།   །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།   །ཤེས་རབ་མཚོན་ཆེན་འཆང་བ་སྟེ།   །ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག   །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ།   །སྣང་བ་ཆེན་པོ་གསལ་བ་ཆེ།   །མཁས་པ་སྒྱུ་འཕྲུལ་ [101a] ཆེན་པོ་འཆང་།   །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ།   །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ།   །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན།   །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ།   །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག   །བཟོད་ཆེན་འཆང་བ་བརྟན་པ་པོ།   །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན།   །བསམ་གཏན་ཆེན་པོའི་ཏིང་འཛིན་གནས།   །ཤེས་རབ་ཆེན་པོའི་ལུས་འཆང་བ།   །སྟོབས་པོ་ཆེ་ལ་ཐབས་ཆེ་བ།   །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ།   །བྱམས་ཆེན་རང་བཞིན་དཔག་ཏུ་མེད།   །སྙིང་རྗེ་ཆེན་པོ་བློ་ཡི་མཆོག   །ཤེས་རབ་ཆེན་པོ་བློ་ཆེན་ལྡན།   །མཁས་པ་ཆེན་པོ་ཐོབས་ཆེ་བ།   །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན།   །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ།   །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།   །སྟོབས་ཆེན་ཕ་རོལ་གནོན་པ་པོ།   །སྲིད་པའི་རི་བོ་ཆེན་པོ་འཇོམས།   །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་།   །དྲག་པོ་ཆེན་པོ་དྲག་ཤུལ་ཆེ།   །འཇིགས་ཆེན་འཇིགས་པར་བྱེད་པ་པོ།   །མགོན་པོ་རིག་མཆོག་ཆེན་པོ་སྟེ།   །བླ་མ་གསང་སྔགས་ཆེ་བའི་མཆོག   །ཐེག་པ་ཆེན་པོའི་ཚུལ་ལ་གནས།   །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག   །སངས་རྒྱས་རྣམ་པར་སྣང་མཛད་ཆེ།   །ཐུབ་པ་ཆེན་པོ་ [101b] ཐུབ་ཆེན་ལྡན།   །གསང་སྔགས་ཚུལ་ཆེན་ལས་བྱུང་བ།   །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན།   །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།   །ཕ་རོལ་ཕྱིན་པ་བཅུ་ལ་གནས།   །ཕ་རོལ་ཕྱིན་བཅུ་དག་པ་སྟེ།   །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།   །མགོན་པོ་ས་བཅུའི་དབང་ཕྱུག་སྟེ།   །ས་བཅུ་ལ་ནི་གནས་པ་པོ།   །ཤེས་བཅུ་རྣམ་དག་བདག་ཉིད་ཅན།   །ཤེས་བཅུ་རྣམ་དག་འཆང་བ་པོ།   །རྣམ་པ་བཅུ་པོ་དོན་བཅུའི་དོན།   །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག   །ཀུན་གྱི་དོན་ནི་མ་ལུས་བྱེད།   །རྣམ་བཅུ་དབང་ལྡན་ཆེ་བ་པོ།   །ཐོག་མ་མེད་པ་སྤྲོས་མེད་བདག   །དེ་བཞིན་ཉིད་བདག་དག་པའི་བདག   །བདེན་པར་སྨྲ་ཞིང་ཚིག་མི་འགྱུར།   །ཇི་སྐད་སྨྲས་པ་དེ་བཞིན་བྱེད།   །གཉིས་སུ་མེད་དང་གཉིས་མེད་སྟོན།   །ཡང་དག་མཐའ་ལ་རྣམ་པར་གནས།   །བདག་མེད་སེང་གེའི་སྒྲ་དང་ལྡན།   །མུ་སྟེགས་རི་དྭགས་ངན་འཇིགས་བྱེད།   །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས།   །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས།   །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ།   །འཁོར་ལོ་སྒྱུར་བ་སྟོབས་པོ་ཆེ།   །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག   །ཚོགས་རྗེ་ཚོགས་བདག་དབང་དང་ལྡན།   །མཐུ་ཆེན་གཅེས་པར་འཛིན་པ་སྟེ།   ། [102a] ཚུལ་ཆེན་གཞན་གྱི་དྲིང་མི་འཇོག   །ཚིག་རྗེ་ཚིག་བདག་སྨྲ་མཁས་པ།   །ཚིག་ལ་དབང་བ་ཚིག་མཐའ་ཡས།   །ཚག་བདེན་པ་དང་བདེན་པར་སྨྲ།   །བདེན་པ་བཞི་ནི་སྟོན་པ་པོ།   །ཕྱིར་མི་ལྡོག་པ་ཕྱིར་མི་འོང་།   །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ།   །ངེས་འབྱུང་སྣ་ཚོགས་ལས་བྱུང་བ།   །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ།   །དགེ་སློང་དགྲ་བཅོམ་ཟག་པ་ཟད།   །འདོད་ཆགས་བྲལ་བས་དབང་པོ་ཐུལ།   །བདེ་བ་རྙེད་པས་འཇིགས་མེད་ཐོབ།   །བའིལ་བར་གྱུར་པས་རྙོག་པ་མེད།   །རིག་པ་དང་ནི་རྐང་པར་ལྡན།   །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག   །བདག་གིར་མི་འཛིན་ངར་མི་འཛིན།   །བདེན་པ་གཉིས་ཀྱི་ཚུལ་ལ་གནས།   །འཁོར་བའི་ཕ་རོལ་མཐར་སོན་པ།   །བྱ་བ་བྱས་པ་སྐམ་སར་གནས།   །ཤེས་པ་འབའི་ཞིག་ངེས་བསལ་བ།   །ཤེས་རབ་མཚོན་ཆས་རྣམ་འཇོམས་པ།   །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན།   །འཇིག་རྟེན་སྣང་བར་བྱེད་པའི་མཆོག   །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།   །ལེགས་པའི་ལམ་ནི་སྟོན་པ་པོ།   །དོན་གྲུབ་བསམ་པ་འགྲུབ་པ་སྟེ།   །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།   །རྣམ་པར་མི་རྟོག་དབྱིངས་མི་ཟད།   ། [102b] ཆོས་དབྱིངས་དམ་པ་ཟད་མི་ཤེས།   །བསོད་ནམས་ལྡན་པ་བསོད་ནམས་ཚོགས།   །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ།   །ཡེ་ཤེས་ལྡན་པ་ཡོད་མེད་ཤེས།   །ཚོགས་གཉིས་ཚོགས་ནི་བསགས་པ་པོ།   །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན།   །བསམ་གཏན་བསམ་བྱ་བློ་ལྡན་མཆོག   །སོ་སོ་རང་རིག་མི་གཡོ་བ།   །མཆོག་གི་དང་པོ་སྐུ་གསུམ་འཆང་།   །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།   །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག   །སངས་རྒྱས་ལྔ་བདག་ཅོད་པན་ཅན།   །སྤྱན་ལྔ་ཆགས་པ་མེད་པ་འཆང་།   །སངས་རྒྱས་ཐམས་ཅད་སྐྱེད་པ་པོ།   །སངས་རྒྱས་སྲས་པོ་དམ་པའི་མཆོག   །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད།   །ཆོས་ལས་འབྱུང་བ་སྲིད་པ་སེལ།   །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག   །སྐྱེས་མ་ཐག་ཏུ་འགྲོ་བའི་བདག   །ནམ་མཁའ་ལས་བྱུང་རང་བྱུང་བ།   །ཤེས་རབ་ཡེ་ཤེས་མེ་བོ་ཆེ།   །འོད་ཆེན་རྣམ་པར་སྣང་བར་བྱེད།   །ཡེ་ཤེས་སྣང་བ་ལམ་མེ་བ།   །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན།   །གཟི་བརྗིད་ཆེན་པོ་འོད་གསལ་བ།   །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ།   །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།   །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག   །ནམ་མཁའི་བདག་ [103a] པོ་སྣ་ཚོགས་སྟོན།   །སངས་རྒྱས་ཀུན་བདག་དངོས་པོ་མཆོག   །འགྲོ་ཀུན་དགའ་བའི་མིག་དང་ལྡན།   །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ།   །མཆོད་ཅིང་རྗེད་པ་དྲང་སྲོང་ཆེ།   །རིགས་གསུམ་འཆང་བ་གསང་སྔགས་ཅན།   །དམ་ཚིག་ཆེན་པོ་གསང་སྔགས་འཛིན།   །གཙོ་བོ་དཀོན་མཆོག་གསུམ་འཛིན་པ།   །ཐེག་པ་མཆོག་གསུམ་སྟོན་པ་པོ།   །དོན་ཡོད་ཞགས་པ་རྣམ་པར་རྒྱལ།   །འཛིན་པ་ཆེན་པོ་རྡོ་རྗེ་ཞགས།   །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ།   །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད།   །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།   །མིག་དྲུག་ལག་དྲུག་སྟོབས་དང་ལྡན།   །ཀེང་རུས་མཆེ་བ་གཙིགས་པ་པོ།   །ཧ་ལ་ཧ་ལ་གདོང་བརྒྱ་པ།   །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།   །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ།   །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་།   །སྒྱུ་འཕྲུལ་རྡོ་རྗེ་གསུང་པོ་ཆེ།   །རྡོ་རྗེ་ལ་སྐྱེས་རྡོ་རྗེའི་བདག   །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ།   །མི་གཡོ་རལ་པ་གཅིག་གིས་བསྒྱིངས།   །གླང་ཆེན་ཀོ་རློན་གོས་སུ་གྱོན།   །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ།   །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད།   །གད་མོ་ཆེན་པོ་གད་རྒྱངས་ཅན།   །རྡོ་རྗེ་གད་མོ་ཆེར་སྒྲོགས་པ།   །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།   །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ།   །རྡོ་རྗེ་དྲག་ [103b] པོ་དགའ་བ་ཆེ།   །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས།   །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ།   །རྡོ་རྗེའི་རལ་གྲིས་མ་ལུས་གཅོད།   །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།   །རྡོ་རྗེ་གཅིག་བུ་གཡུལ་སེལ་བ།   །རྡོ་རྗེ་འབར་བ་མིག་མི་བཟད།   །སྐྲ་ཡང་རྡོ་རྗེ་འབར་བ་སྟེ།   །རྡོ་རྗེ་འབེབས་པ་འབེབས་པ་ཆེ།   །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག   །ལུས་ནི་རྡོ་རྗེའི་བ་སྤུ་ཅན།   །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས།   །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ།   །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས།   །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན།   རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ།   །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས།   །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།   །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ།   །འཇིག་རྟེན་གསུམ་ན་སྒྲ་གཅིག་པ།   །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ།   །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག   །ཡང་དག་བདག་མེད་དེ་བཞིན་ཉིད།   །ཡང་དག་མཐའ་སྟེ་ཡི་གེ་མེད།   །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།   །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ།   །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།   །ཆོས་ཀྱི་གཎྜི་སྒྲ་བོ་ཆེ།   །མི་གནས་མྱ་ངན་འདས་པ་པོ།   །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ།   །གཟུགས་མེད་གཟུགས་བཟང་དམ་པ་སྟེ།   །སྣ་ཙོགས་གཟུགས་ཅན་ཡིད་ལས་སྐྱེས།   །གཟུགས་རྣམས་ཐམས་ [104a] ཅད་སྣང་བའི་དཔལ།   །གཟུགས་བརྙན་མ་ལུས་འཆང་བ་པོ།   །ཚུགས་པ་མེད་ཅིང་ཆེ་བར་གྲགས།   །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ།   །འཕགས་ལམ་ཤིན་ཏུ་མཐོ་ལ་གནས།   །དར་བ་ཆེན་པོ་ཆོས་ཀྱི་ཏོག   །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག   །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག   །སུམ་ཅུ་རྩ་གཉིས་མཚན་འཆང་བ།   །སྡུག་གུ་འཇིག་རྟེན་གསུམ་ན་མཛེས།   །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ།   །འཇིག་རྟེན་སློབ་དཔོན་འཇིགས་པ་མེད།   །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ།   །སྐྱབས་དང་སྐྱོབས་པ་བླ་ན་མེད།   །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ།   །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ།   །མ་རིག་སྒོ་ངའི་སྦུབས་འབྱེད་པ།   །སྲིད་པའི་དྲྭ་བ་འཇོམས་པ་པོ།   །ཉོན་མོངས་མ་ལུས་ཞི་བྱེད་པ།   །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན།   །ཡེ་ཤེས་དབང་བསྐུར་ཅོད་པན་ཅན།   །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས།   །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།   །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ།   །སྒྲིབ་པ་ཀུན་ལས་ངེས་པར་གྲོལ།   །མཁའ་ལྟར་མཉམ་པ་ཉིད་ལ་གནས།   །ཉོན་མོངས་དྲི་མ་ཀུན་ལས་འདས།   ། [104b] དུས་གསུམ་དུས་མེད་རྟོགས་པ་པོ།   །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ།   །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད།   །ཉོན་མོངས་ཀུན་ལས་རྣམ་གྲོལ་བ།   །ནམ་མཁའི་ལམ་ལ་རབ་གནས་པ།   །ཡིད་བཞིན་ནོར་བུ་ཆེན་པོ་འཆང་།   །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག   །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ།   །བུམ་པ་བཟང་པོ་ཆེ་བའི་མཆོག   །བྱེད་པ་སེམས་ཅན་ཀུན་དོན་བྱེད།   །ཕན་འདོད་སེམས་ཅན་མཉེས་གཤིན་པ།   །བཟང་ངན་ཤེས་ཤིང་དུས་ཤེས་ལ།   །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན།   །དུས་ཤེས་སེམས་ཅན་དབང་པོ་ཤེས།   །རྣམ་གྲོལ་གསུམ་ལ་མཁས་པ་པོ།   །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།   །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་།   །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།   །གྲགས་པ་བཀྲ་ཤིས་སྙན་གྲགས་དགེ།   །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།   །དགའ་ཆེན་རོལ་མོ་ཆེན་པོ་སྟེ།   །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།   །མཆོག་ཏུ་དགའ་བ་གྲགས་བདག་དཔལ།   །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ།   །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས།   །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག   །འཇིགས་པ་མ་ལུས་སེལ་བ་པོ།   །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན།   །རལ་པ་མུན་ཛ་ཅོད་པན་ [105a] ཐོགས།   །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན།   །ཟུར་ཕུད་ལྔ་པ་མེ་ཏོག་ཐོད།   །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ།   །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག   །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ།   །གཙང་གནས་དམ་པ་གོའུ་ཏམ།   །བྲམ་ཟེ་ཚངས་པ་ཚངས་པ་ཤེས།   །མྱ་ངན་འདས་པ་ཚངས་པ་ཐོབ།   །གྲོལ་བ་ཐར་པ་རྣམ་གྲོལ་ལུས།   །རྣམ་གྲོལ་ཞི་བ་ཞི་བ་ཉིད།   །མྱ་ངན་འདས་ཞི་མྱ་ངན་འདས།   །ལེགས་པར་མྱ་ངན་འདས་དང་ཉེ།   །བདེ་སྡུག་སེལ་བ་མཐར་གྱུར་པ།   །ཆགས་བྲལ་ལུས་ལས་འདས་པ་པོ།   །ཐུབ་པ་མེད་པ་དཔེ་མེད་པ།   །མི་མངོན་མི་སྣང་གསལ་བྱེད་མིན།   །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།   །ཕྲ་ཞིང་ཟག་མེད་ས་བོན་བྲལ།   །རྡུལ་མེད་རྡུལ་བྲལ་དྲི་མ་མེད།   །ཉེས་པ་སྤངས་པ་སྐྱོན་མེད་པ།   །ཤིན་ཏུ་སད་པ་སད་པའི་བདག   །ཀུན་ཤེས་ཀུན་རིག་དམ་པ་པོ།   །རྣམ་པར་ཤེས་པའི་ཆོས་ཉིད་འདས།   །ཡེ་ཤེས་གཉིས་མེད་ཚུལ་འཆང་བ།   །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།   །དུས་གསུམ་སངས་རྒྱས་ལས་བྱེད་པ།   །སངས་རྒྱས་ཐོག་མ་ཐ་མ་མེད།   །དང་པོའི་སངས་རྒྱས་རྒྱུ་མེད་པ།   །ཡེ་ཤེས་མིག་གཅིག་དྲི་མ་མེད།   །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།   ། [105b] ཚིག་གི་དབང་ཕྱུག་སྨྲ་བ་ཆེ།   །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ།   །སྨྲ་བའི་དམ་པ་མཆོག་གི་གནས།   །སྨྲ་བའི་སེང་གེ་ཚུགས་པ་མེད།   །ཀུན་ཏུ་ལྟ་བས་མཆོག་ཏུ་དགའ།   །གཟི་བརྗིད་ཕྲེང་བ་བལྟ་ན་སྡུག   །འོད་བཟང་འབར་བ་དཔལ་གྱི་བེའུ།   །ལག་ན་འོད་འབར་སྣང་བ་པོ།   །སྨན་པ་ཆེ་མཆོག་གཙོ་བོ་སྟེ།   །ཟུག་རྔུ་འབྱིན་པ་བླ་ན་མེད།   །སྨན་རྣམས་མ་ལུས་ལྗོན་པའི་ཤིང་།   །ནད་དོ་ཅོག་གི་དགྲ་ཆེ་བ།   །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག   །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།   །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པར།   ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།   །འགྲོ་ན་གདུགས་གཅིག་ཡངས་པ་སྟེ།   །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན།   །དཔལ་ལྡན་པདྨ་གར་གྱི་བདག   །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།   །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ།   །སངས་རྒྱས་ཀུན་གྱི་སྐུ་འཆང་བ།   །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ།   །སངས་རྒྱས་ཀུན་གྱི་བསྟན་པ་གཅིག   །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།   །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།   །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག   །རྡོ་རྗེ་འཆང་བ་ཀུན་གྱི་རྗེ།   །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།   ། [106a] སངས་རྒྱས་ཀུན་གྱི་ཐུགས་ལ་གནས།   །སངས་རྒྱས་ཀུན་གྱི་སྐུ་ཆེ་བ།   །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན།   །རྡོ་རྗེ་ཉི་མ་སྣང་བ་ཆེ།   །རྡོ་རྗེ་ཟླ་བ་དྲི་མེད་འོད།   །ཆགས་བྲལ་ལ་སོགས་ཆགས་པ་ཆེ།   །ཁ་དོག་སྣ་ཚོགས་འབར་བའི་འོད།   །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།   །སངས་རྒྱས་འགྲོ་བའི་ཆོས་འཛིན་པ།   །དཔལ་ལྡན་སངས་རྒྱས་པདྨ་སྐྱེས།   །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།   །རྒྱལ་པོ་སྒྱུམ་འཕྲུལ་སྣ་ཚོགས་འཆང་།   །ཆེ་བ་སངས་རྒྱས་རིགས་སྔགས་འཆང་།   །རྡོ་རྗེ་རྣོན་པོ་རལ་གྲི་ཆེ།   །ཡི་གེ་མཆོག་སྟེ་རྣམ་པར་དག   །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད།   །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས།   །རྡོ་རྗེ་ཟབ་མོ་ཛི་ན་ཛིཀ   །   རྡོ་རྗེ་བློ་གྲོས་དེ་བཞིན་རིག   །ཕ་རོལ་ཕྱིན་པ་ཀུན་རྫོགས་པ།   །ས་རྣམས་ཀུན་གྱི་རྒྱན་དང་ལྡན།   །རྣམ་པར་དག་པ་བདག་མེད་ཆོས།   །ཡང་དག་ཡེ་ཤེས་ཟླ་འོད་བཟང་།   །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ།   །རྒྱད་ཀུན་གྱི་ནི་བདག་པོ་མཆོག   །རྡོ་རྗེ་གདན་ནི་མ་ལུས་ལྡན།   །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་།   །ཀུན་ཏུ་བཟང་པོ་བློ་གྲོས་བཟང་།   །ས་ཡི་སྙིང་པོ་འགྲོ་བ་འཛིན།   །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ།   ། [106b] སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་།   །དངོས་པོ་ཀུན་གྱི་རང་བཞིན་མཆོག   །དངོས་པོ་ཀུན་གྱི་རང་བཞིན་འཛིན།   །སྐྱེ་མེད་ཆོས་དེ་སྣ་ཚོགས་དོན།   །ཆོས་ཀུན་ངོ་བོ་ཉིད་འཆང་བ།   །ཤེས་རབ་ཆེན་པོས་སྐད་ཅིག་ལ།   །ཆོས་ཀུན་ཁོང་དུ་ཆུད་པ་འཆང་།   །ཆོས་ཀུན་མངོན་པར་རྟོགས་པ་སྟེ།   །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ།   །མི་གཡོ་རབ་ཏུ་དང་བའི་བདག   །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་།   །སངས་རྒྱས་ཀུན་གྱི་མངོན་སུམ་པ།   །ཡེ་ཤེས་མེ་ལྕེ་འོད་རབ་གསལ།   །འདོད་པའི་དོན་གྲུབ་དམ་པ་སྟེ།   །ངན་སོང་ཐམས་ཅད་རྣམ་སྦྱོང་བ།   །མགོན་པོ་སེམས་ཅན་ཀུན་གྱི་མཆོག   །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད།   །ཉོན་མོངས་གཡུལ་དུ་གཅིག་དཔའ་བ།   །མི་ཤེས་དགྲ་ཡི་དྲེགས་པ་འཇོམས།   །བློ་ལྡན་སྒེག་འཆང་དཔལ་དང་ལྡན།   །བརྟན་པོ་མི་སྡུག་གཟུགས་འཆང་བ།   །ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང་།   །གོམ་པའི་སྟབས་ཀྱིས་གར་བྱེད་པ།   །དཔལ་ལྡན་ལག་པ་བརྒྱས་གང་ལ།   །ནམ་མཁའ་ཁྱབ་པར་གར་བྱེད་པ།   །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན།   །རྐང་པ་ཡ་གཅིག་མཐིལ་གྱིས་གནོན།   །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་།   ཚངས་པའི་ཡུལ་ས་རྩེ་ནས་གནོན།   །དོན་ [107a] གཅིག་གཉིས་མེད་ཆོས་ཀྱི་དོན།   །དམ་པའི་དོན་ནི་འཇིགས་པ་མེད།   །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།   །སེམས་དང་རྣམ་ཤེས་རྒྱུད་དང་ལྡན།   །དངོས་དོན་མ་ལུས་རྣམས་ལ་དགའ།   །སྟོང་པ་ཉིད་དགའ་འདོད་ཆགས་བློ།   །སྲིད་པའི་འདོད་ཆགས་སོགས་སྤངས་པ།   །སྲིད་གསུམ་དགའ་བ་ཆེན་པོ་སྟེ།   །སྤྲིན་དཀར་དག་པ་བཞིན་དུ་དཀར།   །འོད་བཟང་སྟོན་ཀའི་ཟླ་བའི་འོད།   །ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས།   །སེན་མོའི་འོད་ནི་ཤས་ཆེར་དམར།   །ཅོད་པན་བཟང་པོ་མཐོན་ཀའི་རྩེ།   །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་།   །ནོར་བུ་ཆེན་པོ་འོད་ཆགས་དཔལ།   །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན།   །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ།   །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན།   །དེ་ཉིད་དྲན་པ་ཆེན་པོ་འཆང་།   །དྲན་པ་བཞི་པོ་ཏིང་འཛིན་རྒྱལ།   །བྱང་ཆུབ་ཡན་ལག་མེ་ཏོག་སྤོས།   །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ།   །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག   །ཡང་དག་སངས་རྒྱས་ལམ་རིག་པ།   །སེམས་ཅན་ཀུན་ལ་ཤས་ཆེར་ཆགས།   །ནམ་མཁའ་ལྟ་བུར་ཆགས་པ་མེད།   །སེམས་ཅན་ཀུན་གྱི་ཡིད་ལ་འཇུག   །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས།   །སེམས་ཅན་ཀུན་གྱི་དབང་དོན་ཤེས།   ། [107b] སེམས་ཅན་ཀུན་གྱི་ཡིད་འཕྲོག་པ།   །ཕུང་པོ་ལྔ་དོན་དེ་ཉིད་ཤེས།   །རྣམ་དག་ཕུང་པོ་ལྔ་འཆང་བ།   །ངེས་འབྱུང་ཀུན་གྱི་མཐའ་ལ་གནས།   །ངེས་པར་འབྱུང་བ་ཀུན་ལ་མཁས།   །ངེས་འབྱུང་ཀུན་གྱི་ལམ་ལ་གནས།   །ངེས་པར་འབྱུང་བ་ཀུན་སྟོན་པ།   །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།   །དག་པ་རྣམ་པ་བཅུ་གཉིས་འཆང་།   །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན།   །ཤེས་པ་བརྒྱད་པོ་རྟོགས་པ་འཆང་།   །བདེན་དོན་རྣམ་པ་བཅུ་གཉིས་ལྡན།   །དེ་ཉིད་རྣམ་པ་བཅུ་དྲུག་རིག   །རྣམ་པ་ཉི་ཤུས་བྱང་ཆུབ་པ།   །རྣམ་པར་སངས་རྒྱས་ཀུན་རིག་མཆོག   །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།   །བྱེ་བ་དཔག་མེད་འགྱེད་པ་པོ།   །སྐད་ཅིག་ཐམས་ཅད་མངོན་པར་རྟོགས།   །སེམས་ཀྱི་སྐད་ཅིག་དོན་ཀུན་རིག   །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།   །འགྲོ་བའི་དོན་ལ་རྟོགས་པ་པོ།   །ཐེག་པ་གསུམ་གྱི་ངེས་འབྱུང་ལ།   །ཐེག་པ་གཅིག་གི་འབྲས་བུར་གནས།   །ཉོན་མོངས་ཁམས་རྣམས་དག་པའི་བདག   །ལས་ཀྱི་ཁམས་རྣམས་ཟད་བྱེད་པ།   །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ།   །སྦྱོར་བའི་དགོན་པ་ལས་བྱུང་བ།   །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས།   །བག་ཆགས་བཅས་པ་གཏན་སྤངས་པ།   །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།   །དོན་ཡོད་འགྲོ་བའི་ [108a] དོན་བྱེད་པ།   །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།   །རྣམ་ཤེས་དོན་ནི་འགག་པར་བྱེད།   །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན།   །སེམས་ཅན་ཀུན་གྱི་ཡིད་རིག་པ།   །སེམས་ཅན་ཀུན་གྱི་ཡིད་ལ་གནས།   །དེ་དག་སེམས་དང་མཐུན་པར་འཇུག   །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།   །སེམས་ཅན་ཀུན་གྱི་ཡིད་དགའ་བ།   །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད།   །ནོར་པ་ཐམས་ཅད་རྣམ་པར་སྤངས།   །དོན་གསུམ་ཐེ་ཚོམ་མེད་པའི་བློ།   །ཀུན་དོན་ཡོན་ཏན་གསུམ་གྱི་བདག   །ཕུང་པོ་ལྔ་དོན་དུས་གསུམ་དུ།   །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད།   །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།   །སངས་རྒྱས་ཀུན་གྱི་རང་བཞིན་འཆང་།   །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག   །ལུས་ཀྱི་མཐའ་ནི་རྟོགས་པ་པོ།   །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན།   །ནོར་བུ་ཆེན་པོ་རིན་ཆེན་ཏོག   །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ།   །སངས་རྒྱས་བྱང་ཆུབ་བླ་ན་མེད།   །གསང་སྔགས་ལས་བྱུང་ཡི་གེ་མེད།   །གསང་སྔགས་ཆེན་པོ་རིགས་གསུམ་པ།   །གསང་སྔགས་དོན་ཀུན་སྐྱེད་པ་པོ།   །ཐིག་ལེ་ཆེན་པོ་ཡི་གེ་མེད།   །སྟོང་པ་ཆེན་པོ་ཡི་གེ་མེད།   །སྟོང་པ་ཆེན་པ་ཡི་གེ་ལྔ།   །ཐིག་ལེ་སྟོང་པོ་ཡི་གེ་བརྒྱ།   །རྣམ་པ་ཀུན་ལྡན་རྣམ་པ་མེད།   ། [108b] བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།   །ཡན་ལག་མེད་པའི་རྩིས་ལས་འདས།   །བསམ་གཏན་བཞི་པའི་རྩེ་མོ་ཅན།   །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་།   །ཏིང་འཛིན་རིགས་དང་རྒྱུད་རིག་པ།   །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག   །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།   །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག   །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།   །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད།   །ཇི་བཞིན་འགྲོ་བའི་དོན་བྱེད་པ   །   ལྷ་དང་ལྷ་དབང་ལྷ་ཡི་ལྷ།   །ལྷ་ཡི་དབང་པོ་ལྷ་མིན་བདག   །འཆི་མེད་དབང་པོ་ལྷ་ཡི་བླ།   །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ།   །སྲིད་པའི་དགོན་པ་ལས་བརྒལ་བ།   །སྟོན་པ་གཅིག་པུ་འགྲོ་བའི་བླ།   །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།   །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ།   །བྱམས་པའི་གོ་ཆ་ཆས་པ་སྟེ།   །སྙིང་རྗེ་ཡི་ནི་ཡ་ལད་བགོས།   །ཤེས་རབ་རལ་གྲི་མདའ་གཞུ་ཐོགས།   །ཉོན་མོངས་མི་ཤེས་གཡུལ་ངོ་སེལ།   །དཔའ་བོ་བདུད་དགྲ་བདུད་འདུལ་བ།   །བདུད་བཞིའི་འཇིགས་པ་སེལ་བར་བྱེད།   །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ།   །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན།   །མཆོད་འོས་བསྟོད་འོས་ཕྱག་གི་གནས།   །རྟག་ཏུ་རི་མོར་བྱ་བའི་འོས།   །བཀུར་འོས་ [109a] རྗེད་པར་བྱ་བའི་མཆོག   །ཕྱག་བྱར་འོས་པ་བླ་མའི་རབ།   །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད།   །མཁའ་ལྟར་མཐའ་མེད་རྣམ་པར་གནོན།   །གསུམ་རིག་གཙང་མ་དག་པ་སྟེ།   །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག   །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།   །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས།   །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ།   །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ།   །བདག་རིག་གཞན་རིག་ཐམས་ཅད་པ།   །ཀུན་ལ་ཕན་པའི་གང་ཟག་མཆོག   །དཔེར་བྱ་ཀུན་ལས་འདས་པ་སྟེ།   །ཤེས་དང་ཤེས་བྱའི་བདག་པོ་མཆོག   །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ།   །ཕྱག་རྒྱ་བཞི་པོའི་དོན་སྟོན་པ།   །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག   །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི།   །དོན་གྱི་དམ་པ་རྣམ་དག་དཔལ།   །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ།   །དཔལ་ལྡན་འབྱོར་པ་ཀུན་བྱེད་པ།   །འཇམ་དཔལ་དཔལ་དང་ལྡན་པའི་མཆོག   །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།   །ཡང་དག་མཐར་གྱུར་ཁྱོད་ལ་འདུད།   །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད།   །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད།   །སངས་རྒྱས་ཆགས་པ་ཁྱོད་ལ་འདུད།   །སངས་རྒྱས་འདོད་ལ་ཕྱག་ [109b] འཚལ་འདུད།   །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད།   །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད།   །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།   །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད།   །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།   །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད།   །མེད་པ་ལས་བྱུང་ཁྱོད་ལ་འདུད།   །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།   །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད།   །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད།   །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད།   །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།   །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།   །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད།   །ཨོཾ་སརྦ་དྷརྨ་བྷཱ་ཝ་སྭ་བྷཱ་ཝ།   བི་ཤུངྔྷ་བཛྲ་ཨ་ཨཱ་ཨཾ་ཨཿ   པྲ་ཀྲྀ་ཏི་པ་ཏི་ཤུངྔྷཱཿསརྦ་དྷརྨཱ་ཡ་དུ་ཏ།   །སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུངྔྷཱེ་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཿ   སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ།   ཧ་ར་ཧ་ར།   ཨོཾ་ཧཱུཾ་ཧྲཱིཿ   བྷ་ག་ཝཱ་ན་ཛྙཱ་ན་མཱུརྟྟི་ཝཱ་གཱི་ཤྭ་ར།   མ་ཧཱ་ཝཱ་ཙ་སརྦ་དྷརྨཱ།   ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ།   དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷྲ་ཨཱཿ  དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།   །དགའ་ཞིང་མགུ་ནས་ཐལ་མོ་སྦྱར།   །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།   །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས།   །དེར་ནི་མགོན་པོ་གསང་བའི་བདག   །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།   ། [110a] སྣ་ཚོགས་གཞན་དང་ལྷན་ཅིག་ཏུ།   །གསང་བསྟོད་ནས་ནི་ཚིག་འདི་གསོལ།   །མགོན་པོ་བདག་ཅག་ཡི་རང་ངོ་།   །ལེགས་སོ་ལེགས་སོ་ལེགས་པར་གསུངས།   །རྣམ་གྲོལ་འབྲས་བུ་འཚལ་བ་ཡི།   །འགྲོ་བ་མགོན་མེད་རྣམས་དང་ནི།   །བདག་ཅག་ཡང་དག་རྫོགས་པ་ཡི།   །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད།   །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ།   །འདི་ནི་རྣམ་དག་ལེགས་པའི་ལམ།   །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ།   །དོན་ཆེན་འགྲོ་བའི་དོན་བྱེད་པ།   །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི།   །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད།   །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།།   །།
༈     །རྒྱ་གར་སྐད་དུ།   །བཛྲ་བི་དཱ་ར་ཎ་ན་མ་དྷཱ་ར་ཎི།   བོད་སྐད་དུ།   རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས།   སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།   །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།   བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ།   སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ [110b] ནས།   རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།   །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་།   །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་།   བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས།   །རྡོ་རྗེ་སྙིང་པོར་རབ་ཏུ་སྨྲས་ཏེ།   མི་ཆོད་པ།   མི་ཤིགས་པ།   བདེན་པ།   །སྲ་བ།   བརྟན་པ།   ཐམས་ཅད་དུ་ཐོགས་པ་མེད་པ།   ཐམས་ཅད་དུ་མ་ཕམ་པ།   སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ།   སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ།   རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ།   རིག་སྔགས་ཐམས་ཅད་གནོན་པར་བྱེད་པ།   ལས་ཐམས་ཅད་འཇོམས་པར་བྱེད་པ།   གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ།   གདོན་ཐམས་ཅད་བརླག་པར་བྱེད་པ།   གདོན་ཐམས་ཅད་ལས་ཐར་བར་བྱེད་པ།   འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ།   རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ།   མ་གྲུབ་པ་རྣམས་གྲུབ་པར་བྱེད་པ།   གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ།   འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ།   སེམས་ཅན་ཐམས་ཅད་སྲུང་བ།   ཞི་བ།   རྒྱས་པ།   སེམས་ཅན་ཐམས་ཅད་རེངས་པར་བྱེད་པ།   རྨུགས་པར་བྱེད་པའི་ [111a] གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་རྡོ་རྗེས་རབ་ཏུ་སྨྲས་སོ།   །ན་མོ་རཏྣ་ཏྲ་ཡཱ་ཡ།   ན་མཤྩཎྜ་བཛྲ་པཱ་ཎ་ཡ།   མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ།   །ཏདྱ་ཐཱ།   ཨོཾ་ཏྲུཊ་ཏྲུཊ།   ཏྲོཊ་ཡ་ཏྲོཊ་ཡ།   སྥུ་ཊ་སྥུ་ཊ།   སྥོ་ཊ་སྥོ་ཊ་ཡ།   གྷཱུརྞཱ་གྷཱུརྞཱ།   གྷཱུརྞཱ་པ་ཡ།   སརྦ་སཏྭཱ་ནི།   བྷོ་དྷ་ཡ།   བྷོ་དྷ་ཡ།   སཾ་བྷོ་དྷ་ཡ།   སཾ་བྷོ་དྷ་ཡ།   བྷྲཱ་མ་བྷྲཱ་མ།   སྭ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ།   སརྦ་བྷཱུ་ཏཱ་ནི།   ཀུཊྚ་ཀུཊྚ།   སཾ་ཀུཊྚ་ཡ།   སཾ་ཀུཊྚ་ཡ།   སརྦ་ཤ་ཏྲཱུན།   གྷ་ཊ་གྷ་ཊ།   སཾ་གྷཊ་ཡ།   སརྦ་བིདྱཱཾ་བཛྲ་བཛྲ།   སྥོ་ཊ་ཡ་བཛྲ་བཛྲ།   ཀ་ཊ་བཛྲ་བཛྲ།   མ་ཊ་བཛྲ་བཛྲ།   མ་ཐ་བཛྲ་བཛྲ།   ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱཧཱ།   ཧེ་ཕུལླུ།   ནི་རུཕུལླུ།   གྲྀཧྞ་ཀུལླུ།   མི་ལི་ཙུལླུ།   ཀུ་རུ་ཀུལླུ།   བཛྲ་བི་ཛ་ཡཱ་ཡ་སྭཱཧཱ།   ཀཱི་ལི་ཀཱི་ལ་ཡ་སྭཱཧཱ།   ཀ་ཊ་ཀ་ཊ།   མ་ཊ་མ་ཊ།   ར་ཊ་ར་ཊ།   མོ་ཊ་ན།   པྲ་མོ་ཊནཱ་ཡ་སྭཱཧཱ།   ཙ་ར་ནི་ཙ་ར།   ཧ་ར་ཧ་ར།   ས་ར་ས་ར།   མཱ་ར་ཡ།   བཛྲ་བི་དཱ་ར་ཎ་ཡ་སྭཱཧཱ།   ཙྪིནྡྷ་ཙྪིནདྷ།   བྷིནྡྷ་བྷིནྡྷ།   མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ།   བྷནྡྷ་བྷནྡྷ།   ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ།   ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ།   ཏྲཱ་ས་ཡ།   ཏྲཱ་ས་ཡ།   བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ།   ཧ་ར་ཧ་ར།    [111b] བཛྲ་དྷ་རཱ་ཡ་སྭཱཧཱ།   པྲ་ཧ་ར་པྲ་ཧ་ར།   བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ།   མ་ཏིསྠི་ར་བཛྲ།   ཤཱུ་ཏིསྠི་ར་བཛྲ།   པྲ་ཏིསྠི་ར་བཛྲ།   མ་ཧཱ་བཛྲ།   ཨ་པྲ་ཏི་ཧ་ཏ་བཛྲ།   ཨ་མོ་གྷ་བཛྲ།   ཨེ་ཧྱེ་ཧི།   ཤྲཱི་གྷྲཾ་བཛྲ་དྷཱ་རཱ་ཡ་སྭཱཧཱ།   དྷ་ར་དྷ་ར།   དྷི་རི་དྷི་རི།   དྷུ་རུ་དྷུ་རུ།   སརྦ་བཛྲཱ་ཀུ་ལ་ཨཱ་ཝ་རྟ་ཡ་སྭཱཧཱ།   ཨ་མུ་ཀ་མཱ་ར་ཡ་ཕཊཿ   ན་མསྶ་མནྟ་བཛྲ་ཎཾ།   སརྦ་བཛྲ་ཀུ་ལཾ་མ་ཝརྟ་ཏ།   མ་ཧཱ་བ་ལེ།   ཀ་ཏ་པ་ལེ།   ཏ་ཏ་ལེ།   ཨ་ཙ་ལེ།   མནྜ་ལ་མ་ཡེ།   ཨ་ཏི་བཛྲ།   མ་ཧཱ་བ་ལེ།   བེ་ག་ར་ན་ར་ན།   ཨ་ཛི་ཏེ།   ཛྭ་ལ་ཛྭ་ལ།   ཏི་ཊི་ཏི་ཊི།   ཏིང་ག་ལེ།   ད་ཧ་ད་ཧ།   ཏེ་ཛྭ་བ་ཏི།   ཏི་ལི་ཏི་ལི།   བྷནྡྷ་བྷནྡྷ།   མ་ཧཱ་བ་ལེ་བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱཧཱ།   ན་མོ་རཏྣ་ཏྲ་ཡཱ་ཡ།   །ན་མཤྩཎྜ་བཛྲ་པཱ་ཎ་ཡེ།   མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།   ཏདྱ་ཐཱ།   ཨོཾ་ཧ་ར་ཧ་ར་བཛྲ།   མ་ཐ་མ་ཐ་བཛྲ།   དྷུ་ན་དྷུ་ན་བཛྲ།   ད་ཧ་ད་ཧ་བཛྲ།   པ་ཧ་པ་ཧ་བཛྲ།   ངྷ་ར་ངྷ་ར་བཛྲ།   དྷཱ་ར་ཡ་དྷཱ་ར་ཡ་བཛྲ།   དཱ་རུ་ཎ་དཱ་རུ་ཎ་བཛྲ།   ཙྪིནྡྷ་ཙྪིནྡྷ་བཛྲ།   བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ༔   ན་མཤྩ་ཎྜ་བཛྲ་ཀྲོ་དྷ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བྷནྡྷ་བྷནྡྷ།   ཧ་ན་ཧ་ན།   ཨ་མྲི་ཏེ་ཧཱུྃ་ཕཊ།   སྡིག་པ་ཐམས་ཅད་བྱང་བྱས་ནས།   །སྡུག་བསྔལ་ཐམས་ཅད་མེད་པར་བྱེད།   །རྒྱུད་དོ་ཅོག་གི་རྩ་བ་སྟེ།   །དཔལ་ [112a] ཀུན་གྱིས་ནི་ལེགས་པར་བརྒྱན།   །སེམས་ཅན་དབང་པོ་ཉམས་པ་དང་།   །ཚེ་ཟད་པ་དང་ཚེ་ཉམས་དང་།   །ཕུན་སུམ་ཚོགས་མིན་གང་ཆགས་དང་།   །ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་།   མཛའ་སྡུག་སྐྱེ་བོ་སྡང་བ་དང་།   །བྲན་བཟའ་ལ་སོགས་གཙེས་པ་དང་།   །ཕན་ཚུན་མཐུན་པ་མ་ཡིན་དང་།   །ནོར་འགྲིབ་པས་ནི་གནོད་པ་དང་།   མྱ་ངན་ངལ་དང་གནོད་པ་དང་།   །འཇིགས་པ་དང་ནི་ཕོངས་པ་དང་།   །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་།   །མི་བཟད་གདོན་གྱིས་ཉན་པ་དང་།   །མྱ་ངན་ངལ་ལས་བྱུང་བ་ཡི།   །རྨི་ལམ་སྡིག་པ་མཐོང་ན་ཡང་།   །དེས་ནི་རབ་བཀྲུས་གཙང་མ་ཡིན།   །མདོ་སྡེ་དམ་པ་ཉན་པར་གྱིས།   །གང་དག་ཡིད་དགེ་སེམས་དང་ཞིང་།   །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ།   །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།   །མདོ་སྡེ་འདི་ནི་ཉན་བྱེད་ན།   །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས།   །སྲོག་ཆགས་དག་ནི་ཐམས་ཅད་ཀྱི།   །མི་བཟད་པ་ཡི་ནད་རྣམས་ཀྱང་།   །དེ་དག་ཐམས་ཅད་ཞི་བར་བལྟ།   །ཚེ་དང་བསོད་ནམས་འཕེལ་བར་འགྱུར།   །སྡིག་པ་ཀུན་ལས་རྣམ་པར་ཐར།   །ནོར་བུ་ཡུངས་ཀར་དཱུརྦ་དང་།   །རིན་ཆེན་རྨ་མེད་ཙནྡན་བཅས།   །ཤེལ་དང་རྡོ་ [112b] རྗེ་མེ་ཏོག་དང་།   །ཆུ་ཡི་གསེར་རམ་ཡང་ན་ནི།   །དངུལ་གྱི་བུམ་པ་དག་ཀྱང་རུང་།   །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་།   །ལན་གྲངས་ཉི་ཤུ་རྩ་གཅིག་གམ།   །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད།   །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི།   །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག  །   རྡོ་རྗེ་རྣམ་པར་འཛོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།   །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་།   བི་མ་ལ་མི་ཏྲ་དང་།   སངས་རྒྱས་གསང་བ་དང་།   ཡེ་ཤེས་རྡོ་རྗེ་དང་།   སྨྲྀ་ཏིཛྙཱན་ལ་སོགས་པའི་འགྲེལ་པའི་ནང་ནས་བཏོན་ཏེ་གཟུངས་ཤིན་ཏུ་དག་པའོ།།   །། 
༈     །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།   །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ།   །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས།   །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།   །ཨོཾ་ན་མོ་བྷ་ག་ཝ་ཏེ།   ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛཱ་རཱ་ཛཱ་ཡ།   ཏ་ཐཱ་ག་ཏ་ཡ།   ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་པུཎྱེ་པུཎྱེ།   མ་ཧཱ་པུཎྱེ།   ཨ་པ་རི་མི་ཏ་པུཎྱེ།   ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སཾ་བྷཱ་རོ་པ་ཅི་ཏེ།   ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུངྔྷ་དྷརྨཱ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་བྷཱ་ཝ་བི་ཤུདྡྷེ་མཧཱ་ན་ཡ་པ་རི་ཝ་རེ་སྭཱཧཱ།   སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས།   །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ།   །སྙིང་རྗེ་ཅན་གྱི་གྲོང་ཁྱེར་ [113a] འཇུག་པ་ན།   །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།   །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས།   །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ།   །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།   །ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།   །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས།   །མི་ཡི་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ།   །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།   །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འབྱུང་།   །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས།   །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ།   །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན།   །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།   །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར།   ཞེས་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་དང་།   གཞན་ཡང་ [113b] བྱིན་རླབས་ཅན་གྱི་གཟུངས་སྔགས་བཟླ་བར་འདོད་ན། ན་མཿས་མནྟ་བུདྡྷ་ནཱཾ།   །ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ།   ཨོཾ་ཀི་ནི་ཀི་ནི།   ཏ་ཐཱ་ག་ཏོཏྦྷ་བ་ཤཱནྟེ་བ་ར་ཏེ་ཨུཏྟ་མོཏྟ་མ་ཏ་ཐཱ་ག་ཏོཏྦྷ་ཝ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ།   འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་བཟུང་བར་འགྱུར་རོ།   །   ན་མོ་བྷ་ག་ཝ་ཏེ་ཨཱརྱ་པྲཛྙཱ་པ་ར་མི་ཏྲཱ་ཡེ།   ཏདྱ་ཐཱ།   ཨོཾ་མུ་ནི་དྷརྨེ་ས་མ་གྲ་ཧ་དྷརྨེ་ཨ་ནུ་གྲ་ཧ་དྷརྨེ།   བི་མུཀྟེ་དྷརྨེ།   །ས་དྷཱ་ནུ་གྲ་ཧ་དྷརྨེ།   བྷཻ་ར་ས་མ་ན་པ་རི་ཝ་རྔྷི་ན་དྷརྨེ།   སརྦ་ཀཱརྻ་པ་རི་བྲ་མ་ཎ་དྷརྨེ།   ས་མནྟ་ཨ་ནུ་པ་རི་ཝ་རྟི་ན་དྷརྨེ་སྭཱཧཱ།   ཨོཾ་པྲཛྙཱེ་ཤུ་ཏི་སྨྀ་ཏི་བི་ཛ་ཡེ་དྷི་དྷཱ་ར་ཎི་སྭཱཧཱ།   འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བཟུང་བར་འགྱུར་རོ།    ན་མཿས་མནྟ་བུདྡྷ་ནཱཾ།   ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཾ།   ཨོཾ་དྷུ་ན་དྷུ་ན་ཧཱུྃ་ཧཱུྃ་ཕཊ།   ན་མ༔   ས་མནྟ་བུདྡྷ་ནཱཾ།   ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ།   ཨོཾ་མ་ཎི་ངྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏྲི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།   འདི་བཟུང་བས་སོ་སོར་འབྲང་མ་བཟུང་བར་འགྱུར་རོ།   །   ན་མསྟྲཻ་ཡ་དྷཱི་ཀཱ་ན།   ཏ་ཐཱག་ཏཱ་ནཱཾ།   སརྦ་ཏྲ་ཨ་བྲ་ཏི་ཧ་ཏཱ་བཱསྟི་དྷརྨ་ཏཱ་ད་ལི་ནཱཾ།   ཨ་ས་མ་ས་མ་ས་མནྟ་ཏོ།   །ནནྟཱ་པཱསྟི་ཤཱ་ས་ནི།   ཧ་ར་ཧ་ར།   སྨ་ར་སྨ་ར་ཎ།   བི་ག་ཏ་རཱ་ག་བུདྡྷ་དྷརྨཱ་ཏེ།   ས་ར་ས་ར་ས་མ་བ་ལ།   ཧ་ས་ཧ་ས།   ཏྲ་ཡ་ཏྲ་ཡ།   བྷ་ག་ཝན།   མ་ཧཱ་བ་ར་ལཀྵ་ཎེ།   ཛྭ་ལ་ཛྭ་ལ་སྭ་ག་རེ་སྭཱཧཱ།    ཞེས་དེ་བཞིན་ [114a] གཤེགས་པའི་ཡིག་བརྒྱ་འདིས་སྒྲིབ་གཉིས་བྱང་ཞིང་བྱང་ཆུབ་ཀྱི་སེམས་འཕེལ་བ་སོགས་ཕན་ཡོན་མང་ངོ་།  ཨོཾ་ན་མོ་བྷ་ག་ཏེ་ཨ་མི་ཏཱ་བྷཱ་ཡ།   ཏ་ཐཱ་ག་ཏ་ཡ་ཨཱརྷ་ཏེ།   སམྱཀྶཾ་བུདྡྷཱ་ཡ།   ཏདྱ་ཐཱ།   ཨོཾ་ཨ་མི་ཏེ།   ཨ་མི་ཏ་ཨུཏྦྷ་ཝེ།   ཨ་མི་ཏ་སམྦྷ་བེ།   ཨ་མི་ཏ་བི་ཀྲནྟེ།   ཨ་མི་ཏ་བི་ཀྲནྟེ།   ཨ་མི་ཏ་གཱ་མི་ནི།   ག་ག་ན་ཀཱི་རྟི་ཀ་རེ།   སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱཧཱ།   ཞེས་སྣང་བ་མཐའ་ཡས་ཀྱི་གཟུངས་འདི་ལན་གཅིག་བརྗོད་པས་ཀྱང་བསྐལ་བ་འབུམ་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་གསུངས་སོ།   ། ན་མོ་རཏྣ་ཏྲ་ཡཱ་ཡ།   ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ།   ཏ་ཐཱ་ག་ཏ་ཡ།   ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   །ཏདྱ་ཐཱ།   ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི།   རོ་ཙ་ནི་རོ་ཙ་ནི།   ཏྲོ་ཊ་ནི་ཏྲོ་ཊ་ནི།   ཏྲཱ་ས་ནི་ཏྲཱ་ས་ནི།   པྲ་ཏི་ཧ་ན་པྲ་ཏི་ཧ་ན།   སརྦ་ཀརྨ་པ་རཾ་པ་རཱ།   ཎི་མེ་སརྦ་སཏྭ་ནཱཉྩ་སྭཱཧཱ།   ཞེས་མགོན་པོ་མི་འཁྲུགས་པའི་གཟུངས་འདི་བྲིས་པ་མཐོང་ན་ཡང་ངན་སོང་གི་འཇིགས་པ་དང་བྲལ་ཞིང་བཟླས་པ་ཙམ་གྱིས་ཚེ་རབས་ཀྱི་སྡིག་ལྟུང་ཐམས་ཅད་འབྱང་བར་གསུང་སོ།   ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏི་པ་རི་ཤོ་ངྷ་ནི་རཱ་ཛཱ་ཡ།   ཏ་ཐཱ་ག་ཏ་ཡ།   ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་ཤོ་ངྷ་ནི་ཤོ་ངྷ་ནི་སརྦ་པཱ་པཾ་བི་ཤོ་ངྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨཱ་ཝ་ར་ཎཻ་བི་ཤུདྡྷེ་སྭཱཧཱ།   ཞེས་ངན་སོང་སྦྱོང་བ་ཀུན་རིག་གི་གཟུངས་འདིས་འཁོར་བ་དང་ངན་སོང་གི་གནས་སུ་སྐྱེ་བའི་སྡིག་ [114b] ལྟུང་ཐམས་ཅད་འབྱང་བར་འགྱུར་རོ།   ། ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻཌཱུ་རྻ་པྲ་བྷ་རཱ་ཛ་ཡ།   ཏ་ཐཱ་ག་ཏ་ཡ།   ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ།   མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱཧཱ།   ཞེས་སངས་རྒྱས་སྨན་བླའི་གཟུངས་འདི་བཟུང་བ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་པ་སོགས་ཕན་ཡོན་མཐའ་ཡས་སོ།   ། ན་མོ་རཏྣ་ཏྲ་ཡཱ་ཡ།   ན་མཿཨཱརྻ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷྻུ་ཧ་རཱ་ཛ་ཡ།   ཏ་ཐཱ་ག་ཏ་ཡ།   །ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ   ཨརྷད་བྷྱཿ   ས་མྱཀྶཾ་བུདྡྷེ་བྷྱཿ  ན་མ་ཨཱརྻ་ཨ་བ་ལོ་ཀི་ཏ་ཤྭ་རཱ་ཡ།   བོ་ངྷི་སཏྭ་ཡ།   མ་ཧཱ་སཏྭ་ཡ།   མ་ཧཱ་ཀཱ་རུ་ཎི་ཀཱ་ཡ།   ཏདྱ་ཐཱ།   ཨོཾ་ངྷ་ར་ངྷ་ར།   ངྷི་རི་ངྷི་རི།   དྷུ་རུ་དྷུ་རུ།   ཨིཊྚེ་བིཊྚེ།   ཙ་ལེ་ཙ་ལེ།   པྲ་ཙ་ལེ་པྲ་ཙ་ལེ།   ཀུ་སུ་མེ་ཀུ་སུ་མ་བ་རེ་ཨི་ལི་མི་ལི།   ཙི་ཏི་ཛྭ་ལ་མཱ་པ་ན་ཡ་སྭཱཧཱ།   ཞེས་བཅུ་གཅིག་ཞལ་གྱི་གཟུངས་འདི་ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་བྱང་བར་འགྱུར་ཞིང་མཚམས་མ་མཆིས་པ་ལྔའི་སྡིག་པ་དག་ཀྱང་འབྱང་བར་འགྱུར་རོ།   ། ཨོཾ་པདྨོ་ཨུཥྞཱི་ཥབྷི་མ་ལེ་ཧཱུཾ་ཕཊ།   གསང་སྔགས་འདིས་མནར་མེད་དུ་སྐྱེ་བའི་ལས་ཀྱང་དག་པར་འགྱུར་རོ།   ཨོཾ་བི་པུ་ལ་གརྦྷེ།   མ་ཎི་པྲ་བྷེ།   ཏ་ཐཱ་ག་ཏེ།   ནི་ངྷེ་ཤ་ནི།   མ་ཎི་མ་ཎི།   སུ་པྲ་བྷེ་བི་མ་ལ་སཱ་ག་ར་གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ།   གུ་ཧྱ་ཨངྷིཥྠི་ཏེ་གརྦྷེ་སྭཱཧཱ།   པདྨ་ངྷ་ར་ཨ་མོ་གྷ་ [115a] ཛ་ཡེ་ཏེ་ཙུ་རུ་ཙུ་རུ་སྭཱཧཱ།   སྡིག་སྒྲིབ་ཀུན་འཇོམས་ཀྱི་གཟུངས་འདིས་ལས་ཉོན་གྱི་དྲི་མ་ཐམས་ཅད་བྱང་ཞིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།   ། ཨོཾ་ཨཱ་མོ་གྷ་ཤཱི་ལ།   སཾ་བྷ་ར་སཾ་བྷ་ར།   བྷ་ར་བྷ་ར།   མ་ཧཱ་ཤངྔྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུཛ།   ངྷ་ར་དྷ་ར།   ས་མནྟ།   ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱཧཱ།   ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདིས་ཁྲིམས་འཆལ་གྱི་ཉེས་པ་དག་ཅིང་ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་རོ།   །ཞེས་སོགས་སངས་རྒྱས་བྱང་སེམས་ཀྱི་གཟུངས་སྔགས་བྱིན་རླབས་ཅན་རྣམས་བཟླ་བར་བྱའོ།   །ཡང་ན་གཟུངས་སྔགས་དེ་དག་དང་གང་མོས་ཀྱི་བསྟོད་པ་ལ་སོགས་པའི་ཚིགས་བཅད་རྣམས་འདོན་པས་མཆོད་རྟེན་སོགས་ལ་བསྐོར་བར་བྱའོ།   །ཡང་རྟེན་ལ་མེ་ཏོག་འབུལ་ན།   ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛ་ཡ་ཏ་ཐཱག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་པུཥྤེ་པུཥྤེ།   མ་ཧཱ་པུཥྤེ།   སུ་པུཥྤེ།   ཨུཏྦྷ་ཝེ་པུཥྤེ།   ཨཾ་བྷ་ཝེ་པུཥྤེ།   ཨ་ཝ་ཀ་ར་ཎི་སྭཱཧཱ།   ཞེས་ལན་བདུན་བསྔགས་ནས་ཕུལ་བས་མེ་ཏོག་ཇི་སྙེད་པ་དེ་སྙེད་ཀྱི་མེ་ཏོག་བྱེ་བ་ཕུལ་བར་འགྱུར་རོ།   །དེ་བཞིན་དུ། ཨོཾ་ན་མོ་བྷག་ཝ་ཏེ་རཏྣ་ཀེ་ཏུ་རཱ་ཛ་ཡ།   ཏ་ཐཱ་ག་ཏ་ཡ་ཨ་རྷ་ཏེ།   སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་རཏྣེ་རཏྣེ།   མ་ཧཱ་རཏྣེ   རཏྣེ་བི་ཛ་ཡེ་སྭཱཧཱ།   ཞེས་པ་འདིས་མཆོད་རྟེན་གཅིག་ལ་ཕྱག་བྱས་པས་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ།།   །། 
༈     །བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་ནི།  [115b] སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ།   །སངས་རྒྱས་ལ་སྐྱབས༴    ཆོས་ལ༴    དགེ་འདུན་ལ༴    བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།   །རྡོ་རྗེའི་སྙིང་པོར་རབ་ཏུ་འཇོམས་པ་ལ་ཕྱག་འཚལ༴    རིན་ཆེན་འོད་འཕྲོ་ལ༴    ཀླུ་དབང་གི་རྒྱལ་པོ་ལ༴    དཔའ་བོའི་སྡེ་ལ༴    དཔལ་དགྱེས་ལ༴    རིན་ཆེན་མེ་ལ༴     རིན་ཆེན་ཟླ་འོད་ལ༴    མཐོང་བ་དོན་ཡོད་ལ༴    རིན་ཆེན་ཟླ་བ་ལ༴     དྲི་མ་མེད་པ་ལ༴    དཔལ་བྱིན་ལ༴    ཚངས་པ་ལ༴    ཚངས་པས་བྱིན་ལ༴    ཆུ་ལྷ་ལ༴   ཆུ་ལྷའི་ལྷ་ལ༴    དཔལ་བཟང་ལ༴    ཙནྡན་དཔལ་ལ༴    གཟི་བརྗིད་མཐའ་ཡས་ལ༴   འོད་དཔལ་ལ༴    མྱ་ངན་མེད་པའི་དཔལ་ལ༴    སྲེད་མེད་ཀྱི་བུ་ལ༴    མེ་ཏོག་དཔལ་ལ༴    དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ༴    དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ༴    ནོར་དཔལ་ལ༴    དྲན་པའི་དཔལ་ལ༴    མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ༴    དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ༴    ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ༴   གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་ [116a] བ་ལ༴    རྣམ་པར་གནོན་པས་གཤེགས་པའི་དཔལ་ལ༴    ཀུན་ནས་སྣང་བ་བཀོད་པའི་དཔལ་ལ༴    རིན་ཆེན་པདྨས་རྣམ་པར་གནོན་པ་ལ༴    དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨའི་གདན་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་ལ༴    དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།   །བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་དང་མཐའ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་སྐྱེ་གནས་ཐམས་ཅད་དུ་སྡིག་པའི་ལས་བགྱིས་པ་དང་།   བགྱིད་དུ་སྩལ་བ་དང་།   བགྱིས་པ་ལ་རྗེས་སུ་ཡི་རང་བའམ།   མཆོད་རྟེན་གྱི་དཀོར་རམ།   དགེ་འདུན་གྱི་དཀོར་རམ།   །ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་པ་དང་།   འཕྲོག་ཏུ་སྩལ་བ་དང་།   འཕྲོག་པ་ལ་རྗེས་སུ་ཡི་རང་བའམ།   མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང་།   །བགྱིད་དུ་སྩལ་བ་དང་།    [116b] བགྱིས་པ་ལ་རྗེས་སུ་ཡི་རང་བའམ།   མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པ་ལ་ཞུགས་པ་དང་།   འཇུག་ཏུ་སྩལ་བ་དང་།   ཞུགས་པ་ལ་རྗེས་སུ་ཡི་རང་བའམ།   ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ནས་བདག་སེམས་ཅན་དམྱལ་བར་མཆི་བའམ།   དུད་འགྲོའི་སྐྱེ་གནས་སུ་མཆིབའམ།   ཡི་དྭགས་ཀྱི་ཡུལ་དུ་མཆི་བའམ།   ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ།   ཀླ་ཀློར་སྐྱེ་བའམ།   ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ།   དབང་པོ་མ་ཚང་བར་འགྱུར་བའམ།   ལྟ་བ་ལོག་པར་འཛིན་པར་འགྱུར་བའམ།   སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ།   །སྤྱན་དུ་གྱུར་པ།   དཔང་དུ་གྱུར་པ།   ཚད་མར་གྱུར་པ།   མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ།   །འཆགས་སོ།   །མི་འཆབ་བོ།   །མི་སྦེད་དོ།   །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ།   །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།   བདག་གི་སྐྱེ་བ་འདི་དང་སྐྱེ་བ་ཐོག་མ་མཐའ་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་ [117a] བའི་སྐྱེ་གནས་གཞན་དག་ཏུ་སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་སྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་།   བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལ་ལགས་པ་དང་།   བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང་།   བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་དང་།   བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་དང་།   བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང་།   གོང་ན་མ་མཆིས་པ་དང་།   གོང་མའི་གོང་མ།   བླ་མའི་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།   །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང་།   །ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང་།   ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་ [117b] འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ།   །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ།   །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ་།   །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ།   །བདག་གིས་བླ་ན་མེད་པ་ཡེ་ཤེས་ཀྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག   །མི་མཆོག་རྒྱལ་བ་གང་དག་ད་ལྟར་བཞུགས་པ་དང་།   །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན།   །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ།   །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་འཆིའོ།   །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྗོགས་སོ།།   །།
༈     །བརྗོད་མེད་དོན་གྱི་བཤགས་པ་ནི།   ཧཱུྃ།   ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི།   །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་།   །ཐུགས་རྗེ་ཉི་གསལ་ལ་འོད་བཞིན་སྙོམས་མཛད་པ།   །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ།   །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ།   །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ།   ། [118a] ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ།   །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།   །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི།   །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས།   །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ།   །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད།   །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ།   །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན།   །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ།   །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག   །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ།   །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་།   །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི།   །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད།   །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ།   །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི།   །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས།   །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས།   །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ།   །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལས།   །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་།   །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ།   ། [118b] ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ།   །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར།   །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་།   །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས།   རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག   །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ།   །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི།   །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་།   །མ་ལྟར་བྱམས་ཤིང་སྲིད་ལྟར་གདུང་ལ་སོགས།   ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ།   །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས།   །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ།   །ཧཱུྃ།   ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས།   །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ།   །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར།   །བསྟན་པ་རྒྱ་མཚོའི་སོ་སོའི་འདུལ་ཁྲིམས་དང་།   །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག  །   རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར།   །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས།   །སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ།   །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་།   །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་།   །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས།   ། [119a] ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་།   །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ།   །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་གསོག།   །ཚོར་དང་མ་ཚོར་མ་རིག་དབང་གིས་ན།   །སྟོན་པའི་བཀའ་དང་དམ་ལས་འདས་གྱུར་ཏེ།   །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་།   །སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས།   །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ།   །གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་།   །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ།   །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་།   །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་།   །ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས།   །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས།   །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ།   །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས།   །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས།   །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་།   །གཉིས་མེད་དབྱིངས་ལས་མི་འགྱུར་བ་དག་བཀོད་དེ།   །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་།   །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ།   ། [119b] དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན།   །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་།   །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན།   །ནོངས་པ་མཆིས་ན་རབ་ནོངས་བཟོད་པར་གསོལ།   ཞེས་བཤགས་པའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས།   ཡེ་ཤེས་ལྷ་དང་འཁོན་གཅུག་བཤགས་པའི་ལེའུ་བཞི་པ་ཁོལ་དུ་ཕྱུངས་པའོ།།   །། 
༈     །དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས།   །རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ།   །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།   །སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ།   །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར།   །ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་།   །གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལ།   །དམ་བཅས་བཀའ་ལས་འདའ་བར་མི་བགྱི་སྟེ།   །ལས་དང་བསྐལ་བས་དམྱལ་བར་སྐྱེ་བར་འགྱུར།   །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་།   །ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ།   །རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ།   །སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་།   །དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ།   །ངན་སེམས་ལོག་པར་ལྟ་བ་ལ་སོགས་པ།   །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།   །ཡི་དམ་ལྷ་ཡི་ [120a] ཕྱག་རྒྱ་མ་གསལ་ཞིང་།   །སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་།   །དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ།   །བསྙེན་བསྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ།   །བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས།   །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།   །རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས།   །སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག   །ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས།   །གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས།   །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།   །ཆོས་རྣམས་ཉམ་པ་ཉིད་དུ་མ་རྟོགས་ཏེ།   །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།   །ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་འགྱུར་ཏེ།   །བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།   །ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས།   །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས།   ཞེས་དང་།   རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ།   །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས།   །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ།   །མངོན་རྟོགས་སྤོང་ལེན་བྱས་པ་མཐོལ་ལོ་ [120b] བཤགས།   །མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ།   །ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས།   །ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ།   །གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས།   །དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ།   །དྲིན་ལན་ལན་གྱིས་མ་འཇལ་མཐོལ་ལོ་བཤགས།   །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ།   །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས།   །འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ།   །སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས།   །སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་།   །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་།   །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས།   །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ།   །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱི།   །དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན།   །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས།   །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།   ཞེས་དྲི་མེད་བཤགས་རྒྱུད་ཀྱི་ལེའུ་ཐ་མ་ལས་ཕྱུངས་པའོ།།   །། 
༈     །རྒྱ་གར་སྐད་དུ།   བཛྲ་ཡཱ་ན་མཱུ་ལཱ་པ་ངྷི།   བོད་སྐད་དུ།   རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ།   འཇམ་དཔལ་གཞོན་ནུར་གྱུར་ [121a] པ་ལ་ཕྱག་འཚལ་ལོ།   །ཀུན་ནས་དང་བས་བླ་མ་ཡི།   །ཞབས་ཀྱི་པདྨོར་རབ་བཏུད་དེ།   །རྩ་བའི་ལྟུང་བ་བཅུ་བཞི་ནི།   །རྒྱུད་ལས་གསུངས་པ་བཤད་པར་བྱ།   །གང་ཕྱིར་རྡོ་རྗེ་འཛིན་པ་ཡི།   །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས།   །དེ་བས་དེ་ལ་བརྙས་པ་ནི།   །རྩ་བའི་ལྟུང་བ་དང་པོར་བཤད།   །དང་པོ་ཕོག་པ་མཐོལ་ལོ་བཤགས།   །བདེ་གཤེགས་བཀའ་ལས་འདས་པ་ནི།   །ལྟུང་བ་གཉིས་པ་ཡིན་པར་བརྗོད།   །གཉིས་པ་ཕོག་པ་མཐོལ༴    རྡོ་རྗེའི་སྤུན་ལ་ཁྲོས་ནས་ནི།   །ཉེས་པར་བརྗོད་པ་གསུམ་པ་ཡིན།   །གསུམ་པ་ཕོག་པ༴    སེམས་ཅན་རྣམས་ལ་བྱམས་པ་སྤོངས།   །བཞི་པ་ཡིན་པར་རྒྱལ་བས་གསུངས།   །བཞི་པ་ཕོག་པ༴    ཆོས་ཀྱི་རྩ་བ་བྱུང་ཆུབ་སེམས།   །དེ་སྤོང་བ་ནི་ལྔ་པ་ཡིན།   །ལྔ་པ་ཕོགཔཟ   རང་ངམ་གཞན་གྱི་གྲུབ་པའི་མཐའ།   །ཆོས་ལ་སྨོད་པ་དྲུག་པ་ཡིན།   །དྲུག་པ་ཕོག་པ༴    ཡོངས་སུ་མ་སྨིན་སེམས་ཅན་ལ།   །གསང་བ་སྒྲོགས་པ་བདུན་པ་ཡིན།   །བདུན་པ་ཕོག་པ༴    ཕུང་པོ་སངས་རྒྱས་ལྔའི་བདག་ཉིད།   །དེ་ལ་སྨོད་པ་བརྒྱད་པ་ཡིན།   །བརྒྱད་པ་ཕོག་པ༴    རང་བཞིན་དག་པའི་ཆོས་རྣམས་ལ།   །སོམ་ཉི་ཟ་བ་དགུ་པ་ཡིན།   ། [121b] དགུ་པ་ཕོག་པ༴    གདུག་ལ་རྟག་ཏུ་བྱམས་ལྡན་པ།   །བྱེད་པ་དེ་ནི་བཅུ་པར་འདོད།   །བཅུ་པ་ཕོག་པ༴   མིང་སོགས་བྲལ་བའི་ཆོས་རྣམས་ལ།   །དེར་རྟོག་པ་ནི་བཅུ་གཅིག་པ།   །བཅུ་གཅིག་ཕོག་པ༴    སེམས་ཅན་དད་དང་ལྡན་པ་ཡི།   །སེམས་སུན་འབྱིན་པ་བཅུ་གཉིས་པ།   །བཅུ་གཉིས་ཕོག་པ༴   དམ་ཚིག་རྫས་ནི་ཇི་བཞིན་ཉིད།   །མི་བསྟེན་པ་ནི་བཅུ་གསུམ་པ།   །བཅུ་གསུམ་ཕོག་པ༴    ཤེས་རབ་རང་བཞིན་བུད་མེད་ལ།   །སྨོད་པར་བྱེད་པ་བཅུ་བཞི་པ།   །བཅུ་བཞི་ཕོག་པ་མཐོལ་ལོ་བཤགས།   །སྔགས་པས་འདི་དག་སྤངས་ནས་ནི།   །དངོས་གྲུབ་ངེས་པར་ཐོབ་པར་འགྱུར།   །གཞན་དུ་དམ་ཚིག་ལས་ཉམས་ན།   །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར།   །དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་།   །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ།   །དེ་ངས་རྒྱལ་བཅོམ་ནས་ནི།   །བདག་ཉིད་མ་འཁྲུལ་ཤེས་པར་བྱ།   །མཉམ་པར་བཞག་པས་བླ་མ་ལ།   །ཅི་འབྱོར་པ་ཡིས་མཆོད་བྱས་ནས།   །གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ།   །བྱང་ཆུབ་སེམས་སོགས་སྡོམ་པ་ནི།   །གལ་ཏེ་བདག་ལ་ཕན་འདོད་ན།   །སྔགས་པས་འབད་དེ་གཟུང་བར་བྱ།   །རྡོ་རྗེ་ཐེག་པའི་རྩ་བར་ལྟུང་བ་སློབ་དཔོན་རྟ་དབྱངས་ཀྱིས་ [122a] མཛད་པ་རྫོགས་སོ།།   །། 
༈     །བླ་མའི་ཞབས་ཀྱི་པདྨོ་ལ།   །ཀུན་ནས་དང་བས་ཕྱག་བཙལ་ཏེ།   །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད།   །རྒྱུད་ལས་གསུངས་པ་འབྲི་བར་བྱ།   །ཤེས་རབ་སྟོབས་ཀྱིས་ལེན་པ་དང་།   །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན།   །སྣོད་མིན་ལ་ནི་མི་གསང་དང་།   །ཚོགས་ཀྱི་ནང་དུ་རྩོད་པ་དང་།   །དད་ལྡན་ལ་གཞན་ཆོས་སྟོན་དང་།   །ཉན་ཐོས་ནང་དུ་ཞག་བདུན་གནས།   །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད།   །དད་པ་མེད་ལ་ཆོས་སྟོན་པ།   །འདི་རྣམས་སྦོམ་པོའི་ལྟུང་བར་བཤད།   །རྩ་ལྟུང་སྦོམ་པོའི་རིམ་པ་དག   །ཆོ་ག་ཡིས་ནི་ཤེས་བྱ་ཞིང་།   ཉམས་པར་གྱུར་ན་བཤགས་པར་བྱ།   རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།།   །། 
༈      །འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།   །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།   བདེ་བར་གཤེགས་པ།   འཇིག་རྟེན་མཁྱེན་པ།   སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ།   བླ་ན་མེད་པ།   ལྷ་ [122b] དང་མི་རྣམས་ཀྱི་སྟོན་པ།   སངས་རྒྱས་བཅོམ་ལྡན་འདས་ཏེ།   དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།   དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།   བཟོད་པ་དག་གིས་རབ་ཏུ་བརྒྱན་པ།   བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི།   དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ།   མཚན་རྣམས་ཀྱི་མེ་ཏོག་རྒྱས་པ།   སྤྱོད་ཡུལ་རན་པར་མཐུན་པ།   མཐོང་ན་མི་མཐུན་པ་མེད་པ།   དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ།   ཤེས་རབ་ཟིལ་གྱིས་མི་གནོན་པ།   སྟོབས་རྣམས་ལ་བརྫི་བ་མེད་པ།   སེམས་ཅན་ཐམས་ཅད་ཀྱི་སྟོན་པ།   བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།   འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།   མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།   ཡེ་ཤེས་དཔག་ཏུ་མེད་པ།   སྤོབས་པ་བསམ་གྱིས་མི་ཁྱབ་པ།   གསུང་རྣམ་པར་དག་པ།   དབྱངས་སྙན་པ།   སྐུ་བྱད་བལྟ་བས་ཆོག་མི་ཤེས་པ།   སྐུ་མཚུངས་པ་མེད་པ།   འདོད་པ་དག་གིས་མ་གོས་པ།   གཟུགས་དག་གིས་ཉེ་བར་མ་གོས་པ།   གཟུགས་མེད་པ་དག་དང་མ་འདྲེས་པ།   སྡུག་བསྔལ་ལས་རྣམ་པར་གྲོལ་བ།   ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ།   ཁམས་རྣམས་དང་མི་ [123a] ལྡན་པ།   སྐྱེ་མཆེད་རྣམས་བསྔམས་པ།   མདུད་པ་རྣམས་ཤིན་ཏུ་བཅད་པ།   ཡོངས་སུ་གདུང་བ་དག་ལས་རྣམ་པར་སྒྲོལ་བ།   སྲེད་པ་ལས་གྲོལ་བ།   ཆུ་བོ་ལས་བརྒལ་བ།   ཡེ་ཤེས་ཡོངས་སུ་རྫོགས་པ།   འདས་པ་དང་།   མ་བྱོན་པ་དང་།   ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།   མྱ་ངན་ལས་འདས་པ་ལ་མི་གནས་པ།   ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།   སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།   འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཡང་དག་པ་རྣམས་སོ།   །དམ་པའི་ཆོས་ནི་ཐོག་མར་དགེ་བ།   བར་དུ་དགེ་བ།   མཐའ་མར་དགེ་བ།   དོན་བཟང་པོ།   ཚིག་འབྲུ་བཟང་པོ།   མ་འདྲེས་པ།   ཡོངས་སུ་རྫོགས་པ།   །ཡོངས་སུ་དག་པ།   ཡོངས་སུ་བྱང་བ།   བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ།   ཡང་དག་པར་མཐོང་བ།   ནད་མེད་པ།   དུས་ཆད་པ་མེད་པ།   ཉེ་བར་གཏོད་པ།   འདི་མཐོང་བ་ལ་དོན་ཡོད་པ།   མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ།   བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ།   །ངེས་པར་འབྱུང་ [123b] བ།   རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།   མི་མཐུན་པ་མེད་ཅིང་།   འདུས་པ་དང་ལྡན་པ།   བརྟེན་པ་ཡོད་པ་རྒྱུ་བ་བཅད་པའོ།   །ཐེག་པ་ཆེན་པོའི་དགེ་འདུན་ནི།   ལེགས་པར་ཞུགས་པར།   རིག་པར་ཞུགས་པ།   དྲང་པོར་ཞུགས་པ།   མཐུན་པར་ཞུགས་པ།   ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།   ཕྱག་བྱ་བའི་འོས་སུ་གྱུར་པ།   བསོད་ནམས་ཀྱི་དཔལ་གྱི་ཞིང་།   ཡོན་ཡོངས་སུ་སྦྱོང་བ་ཆེན་པོ།   སྦྱིན་པའི་གནས་སུ་གྱུར་པ།   ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ།   །མགོན་པོ་ཐུགས་རྗེ་ཆེ་ལྡན་པ།   །ཐམས་ཅད་མཁྱེན་པ་སྟོན་པ་པོ།   །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི།   །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།   །དག་པ་འདོད་ཆགས་བྲལ་བའི་རྒྱུ།   དགེ་བས་ངན་སོང་ལས་གྲོལ་ཞིང་།   གཅིག་ཏུ་དོན་དམ་མཆོག་གྱུར་པ།   །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།   །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།   །བསླབ་པ་དག་ལ་རབ་ཏུ་གུས།   །ཞིང་གི་དམ་པ་ཡོན་ཏན་ལྡན།   །དགེ་འདུན་ལ་ཡང་ཕྱག་འཚལ་ལོ།   །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།   །སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ།   །དགེ་འདུན་སྡེ་ལ་ཕྱག་འཚལ་ [124a] ལོ།   །གསུམ་ལ་རྟག་ཏུ་གུས་ཕྱག་འཚལ།   །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ།   །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ།   །དགེ་འདུན་ཡོན་ཏན་བསམ་མི་ཁྱབ།   །བསམ་མི་ཁྱབ་ལ་དད་བྱས་པའི།   །རྣམ་པར་སྨིན་པའང་བསམ་མི་ཁྱབ།   །རྣམ་དག་ཞིང་དུ་སྐྱེ་བར་ཤོག   །དཀོན་མཆོག་རྫས་དང་གཞན༵་ལས་འཕྲོག་པ་སོགས།   །མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས།   །སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས།   །ལུས་ཀྱི་ཟོ་མདོག་རྒྱས་པར་མཛད་དུ་གསོལ།   དེ་ནས་ཁ་ཟས་ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས།   སྤྱོད་བསྡུས་ལས།   ཟས་ལ་ཆ་བཞིར་བགོ་བྱ་སྟེ།   །དང་པོ་ལྷ་ལ་བཤོས་གཙང་ཕུལ།   །དེ་རྗེས་ཆོས་སྐྱོང་སྲུང་མ་ལ།   །གཏོར་མ་ཤིན་ཏུ་རྒྱ་ཆེར་བཏང་།   །རང་གིས་ཟོས་ཤིང་འཐུངས་པ་ཡི།   །ལྷག་མ་འབྱུང་པོ་ཀུན་ལ་སྦྱིན།   ཞེས་པ་ལྟར་རམ།   ཡང་ན་དམ་པའི་ཆོས་འདུལ་བ་ལས་གསུངས་པ་ལྟར་ཆ་གསུམ་དུ་བྱས་ལ།   ཐོག་མར། ཨོཾ་གུ་རུ་བཛྲ་ནཻ་དྱཱ་ཨཱཿཧཱུྃ་གིས་བླ་མ་ལ་ལྷ་བཤོས་གཅིག་ཕུལ།   དེ་བཞིན་དུ། ཨོཾ་སརྦ་བུདྡྷ་བོ་ངྷི་སཏྭ་བྷྱོ་བཛྲ་ནཻ་དྱཱ་ཨཱཿཧཱུྃ་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ།  ཨོཾ་ཀཱ་མ་དེ་ཝ་མཎྜ་ལ་ནཻ་དྱཱ་ཨཱཿཧཱུྃ་གིས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ།   ཨོཾ་མཉྫུ་ཤྲཱི་བཛྲ་ནཻ་དྱཱ་ཨཱཿཧཱུྃ་ལྟ་བུ་ལ་འཇམ་དབྱངས་སོགས་གང་མོས་ཀྱི་ལྷ་ལ།  ཨོཾ་ཤྲཱི་དྷརྨ་པཱ་ལ་བཛྲ་ནཻ་དྱཱ་ཨཱཿཧཱུྃ་གིས་ཆོས་སྐྱོང་རྣམས་ལ་འབུལ།   ཨོཾ་ཨ་ཀཱ་རོ་སོགས་ཀྱིས་འབྱུང་པོ་སྤྱིར་ལྷ་བཤོས་ཕུལ་ལ། ཨོཾ་ཧ་རི་ཏེ་སྭཱཧཱས་འཕྲོགས་མ་ལ་ཆངས་བུ་གཅིག་བྱིན།   ཨོཾ་ཧ་རི་ཏེ་མཧཱ་ཡཀྵི་ནི་ཧ་ར་ཧ་ར་ས་རྦ་ར་ཡཾ་ཎི་ཀྵིཾ་སྭཱཧཱས་འཕྲོག་མའི་བུ་ལྔ་བརྒྱ་ལ་ཆངས་བུ་གཅིག   ། ཨོཾ་ཨ་གྲི་བིནྜ་ཨ་ཤི་བྷྱཿསྭཱཧཱས་ཕུད་ལ་དབང་བའི་འབྱུང་པོ་རྣམས་ལ་ཆངས་བུ་གཅིག་སྦྱིན་ནོ།   །ཟས་ཀྱི་དུག་ལ་སོགས་པ་ཞི་བར་འདོད་པས་ནི། ནམཿསརྦ་བུདྡྷ་བོ་ངྷི་སཏྭ་ནཾ།   ཨོཾ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ནི་སྭཱཧཱ།   ཞེས་ལན་བརྒྱད་བཟླས་ནས་མཐེབ་སྲིན་གྱིས་རེག་ལ་བཟའ་བར་བྱའོ།   །བཟའ་བའི་ཚེ་ཡང་ཟས་ལ་མི་གཙང་བའི་བློ་དང་།   སྐྱོ་བའི་བློ་དང་།   སྲིན་བུའི་རིགས་ཀྱི་གྲོང་ཁྱེར་ལ་ཕན་གདགས་པའི་བློ་དང་།   ཞི་བ་བྱང་ཆུབ་ཏུ་བགྲོད་པའི་གྲུ་བོ་ཆེ་དར་གཅིག་ཏུ་གནས་པར་བྱ་བའི་བློས་བཟའ་བར་བྱ་ཡི།   ཆགས་པ་དང་སྲེད་པ་འཕེལ་བའི་བློས་མི་བཟའོ།   །སྤྱོད་འཇུག་ལས།   རན་པ་ཙམ་དུ་བཟའ་བར་བྱ།   ཞེས་པས་དེའི་ཚུལ་ནི་ཡན་ལག་བརྒྱད་པར་ལུས་ཀྱི་ཆ་གཉིས་ཟས།   གཅིག་སྐོམ།   གཅིག་སྟོང་པར་འཇོག་པར་བཤད་པ་ལྟར་རམ།   ཡང་ན་ཟས་ཀྱི་གཞི་ལས་འབྱུང་བ་ལྟར།   །ཆ་གཉིས་ཟས་དང་སྐོམ།   ཆ་གཅིག་སྟོང་པར་བཞག་གོ།   །མཐར་ཡང་།    ཨོཾ་ཨུཙྪིཥྚ་བིཎྜ་ཨ་ཤི་བྷྱཿསྭཱཧཱ།   ཞེས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་ཆངས་བུ་གཅིག་སྦྱིན་པར་བྱའོ།   །དེ་ནས་ཁ་བཀྲུས་ཏེ།   ཡོན་སྦྱོང་བ་ནི།   བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་མེ་ [125a] འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ།   །ན་མ༔   སམནྟ་པྲ་བྷ་རཱ་ཛཱ་ཡ།   ཏ་ཐཱ་ག་ཏཱ་ཡ།   ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷུ་ཏཱ་ཡ།   བོ་ངྷི་སཏྭ་ཡ།   མཧཱ་སཏྭ་ཡ།   མ་ཧཱ་ཀཱ་རུ་ཎི་ཀཱ་ཡ།   ཏདྱ་ཐཱ།   ཨོཾ་ནི་རཱ་ལཾ་བྷེ།   ཛ་ཡ་ཛ་ཡ་ལ་བྷེ།   མཧཱ་མ་ཏེ།   དཀྵེ་དཀྵེ་ཎི་མེ་པ་རི་ཤོ་ངྷ་ཡ་སྭཱཧཱ།   ཞེས་གཟུངས་འདི་ལན་གཅིག་བརྗོད་པར་བྱེད་པ་དེས་ནི་རི་རབ་ཙམ་གྱི་བསོད་སྙོམས་ཀྱང་ཡོངས་སུ་བྱང་བར་གསུངས་ཏེ།   གཟུངས་འདི་འདུལ་བ་རྣམ་པར་ངེས་པའི་རྒྱུད་ལས་ཕྱུངས་པ་ཡིན་ནོ།   །དེ་ནས་ལུང་ལས་འབྱུང་བ་བཞིན།   རྒྱལ་པོ་སྦྱིན་བདག་ཉིད་དེ་བཞིན།   །གང་ཡང་སེམས་ཅན་ཚོགས་གཞན་རྣམས།   །ནད་མེད་ཚེ་རིང་ཕུན་སུམ་ཚོགས།   །རྟག་ཏུ་བདེ་བའི་གཉེན་ཐོབ་ཤོག   །ཅེས་དང་། སྦྱིན་པས་འབྱུང་པོ་དབང་དུ་འགྱུར།   །སྦྱིན་པས་དགྲ་རྣམས་མེད་པར་འགྱུར།   །ཕ་རོལ་གཉེན་ཡང་སྦྱིན་པ་ཉིད།   །དེ་ཕྱིར་སྦྱིན་པ་གཙོ་བོར་བརྗོད།   །སྦྱིན་པ་འཇིག་རྟེན་རྒྱན་ཡིན་ཞིང་།   །སྦྱིན་པ་ངན་འགྲོ་ལྡོག་པར་བྱེད།   །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ།   །སྦྱིན་པ་ཞི་བྱེད་དགེ་བའོ།   །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་རྣམས།   །མི་ཟད་ནམ་མཁའ་ལྟ་བུ་གང་།   །ལོངས་སྤྱོད་དེ་ནི་ཐོབ་བྱའི་ཕྱིར།   །སྦྱིན་པ་དེ་ནི་ [125b] ཡང་དག་སྤེལ།   ཞེས་བསྔོ་སྨོན་དང་བཅས་པའི་ཚིགས་སུ་བཅད་པ་རྣམས་བརྗོད་པར་བྱའོ།   །ཡང་ལྷའི་རྣལ་འབྱོར་དང་ལྡན་པས་ཁ་ཟས་ནང་གི་ཚོགས་འཁོར་དུ་རོལ་པར་འདོད་ན། ཨོཾ་ཨཱཿཧཱུྃ་གིས་ཁ་ཟས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་དུ་སྤར་ལ།    ཧོཿ   བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི།   གདན་གསུམ་ཚང་བའི་ངོ་བོ་སྟེ།   །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ།   །འགུལ་བསྐྱོད་ཐམས་ཅད་བདེ་བ་ཆེ།   །རྡོ་རྗེ་དམ་ཚིག་བླ་ན་མེད།   །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར།   །གཉིས་མེད་མཉམ་པའི་ངང་དུ་རོལ།   །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས།   །ཟས་ཀྱི་སྒྲིབ་པར་མི་འགྱུར་བར།   །གཏན་པ་མེད་པའི་སྦྱིན་བདག་ཀྱང་།   །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག     །ཅེས་རང་གི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གསལ་བ་མཆོད་པའི་ཚུལ་གྱིས་ཐ་མལ་གྱི་སྣང་ཞེན་སྤངས་ཏེ་ཚིམ་པར་ལོངས་སྤྱད་པའི་མཐར།  གདན་གསུམ་ཚང་བའི་དཀྱིལ་འཁོར་དུ།   །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས།   །བདག་གཞན་འགྲོ་བ་མ་ལུས་པ།   །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག    །ཅེས་སྨོན་ལམ་གདབ།   འདི་ནི་གྲོལ་ཏིག་ལས་འབྱུང་བ་ཨ་ནུའི་ལུགས་ཀྱི་ནང་གི་ཚོགས་འཁོར་རོ།།   །། 
༈     །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ནི། རྒྱ་གར་སྐད་དུ་ [126a] བྷ་ག་ཝ་ཏི་པྲཛྙཱ་པ་ར་མི་ཏ་ཧྲྀ་ད་ཡ།   བོད་སྐད་དུ།   བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།   བམ་པོ་གཅིག་གོ།   འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།   བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་།   བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ།   དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།   །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབཀྱི་ཕ་རོལ་ཏུ་ཕྱིན་བ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ།   །དེ་ནས་སངས་རྒྱས་ཀྱི་མཐུས།   ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།   །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ།   དེ་སྐད་ཅེས་སྨྲས་པ་དང་།   བྱང་ཆུབ་སེམས་དཔའ་སེམས་ [126b] དཔའ་ཆེན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་ཅེས་སྨྲས་སོ།   །ཤཱ་རིའི་བུ་རིགས་ཀྱི་བུའམ།   རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ།   ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།   །གཟུགས་སྟོང་པའོ།   །སྟོང་པ་ཉིད་གཟུགས་སོ།   །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན།   སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།   །དེ་བཞིན་དུ་ཚོར་བ་དང་།   འདུ་ཤེས་དང་།   འདུ་བྱེད་དང་།   རྣམ་པར་ཤེས་པ་རྣམས་སྟོང་པའོ།   །ཤཱ་རིའི་བུ།   །དེ་ལྟ་བས་ན་སྟོང་པ་ཉིད་དེ།   མཚན་ཉིད་མེད་པ།   མ་སྐྱེས་པ།   མ་འགགས་པ།   དྲི་མ་མེད་པ།   དྲི་མ་དང་བྲལ་བ།   བྲི་བ་མེད་པ།   གང་བ་མེད་པའོ།   །ཤཱ་རིའི་བུ།   དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད།   །ཚོར་བ་མེད།   །འདུ་ཤེས་མེད།   འདུ་བྱེད་རྣམས་མེད།   

རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། [127a] སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དོ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ [127b] ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ [128a] ཕྱིན་པའི་སྙིང་པོ་རྫོགས་སོ། །མདོ་སྒྲུབ་བྱ་བར་འདོད་ན། མདུན་མཁར་དེ་བཞིན་གཤེགས་པ་བདུད་འདུལ་གྱི་ཕྱག་རྒྱ་ཅན་གྱི་འཁོར་དུ་སྤྱན་རས་གཟིགས་དང་། ཤཱ་རིའི་བུ་གཉིས་དྲི་ལན་མཛད་པ་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་གྱིས་བསྐོར་བར་མོས་ལ། སྟོང་པ་ཉིད་ཀྱི་དོན་ལ་སེམས་བཞིན་དུ་མདོ་ཟབ་མོ་བདུན་ཡན་ཆད་ཅི་མང་དང་། རིག་སྔགས་ཀྱང་ཅི་རིགས་པར་བཟླས་ནས། མཐར་བདུད་བཟློག་བྱ་ན། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཅེས་པའི་མཇུག་ཏུ། གང་གི་རྟེན་ [128b] ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་བསྔོ་སྨོན་ཤིས་བརྗོད་བྱའོ།། །།

༈      །དེ་ནས་ཇ་མཆོད་ཀྱི་རིམ་པ་ནི།   ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ།  ཧྲཱིཿ   དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔   བྱིན་རླབས་རྩ་བ་ཨོ་རྒྱན་རིན་པོ་ཆེ༔   འགྲོ་མགོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔   དྲིན་ཅན་བླ་མ་རྣམས་ལ་མཆོད་པ་འབུལ༔   ཞི་ཁྲོ་ཡི་དམ་འདས་པའི་རང་བཞིན་ཅན༔   དངོས་གྲུབ་རྩ་བ་ཐུགས་རྗེ་སྤྱན་རས་གཟིགས༔   རྟ་མགྲིན་དབང་ཆེན་འཁོར་འདས་སྤྱི་དཔལ་གཙོ༔   ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔   མ་མོ་མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ༔   བར་ཆད་སེལ་མཛད་རྡོ་རྗེ་ཕག་མོ་ཡུམ༔   རིགས་ཀྱི་ལྷ་མོ་གསང་བ་ཡེ་ཤེས་དབྱིངས༔   མ་སྲིང་མཁའ་འགྲོའི་ཚོགས་ལ་མཆོད་པ་འབུལ༔   ཧྲཱིཿ  བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔   བདག་གཞན་རབ་གུས་དུངས་པས་མཆོད་པ་འབུལ༔   ཁྱེད་ཀྱི་ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཀྱིས༔    [129a] མི་རྟོག་ཏིང་འཛིན་ཡེ་ཤེས་བསྐྱེད་དུ་གསོལ༔    ཉམས་རྟོགས་རིག་པའི་རྩལ་ཆེན་སྦར་དུ་གསོལ༔   སཀ་གསུམ་ཞིང་ཁམས་འབྱོངས་པར་མཛད་དུ་གསོལ༔   བསྐྱེད་རྫོགས་དོན་གཉིས་འབྲས་བུ་ཁོང་ཆུད་ནས༔   ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་ནས་ཀྱང་༔   སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་བར༔   འགྲོ་བའི་དོན་དུ་ལྷུན་གྲུབ་འབྱང་བར་ཤོག༔    ཅེས་བླ་མ་དགོངས་པ་འདུས་པ་ལས་རྩ་བ་གསུམ་གྱི་གསོལ་འདེབས་རྒྱུན་ཁྱེར་བསྡུས་པ་ཇ་མཆོད་དུ་ཚིག་བསྒྱུར་བའོ།   ། འཇིག་རྟེན་མཆོད་འོས་འདྲེན་པའི་དཔལ།   །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས།   །བདག་གི་བསོད་ནམས་ཞིང་སླད་དུ།   །འདིར་གཤེགས་སྙིང་གི་པདྨོར་རོལ།   །ལྷ་རྫས་འདོད་ཡོན་བཏུང་བའི་མཆོག   །ཁ་དོག་དྲི་རོ་བཅུད་ལྡན་པའི།   །ཟག་མེད་བདུད་རྩིར་རོལ་པའི་མཚོས།   །ནམ་མཁའ་གང་བར་སྤེལ་ཏེ་མཆོད།   །ཁྱབ་བདག་དྲིན་ཆེན་བླ་མ་དང་།   །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སོགས།   །བཀའ་གཏེར་ཟབ་དོན་རྒྱ་མཚོ་ཡི།   །རིག་འཛིན་བརྒྱུད་པར་བཅས་ཀུན་མཆོད།   །ཐུབ་དབང་རྒྱལ་བ་སྲས་བཅས་དང་།   །བདེ་གཤེགས་ཞི་ཁྲོ་བཀའ་བརྒྱད་ལྷ།   །མ་མགོན་དམ་ཅན་གཏེར་སྲུང་སོགས།   །རབ་འབྱམས་དཀྱིལ་ [129b] འཁོར་ལྷ་ཚོགས་མཆོད།   །ཁྱད་པར་རྡོ་རྗེ་ལུས་ཀྱི་ཞིང་།   །ཕུང་ཁམས་སྒྱུ་འཕྲུལ་ལྷ་ཚོགས་ཀུན།   །ཟག་མེད་དྭངས་མའི་བདུད་རྩིའི་རོས།   །དགའ་བཞི་ཡེ་ཤེས་རོལ་པར་མཆོད།   །ཐབས་མཆོག་བདེ་ཆེན་རོ་བརྒྱའི་བཅུད།   །ཤེས་རབ་སྟོང་ཉིད་སྙིང་རྗེའི་འཕྲུལ།   །ཟུང་འཇུག་བདེ་ཆེན་བདུད་རྩིའི་སྤྲིན།   །འཁོར་འདས་རོ་མཉམ་ངང་དུ་འབུལ།   །དེ་ལྟར་མཆོད་པའི་བསོད་ནམས་མཐུས།   །གནས་སྐབས་བསམ་པ་ཀུན་འགྲུབ་ཅིང་།   །རིམ་གཉིས་སྤྱོད་པ་མཐར་ཕྱིནནས།   །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག    །ཅེས་རྒྱ་ཇའི་བཏུང་བ་མཆོད་སྤྲིན་རྒྱ་མཚོར་སྤེལ་བྱེད་འདི་ནི་འདུལ་འཛིན་ངག་དབང་ཀུན་དགས་བསྐུལ་ངོར།   རིག་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ཕྲིན་ལས་སོ།   །   ཕུན་ཚོགས་ནགས་ཚལ་འདབ་གུར་བྲེས་པ་ལས།   །ཡིད་འོང་འདོད་དགུར་སྨིན་པ་རོ་བརྒྱའི་བཅུད།   །རྒྱལ་བ་སྲས་བཅས་དགྱེས་པའི་མཆོད་ཡོན་དུ།   །འཆི་མེད་ལྷ་ལས་བབས་བའི་བདུད་རྩི་འདིས།   །སངས་རྒྱས་ཀུན་དངོས་གུ་རུ་པདྨ་མཆོད།   །དམ་ཆོས་འབྱུང་གནས་གུ་རུ་པདྨ་མཆོད།   །དགེ་འདུན་གཙུག་རྒྱན་གུ་རུ་པདྨ་མཆོད།   །བླ་མ་མཉམ་མེད་གུ་རུ་པདྨ་མཆོད།   །ཡི་དམ་ཀུན་འདུས་གུ་རུ་པདྨ་མཆོད།   །མཁའ་འགྲོའི་དབང་ [130a] ཕྱག་གུ་རུ་པདྨ་མཆོད།   །བསྟན་པའི་སྲོག་ཤིང་གུ་རུ་པདྨ་མཆོད།   །ཆོས་ཀྱི་རྒྱལ་མཚན་གུ་རུ་པདྨ་མཆོད།   །སྣང་སྲིད་དབང་འདུས་གུ་རུ་པདྨ་མཆོད།   །དགོངས་འདོད་ཀུན་འབྱུང་གུ་རུ་པདྨ་མཆོད།   །རྒྱ་གར་པཎ་ཆེན་གུ་རུ་པདྨ་མཆོད།   །ཨོ་རྒྱན་སློབ་དཔོན་གུ་རུ་པདྨ་མཆོད།   །ཁྱེད་ལ་མཆོད་ཅིང་གསོལ་བ་སྙིང་ནས་འདེབས།   །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བྱིན་རློབས།   །ནད་གདོན་བགེགས་དང་བར་གཅོད་མ་ལུས་སོལ།   །མཆོག་དང་མཐུན་མོང་དངོས་གྲུབ་དུས་འདིར་སྩོལ།   །ཞེས་པ་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེས་མཛད་པའོ།།   །།ཆང་མཆོད་བདུད་རྩིའི་རླབས་ཕྲེང་ནི། ཧོཿ   མཚན་ལྡན་བདེ་བ་ཆེན་པོའི་ཀ་པཱ་ལར།   །འབྲུ་བཅུད་བདུད་རྩིའི་རྒྱ་མཚོ་རྦ་ཟེར་འཁྲུག    །ལག་གཡས་ཨོཾ་ལས་རིག་འཛིན་དཔའ་བོ་ལྔ།   །ལག་གཡོན་ཨཱཿལས་དབྱིངས་ཕྱུག་ཌཱ་ཀི་ལྔ།   །མཉམ་སྦྱོར་ཧཱུཾ་ལས་ཟག་མེད་བདུད་རྩིར་བསྐྱིལ།   །ཧ་ཧོ་ཧྲཱིཿ་ཡིད་ཁ་དོག་རོ་ནུས་སྦར།   །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿལན་གསུམ།   ཚོགས་ཀྱི་འཁོར་ལོ་ཇི་སྙེད་ཀུན་ཚང་ཞིང་།   །འདོད་ཡོན་ལྔ་ཡི་ཕུང་པོར་སྤྱོད་དགྱེས་པའི།   །སྦྱོར་སྒྲོལ་ཡང་དག་དོན་གྱི་ཏིང་འཛིན་མཆོད།   །ཐམས་ཅད་འབྱུང་བའི་རྒྱུ་ནི་བདུད་རྩིའི་མཚོ།   །དགོངས་བརྒྱུད་བླ་མས་ཆོས་ཀྱི་དབྱིངས་ནས་རོལ།   །བརྡ་བརྒྱུད་བླ་མས་འོད་གསལ་དབྱིངས་ནས་བཞེས།   ། [130b] སྙན་བརྒྱུད་བླ་མས་ཐུགས་རྗེའི་རོལ་པས་བཞེས།   །བདག་ལ་དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ།   །རྒྱལ་བ་ཞི་ཁྲོས་འོག་མིན་ཞིང་ནས་བཞེས།   །དཔའ་བོ་མཁའ་འགྲོས་ཉེར་བཞིའི་ཞིང་ནས་བཞེས།   །རིག་འཛིན་རྣམས་ཀྱིས་དུར་ཁྲོད་བརྒྱད་ནས་བཞེས།   །ཁྲག་འཐུང་རྣམས་ཀྱིས་སྙིང་རྗེའི་ཀློང་ནས་བཞེས།   །ཆོས་སྲུང་རྣམས་ཀྱིས་གཏུམ་རྔམ་དྲག་པོས་བཞེས།   །ཐུགས་དམ་སྐོང་ལ་དབང་དང་དངོས་གྲུབ་སྩོལ།   །སྡེ་བརྒྱད་རྣམས་ཀྱིས་ཕྱོགས་མཚམས་ཀུན་ནས་བཞེས།   །སྐལ་བར་ལྡན་རྣམས་རང་རང་གནས་ནས་བཞེས།   །སྣང་སྟོང་རང་ལུས་རྒྱལ་བའི་དཀྱིལ་འཁོར་འདིར།   །དོན་དམ་ཐིག་ལེ་ཡེ་ཤེས་རོལ་པའི་ལྷ།   །སྲིད་ཞི་ཡོངས་ཀྱི་དཀྱིལ་འཁོར་དབང་ཕྱུག་གཙོ།   །མ་འགགས་གསལ་བའི་ཡི་དམ་ལྷ་ཚོགས་མཆོད།   །གདོད་ནས་སྐྱེ་མེད་ཆོས་དབྱིངས་ཡུམ་ཆེན་མཆོད།   །རང་གྲོལ་གཉིས་མེད་ཞི་དང་ཁྲོ་གར་མཆོད།   །སྣང་སྟོང་བདེ་ཆེན་འཁོར་འདས་དབྱེར་མེད་མཆོད།   །རྩ་དང་རླུང་དང་ཐིག་ལེའི་གཞལ་ཡས་མཆོད།   །ཤ་ཁྲག་དྲོད་དབུགས་འབྱུང་ལྔའི་ཡུམ་ཆེན་མཆོད།   །ཙིཏྟ་འདབ་བརྒྱད་ཞི་བའི་ཕོ་བྲང་མཆོད།   །ཀླད་པ་དུང་ཁང་ཁྲོ་བོའི་ལྷ་ཚོགས་མཆོད།   །རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་སེམས་མ་མཆོད།   །ཡན་ལག་བཞི་ལྡན་སྒོ་བ་སྒོ་མ་མཆོད།   །ཌཱ་ཀིའི་གྲོང་ཁྱེར་སྐྲ་དང་བ་སྤུ་མཆོད།   །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱཧི།   ཕྱི་ལ་ [131a] གཏོར་བས་སྣང་སྲིད་རྒྱལ་བའི་ཞིང་།   ནང་ལ་གཏོར་བས་ཕུང་ཁམས་རྒྱལ་བའི་སྐུ།   །ཕྱོགས་མཚམས་གཏོར་བས་དུག་ལྔ་ཡེ་ཤེས་ལྔ།   །སྟེང་ལ་གཏོར་བས་དབྱིངས་རིག་མ་འདྲེས།   །བཅུད་ལ་མྱོང་བས་ཟག་བཅས་འོད་སྐུར་ཞུ།   །རྩ་ལ་ཐིམ་པས་དབང་བཞིའི་ཡེ་ཤེས་སྐྱེས།   །རླུང་ལ་ཐིམ་པས་རྡོ་རྗེའི་འཇའ་ལུས་འགྲུབ།   །གཉིས་མེད་བསྲེས་པས་ཐིག་ལེ་འོད་སྐུར་ཞུ།   །ཐབས་ཤེས་གཉིས་མེད་དྭངས་མའི་འོད་གསལ་ཆེ།   །བདེ་ཆེན་ཆམ་ཡངས་ཀ་དག་བློ་ལས་འདས།   །འགྱུར་མེད་ས་རྩེ་རྡོ་རྗེའི་སྙིང་པོའི་ཀློང་།   །འཕོ་མེད་གཞི་ལ་རང་དབང་རྫོགས་གྱུར་ཅིག   ཅེས་ལྷ་བཙུན་ཆེན་པོའི་དག་སྣང་རིག་འཛིན་སྲོག་སྒྲུབ་ཀྱི་བདུད་རྩི་ལག་མཆོད་ལས་སྙིང་པོའི་བཅུད་བསྡུས་པ་སྟེ་ཛྙཱ་ནས་སོ།།   །། 
༈      །དེ་ནས་མཆོད་སྦྱིན་གཏོར་མ་སོགས་ཀྱི་རིམ་པ་ལ།   མཆོད་སྦྱིན་བའིལ་གཏོར་གངྒཱའི་ཆུ་རྒྱུན་ནི།   སྭསྟི་པྲ་ཛཱབྷྱཿ   ཕུན་ཚོགས་དགེ་ལེགས་བྱེ་བས་རབ་བསྐྲུན་ཞིང་།   །རྣམ་མང་ཉེས་བརྒྱའི་བག་ཆགས་གཟེབ་གྲོལ་བས།   །མ་ལུས་འགྲོ་བའི་བསོད་ནམས་ཞིང་གྱུར་པ།   །བླ་མ་མཆོག་དང་ཐུབ་དབང་སྲས་བཅས་རྒྱལ།   །ངེས་འབྱུང་ལྷག་བསམ་བགྲོད་པས་བསྐུལ་བ་ལས།   །སྔོན་མེད་ལེགས་བཤད་ཟླ་བ་གསར་པའི་འཛུམ།   །སྐལ་བཟང་ཤར་རིའི་རྩེར་སོན་འོད་སྣང་ཟེར།   །ཕན་བདེའི་ཀུནྡ་བཞད་པའི་དཔྱིད་དུ་གསལ།   །དེ་ཡང་རྟེན་གྱི་གང་ཟག་འཁོར་བའི་རང་བཞིན་སྡུག་བསྔལ་དུ་ཤེས་པས་ཡིད་ངེས་པར་ [131b] བྱུང་ཞིང་།   ཐར་པའི་ཕན་ཡོན་མཐོང་བས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་ཀྱི་བསམ་པ་དྲག་པོ་དང་ལྡན་པས་ཐབས་འདི་ལ་ནན་ཏན་དུ་བྱ་བ་ཡིན་ཏེ།   གཙང་ཞིང་ཡིད་དུ་འོང་བའི་གནས་སུ་མཆོད་གཏོར་ཆུ་སྣོད་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ནས་བདེ་བའི་སྟན་ལ་འདུག་སྟེ།   སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་རྣམས་སྔོན་དུ་འགྲོ་བས།  རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་མཆོག་སྦྱིན་དང་།   གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ།   །དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པར་དམིགས་ལ།   །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཛྭ་ལ་ཧྲི་ད་ཡ་གརྦྷེ་ཛྭ་ལ་དུ་རུ་དུ་རུ་ནི་སྭཱཧཱ།   ཞེས་བདུན་བཟླས་པས་དགེ་བ་བརྒྱ་འགྱུར་དུ་འཕེལ་བར་འགྱུར་རོ།   །ས་གཞི་བྱིན་བརླབ་ནི།  ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར།   །ཨོཾ་སརྦ་བིཏྤཱུ་རཱུ་པ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ་སྥ་ར་ཎ་ཁཾ།   ཞེས་ལན་གསུམ་བརྗོད།   མཆོད་རྫས་བྱིན་བརླབ་ནི།   ཕུན་སུམ་ཚོགས་པའི་ཞིང་དེ་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་།    [132a] སྒྲ་དང་།   དྲི་དང་།   རོ་དང་།   རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར།   ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ  སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ།   ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ།   སྤྱན་དྲང་བ་ནི།   འདུན་པ་རྩེ་གཅིག་པས་འདི་སྐད་དོ།   ། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས།   །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས།   །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས།   །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ།   །བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན།   །ཡི་དམ་མཁའ་འགྲོ་དམ་ཅན་སྒྱུ་འཕྲུལ་གར།   །སྐྱེ་མང་དྲིན་གྱིས་བརྩེ་བའི་རིས་མེད་འགྲོ།   །མ་རིག་འཛིན་པས་རྟག་འཁྱམས་ཤ་འཁོན་ཚོགས།   །ཀུན་ཀྱང་བདེ་ཆེན་ཆོས་སྐུའི་རོལ་པ་ལས།   །འགག་མེད་སྒྱུ་མའི་རྣམ་པར་ཤར་བའི་མགྲོན།   །ཐམས་ཅད་གཏན་པ་མེད་པའི་མཆོད་སྦྱིན་ལ།   །མོས་དུངས་བརྩེ་བས་སྤྱན་འདྲེན་གཤེགས་སུ་གསོལ།   །བཛྲ་ས་མཱ་ཛཿས་སྤྱན་དྲངས།   པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ་ལ།   དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི།    [132b] མཆོད་ཡོན་ཞབས་བའིལ་མེ་ཏོག་བདུག་སྤོས་དང་།   །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་སོགས།   །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི།   །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་ལ།   ཁྲུས་ཆབ་སྦྲེང་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།   །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།   །ལྷ་ཡི་ཆུ་ནི་དག་པ་ཡིས།   །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།   །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ།   ཞེས་སྐུ་ཁྲུས་གསོལ་ཏེ། དེ་ལས་གཞན་ཡང་སོགས་ཀྱིས་རྒྱས་བར་མཆོད་དོ།   །དེ་ནས་ཆུ་སྦྱིན་དང་པོ་ནི། རང་ཉིད་ཐུགས་རྗེ་ཆེན་པོའི་ཕྱག་གཡས་མཆོག་སྦྱིན་གྱི་རྩེ་ལས་བདུད་རྩིའི་རྒྱུན་བབས་པས་ཡི་དྭགས་རྣམས་ཚིམ་པར་བསམ་ཞིང་།   ཨོཾ་མ་ཎི་པདྨེ་ཧཱུྃ།   ཞེས་གང་བར་བླུག  །   གཉིས་པར།  ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་དང་།   གསུམ་པར།  ཛྭ་ལ་མི་དཾ་སརྦ་བྱེ་ཏེ་བྷྱ༔   སྭཱཧཱ།   ཞེས་ཐིགས་པ་སྦྲེང་ཞིང་སེ་གོལ་གཏོག  །   བཞི་པར། ཨོཾ་ཛྙཱ་ན་ཨ་བ་ལོ་ཀེ་ཏེ་ས་མནྟ་རསྨི་བྷ་བ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱཧཱ།   ཞེས་དང་།   ལྔ་པར།  ན་མོ་རཏྣ་ཏྲ་ཡཱ་ཡ།   ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི།   རོ་ཙ་ནི་རོ་ཙ་ནི།   ཏྲོ་ཊ་ནི་ཏྲོ་ཊ་ནི།   ཏྲཱ་ས་ནི་ཏྲཱ་ས་ནི།   པྲ་ཏི་ཧ་ན་པྲ་ཏི་ཧ་ན།   སརྦ་ཀརྨཱ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཉྩ་སྭཱཧཱ།   ཞེས་གང་བར་སྦྲེང་ཞིང་།   བར་དོའི་ [133a] འགྲོ་བ་རྣམས་གཙང་ཞིང་བའིལ་བའི་སྐོམ་གྱིས་ཚིམ་སྟེ་བླ་ན་མེད་པའི་བདེ་བ་མཆོག་ལ་རེག་པར་གྱུར་ཅིག  །   ཅེས་དང་།   བདག་གི་བསམ་པའི་སྟོབས་དག་དང་།   །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།   །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།   །འཕགས་པ་རྣམས་ལ་མཆོད་པ་དང་།   །སེམས་ཅན་རྣམས་ལ་ཕན་གདགས་སླད།   །དོན་རྣམས་གང་དག་བསམ་པ་ཀུན།   །དེ་དག་ཐམས་ཅད་ཅི་རིགས་པར།   །ཐོགས་པ་མེད་པར་འགྲུབ་གྱུར་ཅིག  །   ཅེས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་གདབ་བོ།   །དེ་ནས་ཛམྦྷ་ལྷ་ལ་ཆུ་སྦྱིན་དབུལ་བའི་དོན་དུ་མཆོད་གཏོར་བཤམས་ལ།   སྟོང་པའི་ངང་ལས་མདུན་དུ་ཛཾ་ཡིག་སེར་ནག་ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་ཛམྦྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ།   བི་ཛ་པཱུ་ར་ཀ་དང་གཏེར་གྱི་ནེའུ་ལེ་བསྣམས་པ།   ཨུཏྤལ་དང་རིན་པོ་ཆེའི་རྒྱན་ཕྲེང་དུ་མས་སྤྲས་པ།   །བརྗིད་པའི་ཉམས་ཅན་པད་ཟླའི་གདན་ལ་རོལ་ཞིང་དུང་དང་པད་ཆེན་གཏེར་བདག་མནན་པའོ།   །ཛམྦྷ་ལ་ནག་པོ་ཞལ་གཅིག་ཕྱག་གཉིས་པ།   ཐོད་ཁྲག་དང་གཏེར་གྱི་ནེའུ་ལེ་བསྣམས་པ།   ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་།   གཅེར་བུ་ཁྲོས་པའི་ཉམས་ཅན་པད་ཉིའི་གདན་ལ་གཡོན་བརྐྱང་ [133b] གིས་ནོར་བདག་སེར་པོ་མནན་པའོ།   །གཉིས་ཀའི་སྤྱི་བོར་ཨོཾ།   མགྲིན་པར་ཨཱཿ   སྙིང་གར་ཧཱུྃ།   ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས།   ཛཿཧཱུྃ་བྃ་ཧོཿ   སླར་ཡང་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་དེ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར།   སྐུ་གང་།   དྲི་མ་དག   །ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིན་འབྱུང་དང་མི་བསྐྱོད་པས་དབུ་བརྒྱན་པར་གྱུར།   རང་གི་ལག་མཐིལ་གཡས་པར་ཟླ་བའི་སྟེང་དུ་བྷཱུཾ་ཨཱཾ་ཛིཾ་ཁཱཾ་ཧཱུྃ་ལས་དེ་བཞིན་གཤེགས་པ་ལྔ་ཡེ་ཤེས་བདུད་རྩིར་ཞི་སྟེ་སོར་མོ་ལས་བབས་པར་བསམ་ཞིང་།   ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ།   ཞེས་བརྒྱ་རྩ་ལ་སོགས་པས་ཆུ་གཙང་སྦྲེང་ཞིང་། དབུའི་རྨའི་ཟུག་རྔུ་ཞི་སྟེ་དགྱེས་པར་བསམ་མོ།   །དེ་བཞིན་དུ།   ཛམ་ནག་ལ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱཧཱ།   ཞེས་བརྗོད་ལ། ཨོཾ་ཛླུཾ་སྭཱཧཱ།   ཞེས་པས་སྔར་ལྟར་དབུལ་བས།  མགྲིན་པའི་མེའི་ཟུག་རྔུ་ཞི་སྟེ་དགྱེས་པར་བསམ།   གཏོར་མ་གཉིས། ཨོཾ་ཨཱཿཧཱུྃ་ཧོཿ ས་བདུད་རྩིའི་རང་བཞིན་དུ་བལྟས་ལ།   སྔགས་ཚན་གཉིས་ཀྱི་མཐར་ ས་པ་རི་ཝཱ་ར་ཨ་དཾ་བ་ལིཾ་གྲྀཧྞ་ནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ།   ཞེས་ལན་གསུམ་གྱིས་རིམ་པར་དབུལ། ཨོཾ་ཨཱ་རྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ [134a] ཤཔྡའི་བར་གྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་།   །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ།   །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ།   །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད།   །རྡུལ་བྲལ་ནམ་མཁའི་མདོག་ཅན་གཏུམ་བརྗིད་གཟུགས།   །སྒེག་སོགས་ཉམས་དགུས་རྣམ་རོལ་གཏེར་གྱི་བདག  །   དབུལ་བའི་གདུང་སེལ་འདོད་རྒུའི་མཆོག་སྩོལ་བའི།   །མགོན་པོ་ནོར་སྦྱིན་ཁྱོད་ལ་ཕྱག་འཚལ་བསྟོད།   ཅེས་བསྟོད།   སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས།   །སྐྱེ་དང་སྐྱེ་བར་ཁྱོད་ལ་སྐྱབས་སུ་མཆི།   །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་ཆེན་པོས།   །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།   ཅེས་གསོལ་ཞིང་ཆུ་ཐིགས་རེ་ལྕེར་བཞག་ལ།   ཨོཾ་ཛམྦྷ་ལ་སིདྡྷི་ཕ་ལ་ཧོཿ   ཞེས་དངོས་གྲུབ་བླང་།   རྟེན་ཡོད་ན་དེ་ལ་བསྟིམ།   མེད་ན།  བཛྲ་མུཿས་གཤེགས་སུ་གསོལ།   ཛམ་དམར་སོགས་ཀྱི་ཆུ་སྦྱིན་བྱེད་ནའང་འདིར་སྦྲེལ་ལོ།   །དེ་ནས་དཀར་གཏོར་ཆ་ལྔའམ་བཞི་བཤམས་ལ།   དང་པོ་གཉིས།   ཨ་མྲྀ་ཏས་བསང་།   སྭ་བྷཱ་ཝས་སྦྱང།   སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ [134b] ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བལྟས་ལ།   ཨོཾ་ཨཱཿཧཱུྃ་གིས་སྦར་བའི་དང་པོ་མི་གཡོ་བ་ལ་འབུལ་ཏེ།   རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་མི་གཡོ་བ་སྐུ་མདོག་སྔོན་པོ་རལ་གྲི་དང་ཞགས་པ་འཛིན་པ་སྦྲུལ་དང་རིན་པོ་ཆེའི་རྒྱན་ཅན་པད་ཉི་ལ་བཞུགས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས།   ནམ་མཁའ་མཛོད་ཀྱི་རྒྱས། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ།   བདུན་གྱི་མཐར། ཨཱརྻ་ཨ་ཙ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་སོགས་གསུམ་གྱིས་གཏོར་མ་ཕུལ།   ཨརྱ་སོགས་ཀྱིས་མཐར། ཨརྒྷཾ་ནས་ ཤཔྡའི་བར་གྱི་མཆོད། གཏུམ་ཆེན་ཁྲོ་བོ་མི་སྡུག་གཟུགས།   །མཐིང་ནག་རལ་གྲི་ཞགས་པ་འཛིན།   །དྲག་པོའི་སྟོབས་ཀྱིས་གར་མཛད་པ།   །མི་གཡོ་མགོན་ལ་ཕྱག་འཚལ་ལོ།   །ཞེས་བསྟོད།   བདག་དང་སེམས་ཅན་ཐམས་ཅད་བདུད་བཞིའི་བར་ཆད་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།   ཞེས་གསོལ་བ་གདབ།   གཉིས་པ་རྗེ་བཙུན་མ་ལ་འབུལ་ཏེ།   རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་སྒྲོལ་མ་སྐུ་མདོག་མརྒད་ལྟ་བུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་པད་ཟླ་ལ་བཞུགས་པ་མདུན་གྱི་ནམ་མཁར་བཛྲ་ས་ [135a] མཱ་ཛཿས་སྤྱན་དྲངས།   ནམ་མཁའ་མཛོད་ཀྱི་རྒྱས། ན་མཿསརྦ་བུདྡྷ་བོ་ངྷི་ས་ཏྭ་ནཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ།   ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ།   མ་བི་ལམྦ་མཱ་བི་ལམྦ།   ཨི་དཾ་བ་ལིཾ་གྲྀཧྞཱ་བ་ཡ་ཧཱུྃ་ཧཱུྃ།   སརྦ་བི་སཉྩ་ར་སྭཱཧཱ།   ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཨོཾ་ཨརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད།   ལྷ་དང་ལྷ་མིན་ཅོད་པན་གྱིས།   །ཞབས་ཀྱི་པདྨོ་ལ་བཏུད་དེ།   །ཕོངས་པ་ཀུན་ལས་སྒྲོལ་མཛད་མ།   །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།   །ཞེས་བསྟོད། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ།   ཞེས་གསོལ་བ་གདབ།   གསུམ་པ་ཀླུ་རྣམས་ལ་འབུལ་ཏེ།   རྡོ་རྗེ་གནོད་སྦྱིན་གྱི་རྒྱས།   ཨོཾ་བཛྲ་ཡཀྵ་ཧཱུྃ།   ཞེས་བསང་།   རྡོ་རྗེ་མེའི་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙམ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་ཀྱིས་སྦྱངས་ཏེ།  རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཀླུ་རྣམས་དགའ་བར་བྱེད་པའི་འདོད་ཡོན་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ།   རྡོ་རྗེ་བསྡམས་པ་འདེགས་ཚུལ་གྱིས།  ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ།   ལན་གསུམ་གྱིས་སྤེལ་ལ།   འདོད་རྒྱལ་གྱི་ཕྱག་རྒྱ་ [135b] བཅིངས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ།   ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛཿཛཿསྭཱཧཱ།   ཨོཾ།   ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ།   །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ།   །པདྨ་པདྨ་ཆེན་པོ་དང་།   །དུང་སྐྱོང་དང་ནི་རིགས་ལྡན་ནོ།   །ལྷ་མོ་ལྷ་མོ་ཆེན་པོ་དང་།   །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ།   །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་།   །སོག་མ་མེད་དང་ཧུ་ལུཎྜ།   །དགའ་བོ་དང་ནི་ཉེར་དགའ་བོ།   །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་།   ཚ་བ་ཚ་བ་ཆེན་པོ་དང་།   །དཔལ་གྱི་འོད་དང་འོད་པོ་ཆེ།   །རིན་ཆེན་འོད་དང་གཟུགས་མཛེས་དང་།   །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང་།   །ལྷོ་འཕྱེ་ཆེན་པོ་ཚི་ལི་དང་།   །ཚི་ལི་ཆེན་པོ་རྣམ་དག་ནི།   །མཆོད་པའི་གནས་འདིར་གཤེགས་སུ་གསོལ།   །ཨོཾ་ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་ངྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་ཕུ་སྭཱཧཱ།   ཞེས་མདུན་དུ་བྱོན་པར་བསམ་ལ།   པདྨ་ཀ་མ་ལ་ཡེ་སྟཾ་གྱིས་གདན་ཕུལ།   ཨོཾ་མ་ཧཱ་ནཱ་ག་ཨ་ངྷི་པ་ཏ་ཡེ་གྲྀཧྞེ་དཾ་ཨརྒྷ་སྭཱཧཱ།   དེ་བཞིན་དུ།   པུཥྤཾ་དྷུ་པཾ་དཱི་པཾ་གནྡྷཾ་སོགས་ཀྱིས་མཆོད།   ཀླུ་དགའ་བར་བྱེད་པའི་རྒྱས།   ཨི་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ།   ཞེས་སེ་གོལ་དང་བཅས་པས་ལན་གསུམ་དང་།  ཨོཾ་བྷཀྵ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱཧཱ།    [136a] ལན་གསུམ་གྱིས་གཏོར་མ་བསྔོ། ཡེ་དྷརྨཱ་དང་།   སྡིག་པ་ཅི་ཡང་མི་བྱ་སྟེ།   དགེ་བ་ཕུན་སུམ་ཚོགས་པར་སྤྱད།   །རང་གི་སེམས་ནི་ཡོངས་སུ་འདུལ།   །འདི་ནི་སངས་རྒྱས་བསྟན་པ་ཡིན།   ཞེས་ཆོས་ཀྱིས་སྦྱིན་པ་བྱ།   ཀླུ་ཆེན་པོ་བརྒྱད་སོགས་ཀླུའི་རིགས་སུ་གྱུར་པ་ཐམས་ཅད་དང་བྱེ་བྲག་བདག་ཅག་ལ་གནོད་ཅིང་ལན་ཆགས་པ་ཐམས་ཅད་མཉེས་ཤིང་ཚིམ་ནས་གནོད་འཚེ་དང་གདུག་སེམས་ཞི་སྟེ་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག     །ཅེས་སྨོན་ལམ་གདབ།   ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ།   ཞེས་དཀར་ཕྱོགས་ཀྱི་ཀླུ་རང་གནས་སུ་གཤེགས།   མཁའ་ལྡིང་གི་རྒྱས། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱཧཱ།   ཞེས་ནག་པོའི་ཀླུ་རྣམས་བསྐྲད་པར་བྱའོ།   །སྐབས་གཞན་དུ་ཀླུ་གཏོར་བྱེད་ནའང་འདི་ཉིད་དོ།   །བཞི་པ་སུ་རུ་པའི་སྔགས་ཀྱིས་ཡི་དྭགས་རྣམས་ལ་སྦྱིན་པ་ནི། རང་ཉིད་སྐད་ཅིག་གིས་རིན་ཆེན་གཟུགས་མཛེས་སུ་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས།   ཡི་དྭགས་རྣམས་ཚིམ་པར་ནུས་པའི་འདོད་ཡོན་བདུད་རྩིའི་རང་བཞིན་དུ་བལྟས་ལ།   ན་མཿསུ་རུ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།   ཏདྱ་ཐཱ།   ཨོཾ་སུ་རུ་སུ་རུ།   པྲ་སུ་རུ་སུ་རུ།   ཏ་ར་ཏ་ར།   བྷ་ར་བྷ་ར།   སམྦྷ་ར་སམྦྷ་ར།   སྨ་ར་སྨ་ར།   སནྟ་རྦ་ཡ་སནྟ་རྦ་ [136b] པ།   སརྦ་པྲེ་ཏཱ་ནཱཾ་སྭཱཧཱ།   ཞེས་ལན་གསུམ་གྱིས་མཐར་སེ་གོལ་གཏོགས་ཤིང་།  ཨ་པ་ས་རནྟུ་ཨ་ཝ་ཏཱ་རེ་པྲེ་ཀྵི་ཎོ་ད་དཱ་མྱ་ཧཾ་སརྦ་ལོ་ཀ་དྷཱ་ཏུ་བྷ་སི་ནཱཾ་པྲེ་ཏཱ་ནཱ་མཱ་ཧ་རཾ།   ཞེས་ལན་ག་ཅིག་བརྗོད་ཅིང་ཆོས་ཀྱི་སྦྱིན་པ་གོང་བཞིན་བྱ།   ཡི་དྭགས་ཐམས་ཅད་བཟའ་བཏུང་གི་འབྱོར་པས་ཚིམ་སྟེ་བཀྲེས་སྐོམས་ཕོངས་པའི་སྡུག་བསྔལ་དང་བྲལ་ནས་མཐོ་རིས་ཐར་པའི་བདེ་བ་དམ་པ་ཐོབ་པར་གྱུར་ཅིང་།   །ཅེས་སྨོན་ལམ་གདབ།   འདི་ཟས་མ་ཟོས་པའི་གོང་ཁོ་ནར་བྱའོ།   །ལྔ་པ་བྱེད་ན་གཞི་བདག་གཏོར་མ་བརྒྱ་རྩའི་སྐབས་བཞིན་ནོ།   །དེ་ནས་བརྒྱ་རྩའི་རིམ་པ་ནི།   ཟན་རིལ་བཅུ་ཚན་གྱིས་རིམ་པར་སྦྲན་ཏེ།   བསང་སྦྱང་བྱིན་རླབས་ཆ་བཞིའི་སྐབས་ལྟར་སྔོན་སུ་འགྲོ་བས།   དང་པོ་ནི།    ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལེ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།   ཞེས་ཉེར་གཅིག་དང་།   ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད།  རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ།   །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ།   །འབུལ་ལོ་བཞེས་ནས་བདག་སོགས་མཁའ་མཉམ་འགྲོར།   །དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ།   གཉིས་པ་སམྦྷ་ར་དང་ཨརྒྷཾ་སོགས།  རྣལ་འབྱོར་དབང་མོ་སྒྱུ་འཕྲུལ་མཁའ་འགྲོ་ལྔ།   །མཐུ་ཆེན་དམ་ཅན་བསྟན་སྲུང་རྒྱ་མཚོ་ལ།   །འབུལ་ལོ་བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས།   །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཆར་བཞིན་ཕོབ།   ། [137a] གསུམ་པ་སམྦྷ་ར་དང་།   ཨརྒྷཾ་སོགས།   ལྷ་དང་མི་ཡི་དྲང་སྲོང་རིག་པ་འཛིན།   །མངོན་ཤེས་ལྔ་ལྡན་བདེན་ཚིག་གྲུབ་རྣམས་ལ།   །འབུལ་ལོ་རྒྱལ་བའི་བསྟན་པ་དར་བ་དང་།   །འགྲོ་ལ་ཕན་བདེའི་སྨོན་ལམ་གདབ་ཏུ་གསོལ།   བཞི་པ་སམྦྷ་ར་དང་།   ཨརྒྷཾ་སོགས། ངལ་གསོས་བུ་དང་རྨུགས་འཛིན་གཏེར་གྱི་བདག   །ལྷན་སྐྱེས་ལྷ་སོགས་དཀར་ཕྱོགས་སྐྱོང་ཀུན་ལ།   །འབུལ་ལོ་ནད་གདོན་ཕོངས་རྒུད་འཇིགས་བྲལ་ནས།   །ཚེ་དང་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ།   ལྔ་པ་སམྦྷ་ར་བདུན་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ།   །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴    དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴    དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།   །ཞེས་མཚན་བཞི་བརྗོད། འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་ལྗོངས།   །བྱེ་བྲག་ཡུལ་འདིའི་གཞི་བདག་འཁོར་བཅས་ལ།   །འབུལ་ལོ་ནད་མུག་འཁྲུག་རྩོད་ཞི་ཞིང་།   རྫོགས་ལྡན་འབྱོར་པས་འགྲོ་ཀུན་འཚོ་བར་མཛོད།   དྲུག་པ་སམྦྷ་ར་དང་མཚན་བཞི།   འབྲོག་གནས་ལྔ་སོགས་གནོད་སྦྱིན་སྡེ་དཔོན་ཚོགས།   །འཕྲོག་མ་མ་བུ་འཇིག་རྟེན་སྐྱོང་རྣམས་ [137b] ལ།   །འབུལ་ལོ་འགྲོ་བའི་ཚེ་སྲོག་གཟི་བརྗིད་མདངས།   །འཕྲོག་སོགས་གནོད་འཚེའི་བསམ་སྦྱོར་ཞི་བར་མཛོད།   བདུན་པ་སམྦྷ་ར་དང་མཚན་བཞི།    སྟོང་ཕྲག་བརྒྱད་ཅུའི་བགེགས་དང་གདོན་གྱི་རིགས།   །ནད་ཡམས་དལ་བདག་གནོད་བྱེད་ཚོགས་རྣམསལ།   །འབུལ་ལོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིང་།   །གཞན་ཕན་བྱང་སེམས་རྒྱུད་ལ་སྐྱེ་གྱུར་ཅིག     །བརྒྱད་པ་སམྦྷ་ར་དང་མཚན་བཞི།   འགྲོ་བ་རིགས་དྲུག་ལམ་ལྔ་སྐྱེ་གནས་བཞི།   །བར་དོའི་འགྲོ་བ་ཚེ་རབས་དྲིན་ཅན་ལ།   །འབུལ་ལོ་སོ་སོའི་སྡུག་བསྔལ་ཀུན་བྲལ་ནས།   །བླ་མེད་བྱུང་ཆུབ་མཆོག་ལ་སྤྱོད་གྱུར་ཅིག   །དགུ་པ་སམྦྷ་ར་དང་མཚན་བཞི།   ཁ་ནས་མེ་འབར་ཕྱི་ནང་སྒྲིབ་ཅན་སོགས།   །བཀྲེས་སྐོམས་ཀྱིས་གདུངས་ཡི་དྭགས་ཚོགས་ཀུན་ལ།   །བསྔོའི་ཟས་སྐོམ་ཆར་གྱིས་རབ་ཚིམ་ཞིང་།   །སེར་སྣའི་སྒྲིབ་བྲལ་ཐར་པའི་བདེ་ཐོབ་ཤོག   །བཅུ་པ་སམྦྷ་ར་དང་མཚན་བཞི།    ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར།   །སྲོག་ལུས་ལོངས་སྤྱོད་ལན་ཆགས་ཐམས་ཅད་ལ།   །བསྔོའི་ཤ་འཁོན་བུ་ལོན་ཀུན་བྱང་ནས།   །ཕན་བདེའི་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག   །ཅེས་བསྔོ།   དེ་ནས་ལྷ།   །གཏོར་ [138a] བཤམས་ཏེ།   སམྦྷ་ར་དང་མཚན་བཞི།    གློ་བུར་ལྷགས་དང་ཁས་ལེན་དབང་ཆུང་བ།   །ལྷག་མ་བཤལ་ཆུ་རེ་བ་ཀུན་ལ་སྟེར།   །སོ་སོར་ཟས་སྐོམ་བདུད་རྩིའི་དཔལ་ཐོབ་ནས།   །ཟག་མེད་བདེ་བ་མཆོག་ལ་སྤྱོད་པར་ཤོག    །ཅེས་དང་།   ཆོས་སྦྱིན་གོང་བཞིན་བྱ།   བདག་གི་བསམ་པའི་སྟོབས་སོགས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་གདབ་པོ།   །དམ་པའི་རྟེན་འབྲེལ་བརྒྱད་ཅུ་དང་འཁྱུད་སྤྱད་ལ་བརྟེན་པའི་འབྱུང་བཞིའི་གཏོར་མ་བྱེད་ན་པར་སྤྲོ་ན།   གཏོར་སྣོད་ལྔར་ཟན་གྱི་ཟླ་གམ།   གྲུ་གསུམ།   ཟླུམ་པོ།   གྲུ་བཞི།   གཙང་གླུད་ཆངས་བུ་ཅན་རིམ་པ་བཞིན་བཤམས་ལ།  རང་ཉིད་དམ་པ་སངས་རྒྱས་སྐུ་མདོག་སྨུག་ནག་གཅེར་བུ་མཆོག་ཏུ་འབར་བའི་གཟི་བྱིན་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་པ།   ཕྱག་གཉིས་ཌཱ་མ་རུ་དང་དྲིལ་བུ་འཁྲོལ་བ།   ཏིང་ངེ་འཛིན་གྱི་རོས་མྱོས་ཤིང་།   །འཁོར་འདས་ཟིལ་གྱིས་གནོན་པའི་ལྟ་སྟངས་མཛད་པར་གྱུར།   ཨོཾ་ཨ་ཨཱ།   ཨི་ཨཱི།   ཨུ་ཨཱུ།   རྀ་རཱྀ།   ལྀ་ལཱྀ།   ཨེ་ཨཻ།   ཨོ་ཨཽ།   ཨཾ་ཨཿ  ཀ་ཁ་ག་གྷ་ང་།   ཙ་ཚ་ཛ་ཛྷ་ཉ།   ཊ་ཋ་ཌ་ཌྷ་ན།   ཏ་ཐ་ད་དྷ་ན།   པ་ཕ་བ་བྷ་མ།   ཡ་ར་ལ་ཝ།   ཤ་ཥ་ས་ཧ་ཀྵ།   གཏོར་མ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་གཏོར་མའི་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ [138b] རྣམ་པ་འབྱུང་བ་སོ་སོའི་བྱེད་ལས་དང་མཚན་ཉིད་ཚང་བར་གྱུར།   ཨོཾ་ཨཱཿཧཱུྃ།   ལན་གསུམ་གྱིས་བྱིན་གྱིས་བརླབས།   དེ་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་སྤྲིན་ཕུང་ནམ་མཁའ་གང་བར་སད་པར་བལྟས་ལ།    ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད།   དང་པོ་ནི།   ཡཾ་ཨོཾ་ཙ་ཚ་ཛ་ཛྷ་ཉ་ཡཾ་ཨི་ཨི༷།   ལན་གསུམ། ཡཾ་ལས་རླུང་རྫས་སྔོན་པོ་གཡོ་བ་འདི།   །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་རྩ་གསུམ་ལྷ།   །གྲངས་མེད་རབ་འབྱམས་རྒྱལ་བའི་འཁོར་ལོར་འབུལ།   །རླུང་དང་ཞེ་སྡང་ལས་གྱུར་ནད་གདོན་ཞི།   །ཆོས་ཀུན་རྟེན་འབྲེལ་རོལ་པར་འཆར་བ་དང་།   །དོན་གཉིས་ལྷུན་གྱིས་གྲུབ་པའི་མཆོག་སྩོལ་ཅིག  །   གཉིས་པ།  རཾ་ཨོཾ་ཊ་ཋ་ཌ་ཌྷ་ཎ་རཾ་རྀ་རཱྀ།   རཾ་ལས་མེ་རྫས་དམར་པོ་འབར་བ་འདི།   །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི༴    གྲངས་མེད༴    མེ་དང་རྒྱལ་ལས་གྱུར༴    ཆོས་ཀུན༴    དོན་གཉིས༴    གསུམ་པ།  ཝཾ་ཨོཾ་པ་ཕ་བ་བྷ་མ་ཝཾ་ཨུ་ཨཱུ།   ཝཾ་ལས་ཆུ་རྫས་དཀར་པོ་བརླན་གཤེར་འདི།   །ནུབ་ཕྱོགས་པདྨ་རིགས་ཀྱི༴    གྲངས་མེད༴    ཆུ་དང་འདོད་ཆགས་ལས་གྱུར༴    ཆོས་ཀུན༴    དོན་གཉིས༴   བཞི་པ། ལཾ་ཨོཾ་ཏ་ཐ་ད་ངྷ་ན་ལཾ་ལྀ་ལཱྀ།   ལཾ་ལས་ས་རྫས་སེར་པོ་སྲ་མཁྲེགས་འདི།   །བྱང་ [139a] ཕྱོགས་ལས་ཀྱི་རིགས་ཀྱི༴    གྲངས་མེད༴    ས་དང་ཕྲག་དོག་ལས༴     ཆོས་ཀུན༴     དོན་གཉིས༴    ལྔ་པ་གླུད་གཏོར་བསང་སྦྱང་།   སྟོང་པའི་ངང་ལས་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པའི་གཟུགས་གླུད་མཛེས་ཤིང་ཡིད་དུ་འོང་བ་འདོད་ཡོན་འཛད་པ་མེད་པའི་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་དང་བཅས་པར་གྱུར་པར་བལྟས་ལ་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་།   སམྦྷ་ར་དང་མཚན་བཞི་བརྗོད། ཀྱེ།   གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས།   །ཚུར་ཤོག་བདེན་པའི་ཚིག་ལ་ཉོན།   །མཛེས་པའི་གཟུགས་གླུད་ཡིད་འོང་ལྡན།   །མཁོ་རྒུའི་འབྱོར་པ་རྒྱ་མཚོར་བཅས།   །ཏིང་འཛིན་སྔགས་རྒྱས་རབ་སྦར་ནས།   ལན་ཆགས་ཤ་འཁོན་གཉེར་བ་དང་།   །གནོད་བྱེད་གདོན་བགེགས་ཡོངས་ལ་བསྔོ།   །དགྱེས་ཤིང་ཚིམ་པར་བཞེས་ནས་ཀྱང་།   །མི་དང་གླུད་གཉིས་བརྗེ་བ་དང་།   །གནོད་པའི་བསམ་སྦྱོར་ཞི་བར་མཛོད།   ཅེས་དང་།   ཆོས་སྦྱིན་གོང་བཞིན་བྱས་ལ།   སརྦ་བྷུ་ཏ་གཙྪ་ཞེས་གཤེགས་སུ་གསོལ།   བར་དོའི་འགྲོ་བ་རྣམས་རྗེས་སུ་འཛིན་པའི་སླད་དུ་བར་དོ་ཆ་བཞི་ནི།   གཏོར་སྣོད་བཞིར་གཉིས་སུ་ལྕོག་དང་བཅས་པ་དང་།   གཉིས་སུ་ཟན་བྲུལ་རྐྱང་པ་བཤམ།   ཆུ་བྲན་ཏེ་བརྒྱ་རྩའི་སྐབས་ལྟར་བྱིན་གྱིས་བརླབ།   དང་པོ་གཉིས་ལ་སམྦྷ་ར་ཉེར་གཅིག་ [139b] དང་།   ཨརྒྷཾ་སོགས་ཀྱིས་མཆོད་ལ།   རྩ་བརྒྱུད་བླ་མ་ཞི་ཁྲོ་རབ་འབྱམས་ལྷ།   །མཆོག་གསུམ་རྒྱལ་སྲས་སློབ་མར་བཅས་ལ་འབུལ།   །བར་དོའི་འགྲོ་ལ་དབང་བསྐུར་བྱིན་རློབ་ཅིང་།   །ཐུགས་རྗེས་སྐྱབས་གནས་དཔུང་གཉེན་མཛད་དུ་གསོལ།   གཉིས་པར། དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས།   །བཀའ་སྡོད་ཕོ་ཉར་བཅས་པ་རྣམས་ལ་འབུལ།   །བར་དོའི་འགྲོ་རྣམས་གཤེད་མའི་བགེགས་བྲལ་ཞིང་།   ལམ་སྟོན་གནས་སྤོར་ས་མཁན་མཛད་དུ་གསོལ།   ཕྱི་མ་གཉིས་ལ་སམྦྷ་ར་དང་མཚན་བཞི།   གསུམ་པར།   ལྷན་སྐྱེས་འདྲེ་སོགས་བར་དོའི་སེམས་ཅན་ལ།   །གནོད་བྱེད་གཤེད་མའི་བགེགས་རིགས་ཀུན་ལ་བསྔོ།   །ངོམས་ཤིང་ཚིམས་ནས་ཕྱིན་ཆད་བར་སྲིད་ལ།   །གནོད་ཅིང་འཚེ་བའི་བསམ་སྦྱོར་ཞི་བར་མཛོད།   བཞི་པར།  ཤི་ནས་ལུས་རྟེན་མ་ཐོབ་བར་དོའི་འགྲོ།   །ཡིད་ལུས་རྟེན་ཅན་མཁའ་མཉམ་ཀུན་ལ་བསྔོ།   །འཁྲུལ་སྣང་འཇིགས་སྐྲག་བར་དོར་ངོ་ཤེས་ཤིང་།   །དག་པའི་ཞིང་དུ་སྐྱེ་བ་ལེན་པར་ཤོག     །ལྔ་པ་བར་དོའི་ཆུ་སྦྱིན་བྱ་ཞིང་ཆོས་ཀྱི་སྦྱིན་པ་ཡང་བྱའོ།   །དེ་ནས་མགྲོན་སྤྱི་ལ་ཕྲིན་ལས་བཅོལ་བ་ནི།    ཨོཾ།   བླ་མ་མཆོག་གསུམ་ཡི་དམ་ལྷ།   །མཁའ་འགྲོ་དམ་ཅན་རྒྱ་མཚོར་ [140a] བཅས།   །དཀར་ཕྱོགས་སྐྱོང་བའི་མཐུ་ཆེན་དང་།   །སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ཀྱིས།   །མཆོད་སྦྱིན་གཏོར་མ་འདི་བཞེས་ལ།   ཞེས་པ་ནས།    ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།   ཀྱི་བར་དཀྱུས་བཞིན་བྱ།   བདག་གི་བསམ་པའི་སྟོབས་དང་ནི།   སོགས་བདེན་པའི་སྟོབས་བརྗོད་དེ་སྨོན་ལམ་གདབ་པ་སྔར་བཞིན་དང་།   ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།   །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ།   །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།   །སླར་ཡང་འབྱོན་པར་མཛད་དུ་གསོལ།   བཛྲ་མུཿ  གཏོར་མགྲོན་མཆོག་རྣམས་རང་བཞིན་གྱི་གནས་སུ་གཤེགས།   མཆོད་སྦྱིན་གནས་འདིར་གང་ལྷགས་པའི།   །འབྱུང་པོ་ས་འོག་རྒྱུ་བ་དང་།   །གང་ཡང་ས་སྟེང་འཁོད་པ་དང་།   །ས་བླར་རྒྱུ་བ་གང་ཡིན་པ།   །མགུ་བར་གྱུར་ནས་རང་གནས་སུ།   །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས།   སརྦ་བྷུ་ཏ་གཙྪ།   ཞེས་དམན་པ་རྣམས་རང་གནས་སུ་བཏང་ལ་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་ཤིང་ཤིས་པ་བརྗོད་པ་སོགས་རྗེས་ཀྱི་བྱ་བས་མཐའ་བརྒྱན་པར་བྱའོ།   །ལེགས་པར་བཤད་པའི་ངག་ཚིག་མཐོ་རིས་ཆབ།   །སྲིད་པ་སྡིག་ཏོའི་ཁྱབ་འཇུག་ཞབས་བའིལ་དུ།   །སྒྲེང་བའི་ནུས་གཟུགས་དྲི་བྲལ་བྱང་ཆེན་གྱི།   རང་གཟུགས་ཚོགས་གཉིས་ལང་ཚོའི་མཛེས་པ་ངོམས།   །ལྷག་ [140b] བསམ་ས་འཛིན་རྩེར་སོན་ཟླ་ཟེར་གྱི།   །སྣང་བས་དགེ་ཚོགས་ཀུནྡའི་མྱུ་གུ་དག   །རྒྱས་པར་བྱས་དང་ལྷན་ཅིག་འགྲོ་འདི་ཡི།   །ལས་ཉོན་སྙིང་གི་བུན་པ་ཅི་ཡང་བསལ།   །དེ་ལྟའི་ལེགས་བྱས་ཚོགས་གཉིས་གངྒཱའི་རྒྱུན།   །ཚད་མེད་བྱང་ཆུབ་མཆོག་གི་མཚོར་ཞུགས་ཏེ།   །ཀུན་མཁྱེན་ཡེ་ཤེས་འདོད་འཇོ་རིན་པོ་ཆེའི།   །འབྱུང་གནས་འགྲོ་བའི་ཉེར་འཚོར་གྱུར་ཅིག་གུ།   །མཆོད་སྦྱིན་བའིལ་གཏོར་གྱི་ཆོ་ག་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི་བསླབ་པ་གསུམ་གྱི་ནོར་བུས་རྒྱུད་གཏམས་ཤིང་སྤོང་བ་པའི་བརྟུལ་ཞུགས་ལྟུར་བྱེད་པའི་དགེ་སློང་ཚུལ་ཁྲིམས་མཐར་ཕྱིན་གྱིས་བསྐུལ་བ་ལས།   །ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བསམ་གཏན་གྱི་རི་ངོགས་ངེས་པ་དོན་གྱི་ནགས་ཀླུང་དམ་པར་སྦྱར་བ་འགྲོ་བ་ཀུན་བྱང་ཆུབ་མཆོག་གི་ལམ་དཀྲི་བའི་རྒྱུར་གྱུར་ཅིག།   །།   
༈     །གསུར་མཆོད་འདོད་ཡོན་སྤྲིན་ཕུང་ནི།   ཨོཾ་སྭསྟི།   ཡེ་ཤེས་གཅིག་ཉིད་དུ་མའི་རྣམ་རོལ་ནི།   །གདུལ་བྱའི་མོས་ངོར་ཤར་བ་རྩ་གསུམ་ལྷར།   །གུས་པས་བཏུད་ནས་ཚོགས་གཉིས་དགེ་བའི་མཐུ།   །སྤེལ་བྱེད་མཆོད་སྦྱིན་གསུར་གྱི་ཆོ་ག་སྤེལ།   །དེ་ཡང་མངོན་མཐོའི་རྟེན་ལས་ངེས་པར་ལེགས་པའི་གོ་འཕང་སྒྲུབ་པའི་ཐབས་ཀྱི་སྒོ་ཇི་སྙེད་པ་དག་འབྱུང་བ་ལས།   །འདིར་མཆོད་པའི་རྫས་མེར་བསྲེག་པའི་ཚོགས་མཆོད་སྦྱིན་དུ་འཆར་བ་གསུར་ཞེས་ཡོངས་སུ་གྲགས་པ་སྟེ།   ཐུགས་སྒྲུབ་གསང་བ་འདུས་པ་ལས།   ཚོགས་གསོག་པ་ཡི་སྦྱིན་སྲེག་ནི༔   ཕྱེ་དང་སྨན་གྱིས་འགྲུབ་པའོ༔   ཟས་འདོད་བ་ལ་ཟས་དེ་བསྲེགཿ   གོས་འདོད་པ་ལ་ [141a] གོས་དེ་བསྲེག༔    ནང་ནུབ་ཐབ་ཏུ་བསྲེག་ཀྱང་ཆོག༔   ཅེས་གསུངས་པའི་དོན་བཞིན་བསྒྲུབ་པ་ལ།   སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་།   །དངོས་གཞི་ཆོ་གའི་རིམ་པའོ།   །དང་པོ་ནི།   སྙིང་པོ་ལྔ་སོགས་ལྔ་ཚན་ལྔ་དང་།   དཀར་གསུམ་མངར་གསུམ།   དར་རས་སྣ་ཚོགས།   དུག་རིགས་མེད་པའི་སྨན་སྣ་ཚོགས།   ཕྱེ་དང་མར་གྱིས་བུངས་བསྐྱེད་ནས་སྦྱར་བའི་རྫས་ཀྱི་ཕུར་མ་གཙང་མ་ཟངས་ཀྱི་སྣོད་དུ་མེ་ལ་གསུར་དུ་སྦྱར་བའོ།   །གཉིས་པ་ནི།   སྔགས་ཀྱི་ཉམས་ལེན་ལ་རྒྱུན་དུ་འཇུག་བཞིན་པ་ཡིན་ན་ཐུན་མཚམས་ཀྱི་ལྷ་དེ་ཉིད་ལ་བརྟེན་པས་ཆོག་ཅིང་།   མིན་ན་ཡི་དམ་གང་བྱེད་དམ།   ཐུན་མོང་གི་ལས་དང་འབྲེལ་བའི་ཕྱིར།   སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།   ཞེས་སོགས་ཀྱིས་སྐྱབས་འགྲོ་དང་བྱང་ཆུབ་ཏུ་སེམས་བསྐྱེད།   ཚད་མེད་བཞིས་རྒྱུད་དག་པར་བྱས་ནས།   ཨོཾ་སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ།   ཧྲཱིཿ  མི་དམིགས་སྤྲོས་བྲལ་སྟོང་ཉིད་རང་མདངས་ལས།   །པད་ཟླར་ཧྲཱིཿལས་འཕགས་མཆོག་ཐུགས་རྗེའི་གཏེར།   །དཀར་གསལ་མཛེས་འཛུམ་མཚན་དཔེའི་ལང་ཚོ་ཅན།   །ཕྱག་གཡས་མཆོག་སྦྱིན་གཡོན་པ་པད་དཀར་འཛིན།   །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་བརྒྱན།   །སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་ཧྲཱིཿ   དཀར་པོར།   །ཡིག་དྲུག་ཕྲེང་བ་སྒྲ་གདངས་འབར་བས་བསྐོར།    [141b] ཨོཾ་མ་ཎི་པདྨེ་ཧཱུྃ།   ཞེས་བརྒྱ་རྩ་སོགས་ཅི་རིགས་པར་བཟླའོ།   །གསུར་རྫས་ཨ་མྲྀ་ཏས་བསང་།  སྭ་བྷཱ་ཝས་སྦྱང་།   རང་བཞིན་ལྷུན་གྲུབ་ཡེ་ཤེས་དབྱིངས་ཀྱི་གཞིར།   །ཀུན་བཟང་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཛོད།   །འདོད་པའི་ཡོན་ཏན་རྣམ་པ་ལྔ་ཡི་ཆར།   །སོ་སོའི་ཐུགས་ལ་དགྱེས་རྒུར་འབེབས་པར་གྱུར།   ནམ་མཁའ་མཛོད་ཀྱི་རྒྱ་བཅིངས་ཏེ།   ན་མཿསརྤ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ།   ཞེས་བདུན་ནམ་གསུམ་བཟླས་པས་བྱིན་གྱིས་བརླབས་ནས།   མགྲོན་སྤྱན་འདྲེན་པ་ནི།   བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྲིན།   །ཡི་དམ་མཁའ་འགྲོ་དམ་ཅན་སྒྱུ་འཕྲུལ་གར།   །སྐྱེ་མང་དྲིན་གྱིས་བརྩེ་བའི་རིས་མེད་འགྲོ།   །མ་རིག་འཛིན་པས་རྟག་འཁྱམས་ཤ་འཁོན་ཚོགས།   །ཀུན་ཀྱང་བདེ་ཆེན་ཆོས་སྐུའི་རོལ་པ་ལས།   །འགག་མེད་སྒྱུ་མའི་རྣམ་པར་ཤར་བའི་མགྲོན།   །ཐམས་ཅད་གཏན་པ་མེད་པའི་མཆོད་སྦྱིན་ལ།   །མོས་གདུང་བརྩེ་བས་སྤྱན་འདྲེན་གཤེགས་སུ་གསོལ།   །བཛྲ་ས་མཱ་ཛཿས་སྤྲན་དྲངས།  པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ།   དྲི་མེད་ཡིད་འོང་ལྷ་རྫས་ལས་བྱུང་བའི།   །མཆོད་ཡོན་ཞབས་བའིལ་མེ་ཏོག་བདུག་སྤོས་དང་།   །མར་མེ་དྲི་ཆབ་ཞལ་ཟས་རོལ་ [142a] མོ་སོགས།   །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པར་བགྱི།   ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད།  ཨོཾ་ཨཱཿཧཱུྃ།   ཡེ་ཤེས་མེ་ཡིས་བཞུ་བའི་ཟག་མེད་ཀྱི།   །བདུད་རྩིའི་དྭངས་མ་འདོད་པའི་ཡོན་ཏན་ལྔར།   །ཐོགས་མེད་འཆར་བའི་དྲི་གསུར་མཆོད་པ་འདིས།   །བླ་མ་མཆོག་གསུམ་སྲི་ཞུའི་མགྲོན་ཀུན་མཆོད།   །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་མྱུར་ཐོབ་སྩོལ།   །དམ་ཅན་ཆོས་སྐྱོང་ཡོན་ཏན་མགྲོན་ཀུན་མཆོད།   །བསྟན་པ་དར་ཞིང་ཕན་བདེའི་ཕྲིན་ལས་མཛོད།   །རིགས་དྲུག་ལན་ཆགས་སྙིང་རྗེའི་མགྲོན་ཀུན་མཆོད།   །དགྱེས་ཚིམ་སྡུག་བསྔལ་ཀུན་བྲལ་བདེ་ཐོབ་ཤོག  །   ལན་ཆགས་ཤ་འཁོན་གཉེར་བ་ཡོངས་ལ་བསྔོ།   །མགུ་ཞིང་གནོད་འཚེའི་བསམ་སྦྱོར་ཞི་བར་མཛོད།   །བར་དོའི་འགྲོ་བ་དྲི་ཟའི་ཚོགས་ལ་བསྔོ།   །འཁྲུལ་སྣང་འཇིགས་བྲལ་ཕན་བདེས་འཚོ་བར་ཤོག   །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨགྣེ་ཛྭ་ལ་རཾ་སརྦ་སིདྡྷི་ཀུ་རུ་ཧཱུྃ།   ཨོཾ་ཨ་ཀཱ་རོ་པུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུ་ཏྤནྣ་ཏོཏྟེ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ།   ཨགྣེ་ཛྭ་ལ་རཾ་སརྦ་སིདྡྷི་ཀུ་རུ་ཧཱུྃ།   ཞེས་དང་།   བདག་གི་བསམ་པའི་སྟོབས་དང་ནི།   །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།   །ཆོས་ཀྱི་དབྱིངས་ [142b] ཀྱི་སྟོབས་དག་གིས།   །འཕགས་པ་རྣམས་ལ་མཆོད་པ་དང་།   །སེམས་ཅན་རྣམས་ལ་ཕན་གདགས་སླད།   །དོན་རྣམས་གང་དག་བསམ་པ་ཀུན།   །དེ་དག་ཐམས་ཅད་ཅི་རིགས་པ།   །ཐོགས་པ་མེད་པར་འགྲུབ་གྱུར་ཅིག    །ཅེས་དང་།  སྡིག་པ་ཅི་ཡང་མི་བྱ་ཞིང་།   །དགེ་བ་ཕུན་སུམ་ཚོགས་པར་སྤྱད།   །རང་གི་སེམས་ནི་ཡོངས་སུ་འདུལ།   །འདི་ནི་སངས་རྒྱས་བསྟན་པ་ཡིན།   །ཞེས་ཆོས་ཀྱི་སྦྱིན་པའང་བྱས་ནས།   མཆོད་སྦྱིན་གྱི་མགྲོན་རྣམས་གཤེགས་ཤིང་བསྔོ་སྨོན་གྱི་རྒྱས་གདབ་པར་བྱའོ།   །ལེགས་བྱས་དགེ་བའི་ས་བོན་ཕྲ་མོ་ཡང་།   །ཚོགས་གཉིས་ལང་ཚོ་དར་བའི་དཔག་བསམ་ཤིང་།   །ཕན་བདེའི་འདོད་འཇོར་ངེས་ཕྱིར་འདིར་བརྗོད་པ།   །རྣམ་ཀུན་དོན་ཡོད་ཉིད་དུ་འགྱུར་བར་ཤོག  །   ཅེས་མི་གསུར་བསྔོ་ཆོག་ཉུང་ངུར་བསྡུས་པའི་འདི་ཡང་ཐུགས་སྒྲུབ་གསང་བ་འདུས་པའི་ཁུངས་ལ་བརྟེན་ཅིང་མཆོད་སྦྱིན་གྱི་ལས་གང་དུ་ཡང་བཀག་པ་མེད་པའི་དོན་བཞིན་ཨེ་པ་རིག་བྱེད་པ་མཇལ་སྟོད་ལྷུན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར།   འགྱུར་མེད་རྡོ་རྗེས་བཀོད་པའི་ཡི་གེ་བ་ནི་ཚེ་རིང་ནོར་བུའོ།།   །། 
༈     །དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ་ནི།  ཨོཾ་ཨཱཿཧཱུྃ།   ལན་གསུམ་བརྗོད།   དམར་གསུར་འདོད་ཡོན་རྒྱ་མཚོ་འདི།   །དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ལ།   །ཟས་ཀྱི་ཉེར་ལེན་མི་མངའ་ཡང་།   །མཆོད་པའི་ཡུལ་དུ་དམིགས་ནས་འབུལ།   །བདག་ [143a] ཅག་བསོད་ནམས་ཚོགས་རྫོགས་ནས།   །མྱུར་དུ་ཡེ་ཤེས་མཐོང་བར་ཤོག   །མགོན་པོ་ཡོན་ཏན་མགྲོན་རྣམས་ལ།   །ཟག་མེད་བདུད་རྩིར་དམིགས་ནས་འབུལ།   །བྱང་ཆུབ་སྒྲུབ་ལ་བར་གཅོད་པའི།   །འགལ་རྐྱེན་མི་མཐུན་ཕྱོགས་ལས་སྲུངས།   །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཀྱིས།   །རང་རང་འདོད་པའི་ལོངས་སྤྱོད་དུ།   །མཐོང་ནས་ཟད་མེད་གཏེར་ལ་སྤྱོད།   །དགའ་མགུ་ཚིམས་ཤིང་ཡི་རང་ནས།   །སོ་སོའི་སྡུག་བསྔལ་བྲལ་བར་ཤོག  །   བགེགས་རིགས་ལན་ཆགས་མགྲོན་རྣམས་ལ།   །ཕམ་རྒྱལ་འཐབ་རྩོད་མེད་པར་བསྔོ།   །སོ་སོའི་ཡིད་ལ་གང་འདོད་པའི།   །ཟད་མི་ཤེས་པའི་ལོངས་སྤྱོད་དུ།   །གྱུར་ནས་ཤ་འཁོན་བུ་ལོན་བྱང་།   །གནོད་སེམས་འཁོན་འཛིན་དག་པར་ཤོག   །ཁྱད་པར་གཞན་གྱི་ལུས་སྲོག་ལ།   །རྣམ་པར་སྡང་བའི་གནོད་སྦྱིན་དང་།   །ཤ་ཟ་སྲིན་པོ་འབྱུང་པོའི་གདོན།   ཚེ་བརྐུ་མདངས་འཕྲོག་སྲོག་ལེན་ཅིང་།   །ཤ་དང་ཁྲག་ལ་གདུང་བ་རྣམས།   །དམར་གསུར་འདོད་ཡོན་ཀུན་ཁྱབ་འདིས།   །ངོམས་ཤིང་ཚིམས་ལ་མཐུན་གྱུར་ཅིང་།   །ཁྲོ་ཞིང་གཏུམ་པའི་སེམས་བོར་ནས།   །བྱང་ཆུབ་སེམས་དང་ལྡན་པར་ཤོག  །   རྒྱུ་འབྲས་ [143b] བསླུ་བ་མེད་པ་དང་།   དཀོན་མཆོག་གསུམ་གྱི་བདེན་པ་དང་།   །བདག་གི་ལྷག་བསམ་རྣམ་དག་མཐུས།   །བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལས།   །རང་གི་ཡུལ་ཁམས་བསྲུངས་པ་བཞིན།   །མཐར་ཐུག་རང་གཞན་དོན་ཡོད་ཅིང་།   །གནས་སྐབས་འཆི་བའི་འཇིགས་པ་ལས།   །འགྲོ་བ་མང་པོའི་སྲོག་ཐར་ཤོག   །གང་ཞིག་འདི་རུ་ལྷགས་པ་ཡི།   །སའམ་འོན་ཏེ་བར་སྣང་གནས།   །འབྱུང་པོ་གདུག་པའི་སེམས་ལྡན་ཀྱང་།   །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས།   །གཞན་ལ་འཚེ་བའི་བློ་སྤངས་ཏེ།   །ཐར་པའི་ས་བོན་ཐེབས་པར་ཤོག    །ཆོས་སྦྱིན་དང་དགེ་བ་བསྔོ།   །སྤྱིར་དུས་ལ་ངེས་པ་མེད་ཅིང་ཁྱད་པར་མུན་སྲོད་ལ་གནོད་སྦྱིན་རྣམས་གཞན་གྱི་སྲོག་ལ་འཚེ་བའི་སླད་དུ་རྒྱུ་བ་ཡིན་པས།   །དེ་ཚེ་དམར་གསུང་སྦྱར་ཞིང་རང་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཆོས་དང་ཟང་ཟིང་གི་སྦྱིན་པ་ཐུན་མོང་དུ་གྱུར་པ་འདི་བྱས་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན་ནོ།   །ཞེས་པའང་ཀློང་གསལ་བ་ཆོས་ལྡན་པས་བསྐུལ་ངོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ།།   །། 
༈     །གཏོར་མ་ཆ་གསུམ་གྱི་རིམ་པ་ནི།   བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།   །རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོའི་ཆོ་གའི་སྐབས་སུ་ཆ་གསུམ་གཏོར་མ་རྒྱས་འབྲིང་བསྡུས་པའི་ཚུལ་ཇི་སྙེད་ཅིག་གསུངས་པ་ལས་འདི་ལྟར་ཤེས་པར་བྱ་སྟེ།   །རིན་པོ་ཆེ་ལ་སོགས་པའི་སྣོད་གསུམ་གྱི་དང་པོ་གཉིས་སུ་ [144a] ཕྱོགས་སྐྱོང་དང་འབྱུང་པོ་སྤྱིའི་གཏོར་ཟླུམ་མཐེབ་ཀྱུ་ཅན་འབྲས་ཆན་ལ་ཕུག་སོགས་དཀར་ཞིང་གཙང་བའི་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་པ་དང་།   གསུམ་པ་བགེགས་ཀྱི་གཏོར་མ་ཏིང་ལོ་ཆངས་བུ་ཅན་ཤ་ཆང་སོགས་ཀྱིས་སྦག་པ་རྣམས་གྲལ་རིམ་གྱིས་བཤམས་ལ།   བསང་ཆུ་བྲན་ཏེ།   རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས། ཨོཾ་བཛྲ་ཡཀྴ་ཧཱུྃ།   གིས་བསང་།   རྡོ་རྗེ་མེའི་ཕྱག་རྒྱས།  ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ།   ཅེས་དང་།   སྭ་བྷཱ་ཝས་སྦྱང་།   སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ།   ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་ཐུན་མོང་དུ་བྱིན་གྱིས་བརླབ་བོ།   །དེ་ནས་གཏོར་མ་དང་པོ་ཕྱོགས་སྐྱོང་བཅུ་ལ་འབུལ་ཏེ།   རང་གི་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་གྱིས་ཕྱོགས་སྐྱོང་འཁོར་བཅས་སྤྱན་དྲངས་པར་གྱུར་པར་བསམ་ལ།   རྡོ་རྗེ་དྲིལ་བུ་འཛིན་པས།   ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན།   །ཐུགས་རྗེ་ཐབས་མཁས་ཐུགས་དམ་དགྱེས་པོ་ཆེ།   །ལྷ་དང་དྲང་སྲོང་ཡི་དྭགས་སྲིན་པོ་ཀླུ།   །རིག་འཛིན་རྒྱལ་པོ་དང་ནི་གནོད་སྦྱིན་བདག   །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ།   །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་ [144b] བཞུགས་སོ་འཚལ།   །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན།   །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ།   །ཨོཾ་ད་ཤ་དི་ཀློ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི།   ཞེས་སྤྱན་དྲངས།   པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་འབུལ་ལ།    ཨོཾ་ཨིནྡྲ་ཡེ།   ཨགྣེ་ཡེ།   ཡ་མ་ཡེ།   ནེ་རི་ཏྱེ།   ཝ་རུ་ཎ་ཡ།   ཝ་ཡ་ཝེ།   ཀུ་ཝེ་ར་ཡ།   ཨི་ཤ་ནཱ་ཡ།   ཨུངྔྷཾ་པྲཧྨ་ཎ་ཡེ།   སཱུརྻ་གྲ་ཧ་ཨ་དྷི་པ་ཏ་ཡེ།   ཙནྡྲ་ན་ཀྵ་ཏྲ་ཨ་དྷི་པ་ཏ་ཡེ།   ཨ་དྷོ་པྲི་ཐི་ཝི་བྷྱཿ   ཨ་སུ་རེ་བྷྱཿ   ནཱ་གེ་བྷྱཿ   ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད།   རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེས་ལ།   ཨིནྡྲ་སོགས་སྔར་གྱི་སྔགས་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ།  དབང་པོ་རྡོ་རྗེ་འཆང་བའི་ལྷ།   །ལྷ་ཡི་རྒྱལ་པོ་གདོན་གྱི་བདག   །ཤར་ཕྱོགས་དྲི་ཟའི་ཚོགས་བཅས་ལ།   །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།   །མེ་སྟེ་བསྲེག་བྱ་ཟ་བའི་ལྷ།   །དྲང་སྲོང་རྒྱལ་པོ་གདོན་གྱི་བདག   །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ།   །མཆོད་ཅིང་བསྟོད་དེ༴   གཤིན་རྗེ་བེ་ཅོན་འཆང་བའི་ལྷ།   །མ་མོའི་རྒྱལ་པོ་གདོན་གྱི་བདག   །ལྷོ་ཕྱོགས་གཤིན་རྗེའི་ཚོགས་བཅས་ལ།   །མཆོད་ཅིང་༴    བདེན་དང་བྲལ་བ་ལེགས་ལྡན་ལྷ།   །སྲིན་པོའི་རྒྱལ་ [145a] པོ་གདོན་གྱི་བདག   །ལྷོ་ནུབ་སྲིན་པོའི་ཚོགས་བཅས་ལ།   །མཆོད་ཅིང་༴    ཞགས་པ་ཐོགས་པ་ཆུ་ཡི་ལྷ།   །ཀླུ་ཡི་རྒྱལ་པོ་གདོན་གྱི་བདག   །ནུབ་ཕྱོགས་ཆུ་ལྷའི་ཚོགས་བཅས་ལ།   །མཆོད་ཅིང་༴    རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ།   །རིག་འཛིན་རྒྱལ་པོ་གདོན་གྱི་བདག   །ནུབ་བྱང་རླུང་ལྷའི་ཚོགས་བཅས་ལ།   །མཆོད་ཅིང་།   གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས།   །ནོར་སྲུང་རྒྱལ་པོ་གདོན་གྱི་བདག   །བྱང་ཕྱོགས་གནོད་སྦྱིན་ཚོགས་བཅས་ལ།   །མཆོད་ཅིང་༴    དབང་དང་ལྡན་པ་འདྲེན་པའི་ལྷ།   །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག   །བྱང་ཤར་དབང་ལྡན་ཚོགས་བཅས་ལ།   མཆོད་ཅིང་༴    སྟེང་གི་ཚངས་པ་ཆེན་པོ་དང་།   །ཉི་མ་ཟླ་བ་གཟའ་ཆེན་པོ།   །གཟའ་དང་རྒྱུ་སྐར་ཚོགས་བཅས་ལ།   །མཆོད་ཅིང་ཟ   འོག་གི་ཀླུ་སྟེ་ས་ཡི་ལྷ།   །ས་འཛིན་ལག་པ་ཆེན་པོ་དང་།   །དམ་ཚིག་ཤེས་པའི་ཚོགས་བཅས་ལ།   །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ།   ཞེས་པས་བསྟོད།    ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་འཁོར་དང་བཅས།   །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ།   །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག   །ཆུ་བདག་རླུང་བདག་ནོར་ [145b] གྱི་བདག་པོ་དང་།   །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་།   །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།   །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ།   །རི་ཡི་ལྷ་དང་གཙང་མའི་ཚོགས་བཅས་ལ།   །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས།   །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་།   །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ།   །རང་གི་བུད་སྨད་མཛའ་བཤེས་གཉེན་འདུན་དང་།   །ནང་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ།   །མེ་ཏོག་དྲི་དང་བྱུག་པ་བདུག་པར་བཅས།   །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན།   །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་།   །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད།   ཅེས་ཕྲིན་ལས་བཅོལ།  ཨོཾ་ད་ཤ་དི་ཀ་སོགས་ཀྱི་མཐར་གཙྪ་བཏགས་པས་གཤེགས་སུ་གསོལ།   གཏོར་མ་གཉིས་པ་འབྱུང་པོ་སྤྱི་ལ་འབུལ་ཏེ།   ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།   །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ།   །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་།   །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན།   །བུད་སྨད་བཅས་ཤིང་གཡོག་འཁོར་བཅས་པ་ལ།   །བདག་གི་པུས་མོ་ས་ལ་བཙུགས་ནས་ནི།   །ཐལ་མོ་སྦྱར་ནས་ཁྱོད་ལ་གསོལ་འདེབས་ཀྱི།   །གསན་ནས་ཕན་གདགས་ [146a] སླད་དུ་འདིར་གཤེགས་ཤིག   །ཨོཾ་སརྦ་ལོ་ཀ་པཱ་ལ་ཨེ་ཧྱ་ཧིས་སྤྱན་དྲངས།   པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་གདན་ཕུལ།  ཨོཾ་དེ་ཝ་ནཱ་ག་ཡཀྴ་རཀྴ་གནྡྷརྦ་ཨ་སུ་ར་ག་རུ་ཌ་ཀི་ནི་ར་མ་ཧོ་རཱ་ག་མ་ནུ་ཥྱེ་ཨ་མ་ནུ་ཥྱ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད།   རྡོ་ཐལ་གྱེན་དུ་ཕྱེ་སྟེ།  ཨོཾ་དེ་ཝ་སོགས་སྔར་གྱི་སྔགས་མཐར། ན་མཿསརྦ་སོགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།   །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་།   །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་།   །རི་བོ་ཀུན་ལ་གང་དག་གནས་པ་དང་།   །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་།   །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་།   །མཚོ་དང་རྗིང་བུ་ལྟེང་ཀ་ཆུ་ངོགས་དང་།   །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་།   །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་།   །ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་།   །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་།   །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་།   །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་།   །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང་།   །གང་དག་ལམ་པོ་ཆེ་དང་ཤིང་གཅིག་དྲུང་།   །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་ [146b] དང་།   །སེང་གེ་དྲེད་དང་གཅན་གཟན་གནས་རྣམས་དང་།   །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་།   །གང་དག་གླིང་མཆོག་དག་ན་གནས་པ་དང་།   །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས།   །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ།   །ཕྲེང་བ་དྲི་དང་བྱུག་པ་མེ་ཏོག་དང་།   །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན།   །འདི་དག་གསོལ་ཞིང་ལེགས་པར་བསྣམས་ནས་ཀྱང་།   །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད།   ཅེས་ཕྲིན་ལས་བཅོལ། ཡེ་དྷརྨཱ༴    སྡིག་པ་ཅི་ཡང་མི་བྱ་ཞིང་།   །དགེ་བ་ཕུན་སུམ་ཚོགས་པར་སྤྱད།   །རང་གི་སེམས་ནི་ཡོངས་སུ་འདུལ།   །འདི་ནི་སངས་རྒྱས་བསྟན་པ་ཡིན།   ཅེས་ཆོས་ཀྱིས་སྦྱིན་པ་བྱ།  ཨོཾ་སརྦ་ལོ་ཀ་པཱ་ལ་གཙྪ།   ཞེས་གཤེགས་སུ་གསོལ།   གསུམ་པ་བགེགས་ལ་བསྔོ་སྟེ།   བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོཉ་ཧཾ།   རང་ཉིད་རྡོ་རྗེ་ཁྲོ་བོའི་ང་རྒྱལ་དང་ལྡན་པས།   ཧཱུཾ་མཛད་ཀྱིས་ཕྱག་རྒྱ་བཅིངས་ཏེ།   ན་མོ།   རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།   སངས་རྒྱས་ཀྱི་བཀའ༴    ཆོས་ཀྱི༴    དགེ་འདུན་གྱི༴    གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་།   བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ [147a] བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག  །   ཨོཾ་ཌཱཀྐི་ཧཱུྃ་ཛཿ   ཞེས་པས་སྤྱན་དྲངས།   ཨོཾ་གུཾ་ཀ་རི་གུཾ་ཀ་རི་སྭཱཧཱ།   ཨོཾ་པི་ཙི་པི་ཙི་སྭཱཧཱ།   ཨོཾ་གུཾ་གུཾ་སྭཱཧཱ།   སརྦ་བིགྷྣཾ་གྲྀཧྞེ་དཾ་ཨརྒྷཾ་སོགས་ཀྱིས་མཆོད།   རྡོ་ཐལ་སེ་གོལ་དང་བཅས་པས།  ཨོཾ་གུཾ་ཀ་རི་སོགས་ཀྱི་མཐར།   སརྦ་བིགྷྣཱཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་བྱིན་ལ།   གང་ཞིག་མཚན་མོ་རྒྱུ་བ་ཡི།   །འབྱུང་པོ་རྣམས་དང་ཤ་ཟ་དང་།   །སྲིན་པོ་ཤ་རྗེན་ཟ་བ་དང་།   །སེམས་ཅན་རྣམ་པ་སྣ་ཚོགས་ན།   ལྗོན་ཤིང་གེལ་པོ་སོགས་གནས་དང་།   །དེ་དང་དེ་ལ་གཏོར་མ་ནི།   །བཟའ་བ་ཤ་ཆང་ལ་ཕུག་བཅས།   །འབྲས་ཆན་འབྲས་བུ་མང་པོ་ཡི།   །མཆོད་པ་འདི་ཡིས་མགུ་བྱོས་ལ།   །གནོད་པའི་བསམ་པ་ཞི་བ་དང་།   །བདག་ཅག་རྣམས་ལ་ཕན་པའི་ཡིད།   །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས།   །རྒྱན་གྱིས་བརྒྱན་པར་བྱས་ཤིང་ཆོས་སྤྱོད་ཅིང་།   །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད།   །འབྱུང་པོ་ཀུན་ལ་ཆད་པ་སྤང་བ་སྟེ།   །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ།   །མཚོན་ཆས་མི་འཇིགས་གང་ཡང་མེད།   །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ།   །རང་གི་ལུས་ལ་དཔེ་ལོང་ལ།   །གཞན་ལ་གནོད་པ་མ་བྱེད་ཅིག  །   ཨོཾ།   ཆེན་པོའམ་ཆུང་གང་དག་གི།   །ལུས་ལ་མངོན་ [147b] པར་གནོད་གྱུར་པའི།   །ནད་དེ་ཉེ་བར་ཕྱུང་ནས་སུ།   །གདོན་དེ་རང་གི་གནས་སུ་དེངས།   །དེ་ལྟར་བདག་གི་ཅི་ནུས་ཀྱིས།   །མཆོད་དང་བསྙེན་བཀུར་བྱས་པ་ཡི།   །དམ་ཚིག་ལ་ནི་གནས་ནས་སུ།   །བདག་གི་བསམ་པ་སྐོང་བར་མཛོད།   །རྟག་ཏུ་དམ་ཚིག་ལ་གནས་ཤིང་།   །འདིར་ནི་སེམས་ཅན་ཐམས་ཅད་ཀྱི།   །ནད་དེ་རབ་ཏུ་སོལ་མཛད་ལ།   །གདོན་རྣམས་རང་གི་གནས་སུ་སོང་།   ཞེས་དང་ཆོས་ཀྱི་སྦྱིན་པ་གོང་བཞིན་བྱས་ལ།    སརྦ་བིགྷྣ་གཙྪས་གཤེགས་ཤིང་།   གང་དག་གདུག་ཅིང་རྩུབ་པའི་སེམས་འཆང་བ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག   །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་གདོན་བགེགས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ།   ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོའི་སྒྲ་དྲག་པོས་བསྐྲད་པར་བྱ་ཞིང་གཏོར་མ་རྣམས་རིམ་པ་བཞིན་གཙང་སར་དོར།   སླར་ཡང་།   འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ།   །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།   །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།   །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག     །ཅེས་སྨོན་ལམ་གདབ་པར་བྱའོ།   །གཏོར་མ་ཆ་གསུམ་གྱི་ཆོ་ག་འདི་ནི་སྔ་འགྱུར་བཀའ་མའི་ཡིག་ཆ་དུ་མ་དང་།   སྒྲུབ་ཆེན་བདེ་གཤེགས་འདུས་པའི་གཏོར་ཆོག་སོགས་ལས་བཏུས་ཤིང་ཕྱི་འགྱུར་བའི་ལུགས་དང་ཡང་ [148a] མི་འགལ་བར་མཚུངས་པར་བྱས་ཏེ་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་སྦྱར་བའོ།།   །། 
༈     །དེ་ནས་ཉེར་མཁོ་སྲུང་ཟློག་གི་རིམ་པ་ནི། རྒྱ་གར་སྐད་དུ༔   ཙཀྲ་ཛྭ་ལ་ནོ་བི་ཀ་ནའ་མ༔   བོད་སྐད་དུ༔   འཁོར་ལོ་འབར་བ་ཞེས་བྱ་བའི་སྒྲུབ་ཐབས༔   སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ༔   འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔   བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ༔   བདུད་བཏུལ་བའི་ཚེ༔   རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ༔   བཅོམ་ལྡན་འདས་བདག་ཅག་རིག་འཛིན་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་དགྲ་བགེགས་མང་ན་འདི་ལ་ཐབས་ཇི་ལྟར་བགྱི༔    ཞེས་ཞུས་སོ༔   བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔    འཁོར་ལོ་འབར་བ་ཞེས་བྱ་བའི་སྔགས་དང་སྒྲུབ་ཐབས་ཡོད་ཀྱི༔   འདི་ལོངས་ཤི༔   ཆོངས་ཤིག༔   ཀློག་ཅིག༔   ཡིད་ལ་གྱིས་ཤིག༔   སྔགས་འདི་བཟླས་པ་ཙམ་གྱིས་བགེགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ༔   བགེགས་ཐམས་ཅད་ལས་རྒྱལ་ཞིང་ཉམ་ང་བ་མེད་པར་འགྱུར་རོ༔   སྔགས་ནི་འདིའོ༔    ཨོཾ་དྷུ་རུ་དྷུ་རུ་ཙཀྲ༔   ཛ་ཡ་ཛ་ཡ་ཙཀྲ༔   ཧ་ན་ཧ་ན་ཙཀྲ༔   བྷུ་རུ་བྷུ་རུ [148b] ཙཀྲ༔   བྷྲ་མ་ར་བྷྲ་མ་ར་ཙཀྲ༔   བྷེ་དུ་མ་ནི་ཙཀྲ༔   ཛྭ་ལ་ཛྭ་ལ་ཙཀྲ༔   སཾ་བྷ་ཝེ་ག་ནན་ཡ་ས་ར་ཙཀྲ༔   སཱ་ལ་ཡ་སཱ་ལ་ཡ་ཙཀྲ༔   ནཱ་ག་ཤ་ཡ་ནཱ་ག་ཤ་ཡ་ཙཀྲ༔   བཾ་བཾ་ཙཀྲ༔   ཧཱུཾ་ཧཱུཾ་ཕཊ་ཕཊ༔   ས་མནྟ་ག་ར་ཙཀྲ༔    ཏིཔྟ་ཙཀྲ་ཧཱུཾ་ཕཊ༔   སྔགས་འདི་བཟླས་པ་ཙམ་གྱིས་སྲི་ཅན་དྲག་པོ་དྭངས་ཤིང་༔   ཤི་ཁ་བྱེ་བ་སྲི་ལས་ཐར་བར་འགྱུར་རོ༔   དེ་སྐད་ཅེས་བཀའ་སྩལ་པ་དང་རིག་འཛིན་དང་བྱང་ཆུབ་སེམས་དཔའི་ཚོགས་ཡི་རངས་ཏེ༔   བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༔    ཞེས་སྤྲུལ་སྐུ་བཟང་པོ་གྲགས་པས་རྒྱང་ཡོན་པོ་ནས་གཏེར་ནད་བཏོན་ཏེ་རིག་འཛིན་རྒོད་ལྡེམ་ལ་གནང་བའོ།།   །། 
༈     །གཙུག་ཏོར་གདུགས་དཀར་མོའི་རྒྱུན་ཁྱེར་འབར་བའི་ཐོག་བརྩེགས་ནི།  ན་མོ་གུ་རུ་ཨུཥྞི་ཥ་ཡ།   སྦྱོར་བ་ནི། བླ་མ་མཆོག་གསུམ་གདུགས་དཀར་མོར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །གཙུག་ཏོར་འབར་མ་བསྒོམས་པར་བགྱི།   ཞེས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག   །སྡུག་བསྔལ་ཀུན་དང་བྲལ་བར་ཤོག   །བདེ་དང་རྟག་ཏུ་མི་འབྲལ་ཞིང་།   །ཆོས་ཀུན་མཉམ་ཉིད་རྟོགས་པ་ཤོག     །ཅེས་ཚད་མེད་བཞི་བསྒོམ།   དངོས་གཞི་ནི། ཆོས་རྣམས་སྟོང་པའི་ངང་ཉིད་ལས།   །མི་ཕྱེད་ [149a] རྡོ་རྗེའི་སྲུང་འཁོར་དབུས།   །མཚན་རྫོགས་རིན་ཆེན་གཞལ་ཡས་ལྟེར།   །སེང་ཁྲི་པད་ཟླའི་གདན་གྱི་སྟེང་།   །ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན།   །དེ་ལས་འོད་འཕྲོས་འཕགས་པ་མཆོད།   །སེམས་ཅན་དོན་བྱས་གདོན་བགེགས་བཅོམ།   །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས།   །རང་ཉིད་གཙུག་ཏོར་རྒྱལ་མོ་དཀར།   །ཞི་སྒེག་ཁྲོ་རྔམས་དབུ་སྟོང་ལྡན།   །བྱེ་བ་བརྒྱ་སྟོང་སྤྱན་གྱིས་གཏམས།   །ཕྱག་སྟོང་འཁོར་ལོ་གདུགས་དཀར་སོགས།   །འབར་བའི་མཚོན་ཆ་སྣ་ཚོགས་འཆང་།   །ཞབས་སྟོང་བརྐྱང་བསྐུམ་རོལ་སྟབས་ཀྱིས།   །གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནོན།   །ལྷ་རྫས་ རིན་ཆེན་རྒྱན་ཆས་ཀླུབས།   །འོད་ཟེར་སྣང་བ་འབྱམས་ཀླས་དབུས།   །རྡོ་རྗེ་ཡངས་པ་ཆེན་པོ་ཡིས།   །ས་གསུམ་དཀྱིལ་འཁོར་དབང་མཛད་མ།   །ཆེ་བའི་བདག་ཉིད་ཆེན་མོར་གྱུར།   །གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ།   །ཟླ་སྟེང་ཨོཾ་ཡིག་དཀར་པོས་མཚན།   །དེ་ལས་འོད་འཕྲོས་རང་འདྲ་བའི།   །ཡེ་ཤེས་སེམས་མ་སྤྱན་དྲངས་ཐིམ།   བཛྲ་ས་མཱ་ཛཿ   ཛཿཧཱུྃ་བཾ་ ཧོཿ    གཉིས་མེད་གྱུར།   །སླར་ཡང་དབང་ལྷ་སྤྱན་དྲངས་ཏེ།   །བུམ་པའི་བདུད་རྩིས་དབང་ [149b] བསྐུར་བས།   །ལུས་ངག་སྒྲིབ་དག་རྣམ་སྣང་མཛད།   །གཙོར་བྱས་རིགས་ལྔས་དབུ་བརྒྱན་གྱུར།   །ཐུགས་སྲོག་མཐའ་མར་སྔགས་ཕྲེང་ནི།   །མུ་ཏིག་མདངས་འོད་འཚེར་བས་བསྐོར།   །འོད་འཕྲོས་སངས་རྒྱས་བྱང་སེམས་ཀྱི།   །བྱིན་རླབས་ནུས་པ་ཐམས་ཅད་བསྡུས།   །རང་ཐིམ་མཐུ་སྟོབས་ཡེ་ཤེས་རྒྱས།   །གང་འདུལ་ཕྲིན་ལས་རྣམ་པ་བཞི།   །ཐོགས་མེད་ཡིད་བཞིན་འགྲུབ་པར་གྱུར།   ཏདྱ་ཐཱ།   ཨོཾ་ཨ་ན་ལེ།   ཨ་ན་ལེ།   ཁ་ས་མེ།   ཁ་ས་མེ།   བཻ་རེ་བཻ་རེ།   སཽ་མེ་སཽ་མེ།   སརྦ་བུདྡྷ་ཨ་ངྷིཥྛི་ན་ཨ་ངྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏྭ་ཏ་པ་ཏྲེ་ཧཱུྃ་ཕཊ།   ཧཱུྃ་མ་མ་ཧཱུྃ་ནི་སྭཱཧཱ།   ཞེས་བསྙེན་པའི་སྔགས་དང་།   ཨོཾ་སརྦ་ཏ་ཐཱ་ག་ཏོཥྞི་ཥ་ཧཱུཾ་ཕཊ།   ཧཱུྃ་མ་མ་ཧཱུྃ་ནི་སྭཱཧཱ།   ཞེས་སྙིང་པོ་ཅི་འགྲུབ་བཟླ།  ཕྱག་རྒྱ་བསྒོམས་ཤིང་རིག་སྔགས་བཟླས་པའི་བདེན་སྟོབས་ཀྱིས་བདག་དང་བསྲུང་བྱ་གདོན་དང་འཇིགས་པ་ཐམས་ཅད་ལས་བསྲུང་བར་མོས་ལ།   བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ།   ཕྱག་སྟོང་མངའ་བ་ཆེན་མོ།   དབུ་སྟོང་མངའ་བ་ཆེན་མོ།   སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ།   །མི་ཕྱེད་འབར་བའི་མ་ཚན་རྟགས་ཅན།   །རྡོ་རྗེ་ཡངས་པ་ཆེན་པོ་ས་གསུམ་གྱི་དཀྱིལ་འཁོར་ལ་ [150a] མངའ་མཛད་པ་ཆེན་མོས་ཀུན་ནས་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་དུ་གསོལ་ལོ།   །འཇིགས་པ་དང་གདོན་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག   །རིམས་ལ་སོགས་པའི་ནད་ཐམས་ཅད་རབ་ཏུ་བསལ་དུ་གསོལ་ལོ།   །རིག་པ་དང་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ་ལོ།   །ཏདྱ་ཐཱ།   ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཥྚོཾ་བནྡྷ་བནྡྷ་མ་མ་རཀྵ་རཀྵ་སྭཱཧཱ།   ཨོཾ་ཥྚོཾ་བནྡྷ་བནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱཧཱ།   ཞེས་ཅི་ནུས་བཟླས་ལ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་།   དྲག་ཤུལ་དང་།   སྡིག་པ་དང་།   འཁྲུགས་པ་དང་།   སྡང་བ་དང་།   དེ་དག་གི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ།   ལོ་བརྒྱ་འཚོ་བར་གྱུར་ཅིག   །སྟོན་བརྒྱ་མཐོང་བར་གྱུར་ཅིག    །ཅེས་བརྗོད། སྐུ་ལས་མེ་མཚོན་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཕས་རྒོལ་བྱད་ཕུར་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གཟིར་ཟློག་བཅིངས་ཏེ་ཚར་བཅད་པར་བསམ་ལ།   བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ [150b] ཟློག་པ་ཆེན་མོའི་རིག་པ་དང་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ཀྱི་བདེན་པའི་སྟོབས་དང་གཟི་བརྗིད་ཀྱི་མཐུ་ཡིས་བདག་འཁོར་དང་བཅས་པའི་སྡང་བ་དང་རྨི་ལམ་ངན་པ་དང་།   ལྟས་ངན་པ་དང་།   ནད་དང་།   དགྲ་དང་འཇིགས་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག   །ལྷ་དང་།   དྲང་སྲོང་དང་།   རིག་སྔགས་འཆང་བ་དང་།   གདོན་དང་།   འབྱུང་པོ་དང་།   མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་སུའང་རུང་གདུག་པའི་སེམས་ཀྱིས་བྱས་པའི་རིགས་སྔགས་བཅད་དོ།   །ཕུར་བུས་གདབ་བོ།   །ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ་ཨ་བ་ལོ་ཀི་ཏེ་ཙུྠརྞ་ཏེ་ཛོ་རཱ་སི་ཨོཾ་ཛྭ་ལ་ཛྭ་ལ།   དྷ་ཀ་དྷ་ཀ   །   དྷ་ར་དྷ་ར།   བི་དྷ་ར།   བི་དྷ་ར།   ཙྪིནྡྷ་ཙྪིནྡྷ།   བྷིནྡྷ་བྷིནྡྷ།   ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ།   ཞེས་མང་དུ་བཟླ།   འདིར་སྤྱི་འགྲེའི་ཟློག་སྒྱུར་བྱ་བར་སྤྲོ་ན་སྒྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་བ་འདི་ཉིད་སྦྱོར་ཏེ།   བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།   །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་།   །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས།   །བདག་གིས་ཇི་ལྟར་གསོལ་བ་བཞིན།   །སངས་རྒྱས་བསྟན་པ་དར་བ་དང་།   །སེམས་ཅན་བདེ་དང་ལྡན་པར་མཛོད།   །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།   །ཆག་ཆེ་ཉམ་པ་བཟློག་ཏུ་གསོལ།   །རྨི་ལམ་མཚན་མ་ངན་པ་ཟློག   །རྟགས་ [151a] དང་རྟེན་འབྲེལ་ངན་པ་ཟློག   །དགྲ་འདྲེ་བསམ་སྦྱོར་ངན་པ་ཟློག   །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག   །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག   །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག   །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག   །དུས་མིན་འཆི་བ་རྣམ་བརྒྱད་ཟློག  །   ཡས་ཀྱི་བདུད་དུ་གཡོས་པ་ཟློག   །མས་ཀྱི་སྲི་རུ་ལངས་པ་ཟློག   །དཔྲལ་བའི་གཤེད་དུ་བསྐོས་པ་ཟློག   །ཕ་མེད་དུར་སྲི་ལངས་པ་ཟློག   །མི་ལ་ནད་དུ་གཏོང་བ་ཟློག   །ཕྱུགས་ལ་གོད་ཁ་བྱེད་པ་ཟློག   །གནམ་གྱི་དལ་ཁ་ཐེབས་པ་ཟློག   །ས་ཡི་དུག་མདའ་གཡོས་པ་ཟློག   །སྨེ་བ་སྤར་ཁ་ངན་པ་ཟློག   །སྐེག་དང་ཕུང་སྲི་ལངས་པ་ཟློག   །མི་མཐུན་ཕྱོགས་ཀུན་བཟློག་གྱུར་ཅིག  །   ཅས་ཐལ་རྡེབ་བྱ།   རྗེས་ནི།  སྣོད་བཅུད་རང་ཐིམ་བདག་ཉིད་ཀྱང་།   །མི་དམིགས་ཆོས་ཀྱི་དབྱིངས་སུ་ཡལ།   །སླར་ཡང་གཟུགས་ཀྱི་སྐུར་ཤར་ཏེ།   །རྡོ་རྗེ་གསུམ་གྱིས་བསྲུང་བར་གྱུར།   །དགེ་བའི་འདི་ཡིས་མྱུར་དུ་བདག   །གཙུག་ཏོར་རྒྱལ་མོ་འགྲུབ་གྱུར་ནས།   ཞེས་སོགས་བསྔོ་སྨོན་དང་ཤིས་བརྗོད་ཅི་ལྟར་རིགས་པར་བྱའོ།   །ཞེས་པའང་རྒྱུན་གྱི་ངག་འདོན་ཁྱེར་བདེའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།   ། 
༈     །ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་ཕས་རྒོལ་ཕྱིར་ [151b] བཟློག་ནི།    ན་མོ།   བླ་མ་མཆོག་གསུམ་འཇམ་དཔལ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་ལམ་འགོད་ཕྱིར།   །འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བགྱི།   །ཨོཾ་སྭ་བྷཱ་ཝ་ཤུངྔྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ།   སྟོང་པའི་ངང་ལས་དྲེག་ས་པ་དང་།   །རུ་དྲ་ཆུ་གླང་པད་ཉིའི་སྟེང་།   །རང་རིག་ཧཱུྃ་ལས་གཤིན་རྗེའི་གཤེད།   །མཐིང་ནག་སྐུ་ཆེ་ཡན་ལག་རགས།   །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས།   །དམར་ཟླུམ་སྤྱན་བགྲད་སྨིན་མ་དང་།   །ཨག་ཚོམ་མེ་འབར་གློག་སྟོང་འཁྱུག   །ཕྱག་གཡས་གསེར་འཁོར་རྩིབས་བརྒྱད་པ།   །རྣོ་བའི་ངར་ཅན་མཁའ་ལ་ཕྱར།   །གཡོན་པ་སྡིགས་མཛུབ་ལྕགས་ཀྱུ་དང་།   །ཞགས་པ་འཛིན་ཅིང་ཞབས་གཉིས་བགྲད།   །ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་ཞེས།   །རྔམས་པའི་ང་རོས་ཁམས་གསུམ་གཡོ།   །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱོམས།   །སྣང་སྲིད་དྲེགས་པ་དངངས་ཤིང་འདར།   །བརྒྱལ་འབོག་མྱོས་སུ་འཇུག་པ་ཡིས།   །ཆེ་བཙན་འགྲན་ཟླ་ཀུན་བྲལ་བའི།   །སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ།   །ཧཱུྃ་ལས་འོད་འཕྲོས་འོག་མིན་ནས།   །རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར།   །ཛཿཧཱུྃ་བྃ་ཧོཿ གཉིས་མེད་གྱུར།   །སླར་ཡང་ [152a] བདག་ཉིད་གཟི་བརྗིད་མཐུ།   །རབ་འབར་ཞབས་འོག་བྱད་མ་རྣམས།   །བསྒྱེལ་ཞིང་མནན་པ་ལྕགས་ཀྱུས་བཟུང་།   །ཞགས་པས་སྐེ་བཅིངས་སྡིགས་མཛུབ་ཀྱིས།   །གཟིར་བས་ཁ་འདར་ལུས་སྦྲིད་ནས།   །སྐྱོབ་པའི་ལྷ་བྲལ་ཉམ་ཐག་རྣམས།   །གཡས་པས་འཁོར་ལོ་ཤུགས་དྲག་ཏུ།   །བསྐོར་བས་མགོ་ལུས་རྡུལ་ཕྲན་བཞིན།   །དུམ་བུར་བཅད་ཅིང་གཏོར་བར་གྱུར།   །ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔   མ་ནི་མ་ར་ནི་བྷྱོ༔   མ་ར་དུ་ན་བྷྱོ༔   རཀྨོ་རཀྴ་ན༔   ཏིང་ཡ་རཀྴ་བྷྱོ༔   མཱ་ར་ཡ༔   ཡ་མ་རཱ་ཛ༔   ཀཱི་ལ་ཡ་བྷྱོ༔    བརྒྱ་རྩ་སོགས་བཟླས་ལ།   སླར་ཡང་ལག་གཡས་ནམ་མཁའ་དང་།   །གཡོན་པ་ས་གཉིས་བརྡབས་པའི་བར།   །དགྲ་བོ་བྱད་མ་ལྷ་སྲུང་བཅས།   །རྡུལ་ཕྲན་བཞིན་དུ་བརླག་པར་གྱུར།   ན་མོ།   བླ་མའི་བཀའ་བདེན་པ་དང་༔   སངས་རྒྱས་ཀྱི༴     ཆོས་ཀྱི༴    དགེ་འདུན་གྱི༴    ཡི་དམ་ལྷ་ཚོགདས་རྣམས་ཀྱི༴    མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི༴    དཔལ་ཚེ་བདག་ནག་པོའི་བཀའ༴    སྔགས་འཆང་བདག་གི་ངག་བདེན་པའི་མཐུས༔   རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཆག་ཆེ་བ༔   ཉམ་ང་བ༔   རྨི་ལམ་ངན་པ༔   མཚན་མ་ངན་པ༔   ལྟས་ངན་པ༔   ཕ་རོལ་གྱི་དམག་ཚོགས༔    [152b] རྦད་འདྲེ༔   རྦོད་གཏོང་༔   བྱད་ཁ༔   ཟོར་ཁ༔   ཕུར་ཁ༔   གཏད་ཁ༔   ཁྱད་པར་དུ་བཟློག་པ་བྱས་པའི་མཐུ་དང་ནུས་པ་ཐམས་ཅད་བྱད་མ་ཁོ་རང་གི་གཤེད་དུ་ཕོབ་ཅིག༔   རང་གཤེད་རང་ཕོབ་ཅིག༔   རང་སྲོག་རང་གིས་ཆོད་ཅིག༔   རང་ཤ་རང་གིས་ཟོ་ཞིག༔   རང་ཁྲག་རང་གིས་འཐུངས་ཤིག༔   ཁོའི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག༔   བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག༔   མཱ་ར་ཡ་ཟློག་བྷྱོ་བྷྱོ༔   ཞེས་ཐལ་མོ་རྡེབ་པར་བྱའོ།   །   གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས།   །གནོད་བྱེད་དགྲ་བགེགས་མ་ལུས་པ།   །ལུས་ངག་ཐལ་བའི་རྡུལ་བཞིན་རློག   །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར།   །དགེ་བ་འདི་ཡིས་མྱུར་དུ་བདག   །གཤིན་རྗེ་གཤེད་པོ་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡིས་ལ་འགོད་པར་ཤོག   །གུ་རུ་ཆོས་ཀྱི་དབང་ཕྱུག་དང་།   །རཏྣའི་གཏེར་བྱོན་ཡང་བཟློག་གི།   །སྙིང་པོའི་བཅུད་བསྡུས་མན་ངག་གི།   །ངག་འདོན་བསྡུས་ཏེ་ཉུང་ངུར་སྤེལ།   །སེང་གདོང་མའི་ཐལ་རྡེབ་རྒྱུན་ཁྱེར་ནི།   སྐད་ཅིག་རང་ཉིད་མཁའ་འགྲོ་མ།   །སེང་གེའི་གདོང་ཅན་སྐུར་གསལ་བའི།   །ཐུགས་ཀའི་སྔགས་ཀྱི་འཕྲོ་འདུ་ཡིས།   །གནོད་བྱེད་མ་ལུས་ཚར་ [153a] བཅད་གྱུར།   །ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མཱ་ར་ཡ་ཕཊ།   ཅེས་ཅི་ནུས་བཟླས་མཐར། ན་མོ།   རྩ་བརྒྱུད་བླ་མ་ཡི་དམ་ལྷ།   །མཁའ་འགྲོ་བདུད་འདུལ་དྲག་མོ་ཡི།   །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས།   །བྱད་ཁ་ཕུར་ཁ་རྦོད་གཏོང་སོགས།   །མི་མཐུན་ཆག་ཆེ་ཉམ་ང་ཀུན།   །སྡང་བར་བྱེད་པའི་དགྲ་ལ་བྷྱོ།   །གནོད་པར་བྱེད་པའི་བགེགས་ལ་བྷྱོ།   །བདུད་དགྲ་བྱད་མའི་སྟེང་དུ་བྷྱོ།   །རྗེས་ཤུལ་མེད་པར་ཟློག་གྱུར་ཅིག   །ཅེས་ཐལ་རྡེབ་བྱ། ཁྲོ་མོའི་རིག་སྔགས་ནུས་པའི་མཐུས།   །བྱང་ཆུབ་སྒྲུབ་པའི་བར་ཆད་བདུད།   །གནོད་བྱེད་མ་ལུས་ཚར་བཅད་ནས།   །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད།   ཅེས་དང་བསྔོ་སྨོན་བྱོའོ།   །འདིའང་རྒྱུན་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་བནྟུ།   །ལོཀྟྲིའི་རྒྱུན་ཁྱེར་ནི།   བླ་མ་མཆོག་གསུམ་གསང་བདག་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །སྔགས་རྒོད་ལོཀྟྲི་བསྒྲུབ་པར་བགྱི།   །ཨོཾ་སྭ་བྷཱ་ཝ་ཤུངྔྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོཉཧཾ།   སྟོང་པའི་ངང་ལས་པདྨ་དང་།   །ཉི་སྟེང་བདག་ཉིད་ཧཱུྃ་ཡིག་ལས།   །ཞེ་སྡང་རྡོ་རྗེ་གསང་བའི་བདག   །རྔམ་བརྗིད་གཏུམ་དྲག་འབར་བའི་སྐུ།   །མཐིང་ནག་ཞལ་ [153b] གཅིག་ཕྱག་བཞི་པ།   །དང་པོ་གཉིས་ཀྱིས་ཐོ་བ་དང་།   །རྣོ་དབལ་གཅོད་པའི་རལ་གྲི་གདེངས།   །མཐའ་གཉིས་གནམ་ལྕགས་ཐལ་མོ་རྡེབ།   །ཁམ་ནག་རལ་པ་གྱེན་དུ་བརྗེས།   །གཅེར་བུ་རྒྱན་མེད་འཇིགས་པའི་སྐུ།   །སྒེག་ཅིང་དཔའ་བའི་ཉམས་ལྡན་པ།   །ཞབས་གཉིས་འདོར་སྟབས་དྲག་པོར་བགྲད།   །སྤྱི་བོར་དྲང་སྲོང་དྲི་མ་མེད།   །སྔོ་སྐྱ་སྐེམ་རིད་རས་གོས་གསོལ།   །ལུང་ཐང་ཕྲེང་བ་གནྡྷེ་བསྣམས།   །དབུ་གཙུག་རིགས་བདག་པད་འབྱུང་བཞུགས།   །རང་གི་སྙིང་གར་འཁོར་ལོའི་དབུས།   །ཡི་དམ་ཀུན་འདུས་གསང་བའི་བདག   །ཐུགས་ཀར་གུར་ཁྱིམ་ཧཱུྃ་ཡིག་མཚན།   །མགྲིན་པར་ཨཱཿཡིག་ཏྲང་དུས་བསྐོར།   །སྨྲ་བྱེད་རྡོ་རྗེ་རྭ་དགུ་གདེངས།   །རྩེ་མོར་ཕཊ་འཕྲོ་ལྟེ་བར་ཧཱུྃ།   །ཚང་ར་མེ་ཡིས་གནོད་བྱེད་གཟིར།   ཧཱུྃ།   ང་ནི་མ་མོ་ཀུན་གྱི་ཡབ།   །ང་ནི་གཤིན་རྗེ་ཀུན་གྱི་ཡུམ༔    ང་ནི་ཁམས་གསུམ་ཀུན་གྱི་བདག༔   ང་ནི་དབང་ཕྱུག་ཆེན་པོ་སྟེ༔   ང་ནི་སྲོག་གཅོད་ཀུན་གྱི་རྗེ༔   ང་ནི་སྲིད་པ་ཀུན་གྱི་བདག༔   ང་ནི་སྐྱེ་འགྲོ་ཀུན་གྱི་ཡབ༔   ང་ནི་སྙིང་ཁྲག་ཀུན་གྱི་བདག༔   ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད༔   ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས༔   ཞེས་ཆེ་བའི་ང་རྒྱལ་བསྐྱེད། ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛ༔   ཨོཾ་ལོཀྟྲི་པཱ་ལ་ནན།   ས་ག་པ་ཤ་ནན།   ནཱ་ག་དུ་དུ་ནན།    [154a] མ་མཾ་མ་མཾ།   ཙིར་ཙར་ཙིར་ཙར།   བཾ་རུ་ལུ་བཾ་རུ་ལུ།   རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ།   །ཧོ་ར་ཧོ་ར་ནན།   ཙི་དུ་སོད་ཙི་དུ་སོད།   ཤིག་ལྷུར་གཏུབས།   ཧ་ལ་པ་ཏི་ནན།   འཁོར་བ་ཐུལ།   གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག   །གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད།   དམིགས་ཀྱིས་གསལ་བས།   བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག  །   སྲིད་པ་སྤྱི་ནས་བཤིག་ཅིག   །སྲིད་གསུམ་དམང་ནས་སྒྱེལ་ཅིག   །འཁོར་བའི་གཏིང་ནས་ཕྱུངས་ཤིག  །   བསྐལ་པའི་མེས་སྲེགས་ཤིག   །དམ་ཚིག་དམོད་པས་སྡིགས་ཤིག   །བཀའ་ཡི་ཆད་པ་ཆོད་ཅིག   །གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག   །སུམྦྷ་ནིས་ནོན་ཅིག   །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག   །གནོད་བྱེད་ཤ་ཏྲུྃ་མཱ་ར་ཡ་རྦད།   །སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག   །ཅེས་དམོད་པའང་བརྗོད།   སྣང་སྲིད་འོད་ཞུ་བདག་ལ་ཐིམ།   །དེ་ཉིད་ཏིང་འཛིན་ཧཱུཾ་ཡིག་ལ།   །འདུས་ནས་གྱེན་རྫོགས་ན་དའི་བར།   །མི་དམིགས་ཆོས་ཀྱི་དབྱིངས་སུ་གྱུར།   །དགེ་བ་འདི་ཡིས་མྱུར་དུ་བདག   །དྲང་སྲོང་ལོཀྟྲི་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ [154b] ས་ལ་འགོད་པར་ཤོག     །ཅེས་སྔགས་རྒོད་ལོཀྟྲིའི་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་དུ་བསྡུས་པ་འདི་ནི་དགེ་བཤེས་ངག་དབང་བཀྲ་ཤིས་ཀྱིས་བསྐུལ་བ་ལྟར་དགེ་བསྙེན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེས་བཀོད་པ་ཛ་ཡནྟུ།།   །། 
༈     །དེ་ནས་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྨོན་ལམ་གདབ་པའི་རིམ་པ་ནི། རྒྱ་གར་སྐད་དུ།   ཨཱརྻ་བྷ་དྲ་ཙརྻ་པྲ་ཎི་དྷཱ་ན་རཱ་ཛ།   བོད་སྐད་དུ།   །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།   །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།   །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།   །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན།   །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།   །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ།   །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།   །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ།   །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།   །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།   །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།   །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག   །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ།   །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།   །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས།   །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།   ། [155a] རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་།   །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།   །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་།   །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་།   །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།   །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།   །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་།   །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་།   །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།   །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།   །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།   །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།   །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས།   །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།   །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།   །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་།   །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།   །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།   །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།   །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་།   །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་།   །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་།   །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་ [155b] རྣམས།   །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས།   །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།   །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ།   །མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ།   །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།   །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་།   །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།   །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།   །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།   །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།   །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།   །།   འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི།   །འཇིག་རྟེན་དག་ན་གང་བཞུགས་མཆོད་གྱུར་ཅིག   །གང་ཡང་མ་བྱོན་དེ་དག་རབ་མྱུར་བར།   །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན།   །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ།   །དེ་དག་རྒྱ་ཆེར་ཡོངས་སུ་དག་གྱུར་ཅིག   །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་།   །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག   །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ།   །དེ་དག་རྟག་ཏུ་ནད་མེད་བདེ་གྱུར་ཅིག   །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི།   །མཐུན་པར་གྱུར་ཅིག་རེ་ [156a] བའང་འགྲུབ་པར་ཤོག   །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་།   །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར།   །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན།   །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག   །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ།   །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་།   །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ།   །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག   །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།   །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།   །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར།   །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།   །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཞིང་།   །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར།   །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག   །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག   །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས།   །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་།   །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན།   །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད།   །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར།   །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད།   །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་།   །འགྲོ་བ་ཐམས་ [156b] ཅད་ལ་ནི་ཕན་པར་སྤྱད།   །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་།   །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག   །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་།   །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར།   །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ།   །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག   །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་།   །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད།   །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག   །བཟང་པོ་སྤྱོད་པར་རབ་ཏུ་སྟོན་བགྱིད་པ།   །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག   །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་།   །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས།   །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བར་བལྟ།   །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར།   །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི།   །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་།   བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད།   །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་།   །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི།   །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན།   །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས།   །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་།   །ཡོན་ཏན་ཀུན་གྱི་མི་ཟད་མཛོད་ [157a] གྱུར་ཅིག   །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ།   །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས།   །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ།   །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི།   །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་།   །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི།   །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་།   བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག     །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས།   །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ།   །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས།   །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི།   །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག  །   འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི།   །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ།   །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག   །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་།   །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི།   །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག   །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད།   །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་།   །དེ་ [157b] དག་སྐད་ཅིག་གཅིག་ལ་བདག་གིས་བལྟ།   །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ།   །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག   །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ།   །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ།   །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ།   །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག   །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས།   །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར།   །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན།   །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ།   །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་།   །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་།   །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་།   །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས།   །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང་།   །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས།   །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས།   །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད།   །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་།   །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད།   །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་།   །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི།   །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་ [158a] བྱེད་ཅིང་།   །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ།   །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་།   །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད།   །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བགྱིད་ཅིང་།   །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད།   །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བགྱིད་ཅིང་།   །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི།   །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི།   །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས།   །བཟང་པོ་སྤྱོད་པས་བྱང་ཆུབ་འཚང་རྒྱས་ནས།   །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི།   །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ།   །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ།   །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར།   །དགེ་བའི་འདི་དག་ཐམས་ཅད་རབ་ཏུ་བསྔོ།   །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་།   །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་།   །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ།   །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག   །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར།   །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི།   །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར།   །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི།   །སྤྱོད་པ་ [158b] དག་ནི་ཚད་ཡོད་མ་གྱུར་ཅིག   །ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག  །   སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་།   །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི།   །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར།   །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ།   །ཇི་ཙམ་ལས་དང་ཉོནམོངས་མཐར་གྱུར་པ།   །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ།   །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ།   །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ།   །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་།   །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས།   །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས།   །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་།   །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི།   །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ།   །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས།   །དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར།   །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན།   །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་།   །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ།   །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས།   །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར།   །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར།   ། [159a] མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས།   །གང་གིས་མི་ཤེས་དབང་གིས་བྱས་པ་དག   །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན།   །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར།   །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་།   །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར།   །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ།   །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར།   །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ།   །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ།   །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར།   །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ།   །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི།   །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་།   །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན།   །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག   །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།   །ཀུན་ཏུ་བཟང་པོས་དེ་ཡང་དེ་བཞིན་ཏེ།   །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།   །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།   །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས།   །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།   །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།   །བཟང་ [159b] པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།   །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན།   །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ།   །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས།   །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ།   །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་།   །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག   །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་།   །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི།   །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར།   །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས།   །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ།   །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག   །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས།   །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས།   །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་།   །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི།   །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི།   །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།   །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས།   །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་པར་ཤོག   །བཟང་པོ་སྤྱོད་པའི་སྨོན་ལམ་བསྔོས་པ་ཡི།   །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས།   །འགྲོ་བ་སྡུག་ [160a] བསྔལ་ཆུ་བོར་བྱིང་བ་རྣམས།   །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག   །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ།   །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་།   །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ།   །ངན་སོང་རྒྱུད་རྣམས་མ་ལུས་སྟོངས་པར་ཤོག   །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།   །
༈     །ནུབ་ཀྱི་ཕྱོགས་ན་བདེ་བའི་འབྱུང་གནས་ཏེ།   །རྔུལ་བྲལ་འཇིག་རྟེན་ཁམས་ནི་བདེ་བ་ཅན།   །དེ་ན་སེམས་ཅན་ཁ་ལོ་སྒྱུར་བ་ཡི།   །འདྲེན་པ་ཚེ་མཐའ་ཡས་པ་ད་ལྟ་བཞུགས།   །དེར་ནི་བུད་མེད་རྣམས་ཀྱང་མི་འབྱུང་སྟེ།   །རྣམ་པ་ཀུན་ཏུ་གཡེམ་པའི་ཆོས་མེད་ལ།   །རྒྱལ་བའི་སྲས་པོ་དེ་དག་བརྫུས་ཏེ་སྐྱེ།   །དྲི་མ་མེད་པའི་པདྨའི་སྙིང་པོར་འདུག   །འདྲེན་པ་ཚེ་མཐའ་ཡས་པ་དེ་ཉིད་ཀྱང་།   །པདྨའི་སྙིང་པོ་དྲི་མེད་དགའ་བ་ལ།   །སེང་གེའི་ཁྲི་ལ་རབ་ཏུ་བཞུགས་པ་ཡང་།   །སཱ་ལའི་རྒྱལ་པོ་ལྟ་བུར་རྣམ་པར་མཛེས།   །འདྲེན་པ་འོད་དཔག་མེད་པའི་སངས་རྒྱས་ཞིང་།   །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག    །ཅེས་པདྨ་དཀར་པོའི་ལེའུ་ཉེར་བཞི་པར་གསུངས་པའོ།།   །། 

[160b] ༈ །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲཱི་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་བྱམས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། །ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང་། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ལས་ནི་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །གང་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ [161a] ཤོག །ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ་། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ་། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང་། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང་། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་ཆོས་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་ [161b] རྒྱས་གང་བཞུགས་དང་། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང་། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང་། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག ། བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་ཕན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག ། དངོས་པོ་དངོས་པོར་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པའི། །སྦྱིན་པའི་ཕ་རོལ་རྫོགས་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག ། སའམ་ཡང་ན་ཆུའམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་ [162a] པའམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ཡང་། །རིགས་སམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །འདི་ནས་ཤི་འཕོས་གྱུར་མ་ཐག །དགའ་ལྡན་སྐྱེས་ནས་ཡིད་དགའ་བར། །མྱུར་དུ་བྱམས་མགོན་མཉེས་བྱས་ནས། །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །

༈      ཧོཿ    སྣང་སྲིད་འཁོར་འདས་ [162b] ཐམས་ཅད་ཀུན༔   གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔   རིག་དང་མ་རིག་ཆོ་འཕྲུལ་ཏེ༔   ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔   ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔   མངོན་པར་རྫོགས་ཏེ་འཚང་རྒྱ་ཤོག༔   ཀུན་གྱི་གཞི་ནི་འདུས་མ་བྱས༔   རང་བྱུང་ཀློང་ཡངས་བརྗོད་དུ་མེད༔   འཁོར་འདས་གཉིས་ཀའི་མིང་མེད་དོ༔   དེ་ཉིད་རིག་ན་སངས་རྒྱས་ཏེ༔   མ་རིག་སེམས་ཅན་འཁོར་བར་འཁྱམས༔   ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔   བརྗོད་མེད་གཞི་དོན་རིག་པར་ཤོག༔   ཀུན་ཏུ་བཟང་པོ་ང་ཡིས་ཀྱང་༔   རྒྱུ་རྐྱེན་མེད་པ་གཞི་ཡི་དོན༔   དེ་ཉིད་གཞི་ལ་རང་བྱུང་རིག༔   ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔   དྲན་མེད་མུན་པའི་སྒྲིབ་མ་གོས༔   དེ་ཕྱིར་རང་སྣང་སྐྱོན་མ་གོས༔   རང་རིག་སོ་ལ་གནས་པ་ལ༔   སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད༔   འདོད་ཡོན་ལྔ་ལ་ཆགས་པ་མེད༔   རྟོག་མེད་ཤེས་པ་རང་བྱུང་ལ༔   རྡོས་པའི་གཟུགས་དང་དུག་ལྔ་མེད༔   རིག་པའི་གསལ་ཆ་མ་འགགས་པ༔   ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔   ཡེ་ཤེས་ལྔ་པོ་སྨིན་པ་ལས༔   ཐོག་མའི་སངས་རྒྱས་རིགས་ལྔ་བྱུང་༔   དེ་ལས་ཡེ་ཤེས་མཐའ་རྒྱས་པས༔   སངས་རྒྱས་བཞི་བཅུ་རྩ་ [163a] གཉིས་བྱུང་༔   ཡེ་ཤེས་ལྔ་ཡི་རྩ་ལ་ཤར་བས༔   ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང་༔   དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང་༔   ཐོག་མའ་སངས་རྒྱས་ང་ཡིན་པས༔   ང་ཡི་སྨོན་ལམ་བཏབ་པ་ཡིས༔   ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔   རང་བྱུང་རིག་པ་ངོ་ཤེས་ནས༔   ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔   ང་ཡི་སྤྲུལ་པ་རྒྱུན་མི་ཆད༔   བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔    གང་ལ་གང་འདུལ་སྣ་ཚོགས་སྟོན༔   ང་ཡི་ཐུགས་རྗེའི་སྨོན་ལམ་གྱིས༔   ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔   རིགས་དྲུག་གནས་ནས་འཐོན་པར་ཤོག༔   དང་པོ་སེམས་ཅན་འཁྲུལ་པ་རྣམས༔   གཞི་ལ་རིག་པ་མ་ཤར་པས༔   ཅི་ཡང་དྲན་མེད་ཐོམ་མེ་བ༔   དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔   དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔   དངངས་སྐྲག་ཤེས་པ་ཟ་ཟི་འགྱུས༔   དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔   བག་ཆགས་རིམ་བཞིན་བརྟས་པ་ལས༔   འཁོར་བ་ལུགས་སུ་འཇུག་པ་བྱུང་༔   དེ་ལས་ཉོན་མོངས་དུག་ལྔ་རྒྱས༔   དུག་ལྔའི་ལས་ལ་རྒྱུན་ཆད་མེད༔   དེ་ཕྱིར་སེམས་ཅན་འཁྲུལ་པའི་གཞི༔   དྲན་མེད་མ་རིག་ཡིན་པའི་ཕྱིར༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔     [163b] ཀུན་གྱི་རིག་པ་རང་ཤེས་ཤིག༔   ལྷན་ཅིག་སྐྱེས་པའི་མ་རིག་པ༔   ཤེས་པ་དྲན་མེད་ཡེངས་པ་ཡིན༔   ཀུན་ཏུ་བཏགས་པའི་མ་རིག་པ༔   བདག་གཞན་གཉིས་སུ་འཛིན་པ་ཡིན༔   ལྷན་ཅིག་ཀུན་བཏགས་མ་རིག་གཉིས༔   སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   འཁོར་བའི་སེམས་ཅན་ཐམས་ཅད་ཀྱི༔   དྲན་མེད་འཐིབ་པའི་མུན་པ་སངས༔   གཉིས་སུ་འཛིན་པའི་ཤེས་པ་དངས༔   རིག་པའི་རང་ངོ་ཤེས་པར་ཤོག༔   གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔   ཞེན་པ་ཕྲ་མོ་སྐྱེས་པ་ལས༔   བག་ཆགས་འཐུག་པོ་རིམ་གྱིས་བརྟས༔   ཟས་ནོར་གོས་དང་གནས་དང་གྲོགས༔   འདོད་ཡོན་ལྔ་དང་བྱམས་པའི་གཉེན།   །ཡིད་འོང་ཆགས་པའི་འདོད་པས་གདུངས༔   དེ་དག་འཇིག་རྟེན་འཁྲུལ་པ་སྟེ༔   གཟུང་འཛིན་ལས་ལ་ཟད་མཐའ་མེད༔   ཞེན་པའི་འབྲས་བུ་སྨིན་པའི་ཚེ༔   རྐམ་ཆགས་གདུངས་པའི་ཡི་དྭགས་སུ༔   སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང་ང༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔   འདོད་པའི་གདུང་བ་ཕྱིར་མ་སྤངས༔   འདོད་ཆགས་ཞེན་པ་ཚུར་མ་བླངས༔   ཤེས་པ་རང་སོར་ཀློད་པ་ཡིས༔    [164a] རིག་པར་རང་སོ་ཟིན་གྱུར་ནས༔   ཀུན་རྟོག་ཡེ་ཤེས་ཐོབ་པར་ཤོག༔   ཕྱི་རོལ་ཡུལ་གྱི་སྣང་བ་ལ༔   འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔   སྡང་བའི་བག་ཆགས་བརྟས་པ་ལས༔   དགྲར་འཛིན་བརྡེག་གསོད་ཧྲག་པ་སྐྱེས༔   ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔   དམྱལ་བའི་བཙོ་བསྲེག་སྡུག་རེ་བསྔལ༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི༔   ཞེ་སྡང་དྲག་པོ་སྐྱེས་པའི་ཚེ༔   སྤང་བླང་མི་བྱ་རང་སོར་ཀློད༔   །   རིག་པ་རང་སོ་ཟིན་གྱུར་ནས༔   གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔   རང་སེམས་ཁེངས་པར་གྱུར་པ་ལ༔   གཞན་ལ་འགྲན་སེམས་སྨད་པའི་བློ༔   ང་རྒྱལ་དྲག་པོའི་སེམས་སྐྱེས་པས༔   བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང་༔   ལས་དེའི་འབྲས་བུ་སྨིན་པའི་ཚེ༔   འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེ༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   ཁེངས་སེམས་སྐྱེས་པའི་སེམས་ཅན་རྣམས༔   དེ་ཚེ་ཤེས་པ་རང་སོར་ཀློད༔   རིག་པ་རང་སོ་ཟིན་གྱུར་ནས༔   མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག༔   གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔   བདག་བསྟོད་གཞན་སྨོད་ཟུག་རྔུ་ལས།   །འཐབ་རྩོད་འགྲན་ [164b] སེམས་བརྟས་པ་ལས༔   གསོད་གཅོད་ལྷ་མིན་གནས་སུ་སྐྱེ༔   འབྲས་བུ་དམྱལ་བའི་གནས་སུ་ལྟུང་༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔   དགྲར་འཛིན་མི་བྱ་རང་སོར་ཀློད༔   ཤེས་པ་རང་སོ་ཟིན་གྱུར་ནས༔   ཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔   དྲན་མེད་བཏང་སྙོམས་ཡེངས་པ་ཡིས༔   འཐིབ་དང་རྨུགས་དང་བརྗེད་པ་དང་།   བརྒྱལ་དང་ལེ་ལོ་གཏི་མུག་པས༔   འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔   སངས་རྒྱས་ང་ཡི་སྨོན་ལམ་གྱིས༔   གཏི་མུག་བྱིང་པའི་མུན་པ་ལ༔   དྲན་པ་གསལ་བའི་མདངས་ཤར་བས༔   རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔   ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔   ཀུན་གཞི་སངས་རྒྱས་ང་དང་མཉམ༔   དྲན་མེད་འཁྲུལ་པའི་གཞི་རུ་སོང་༔   ད་ལྟ་དོན་མེད་ལས་ལ་སྤྱོད༔   ལས་དྲུག་རྨི་ལམ་འཁྲུལ་པ་འདྲ༔   ང་ནི་སངས་རྒྱས་ཐོག་མ་ཡིན༔   འགྲོ་དྲུག་སྤྲུལ་པས་འདུལ་བའི་ཕྱིར༔   ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས༔   སེམས་ཅན་ཐམས་ཅད་མ་ལུས་པ༔   ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག༔   ཨ་ཧོཿ    ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔   འཁྲུལ་མེད་རིག་པ་རང་གསལ་ནས༔    [165a] སྨོན་ལམ་སྟོབས་ཅན་འདི་བཏབ་པས༔   འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔   སྐྱེ་བ་གསུམ་ནས་མངོན་འཚང་རྒྱ༔   ཉི་ཟླ་གཟའ་ཡིས་ཟིན་པའམ༔   སྒྲ་དང་ས་གཡོས་བྱུང་བའམ༔   ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔   རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔   ཀུན་གྱིས་ཐོས་པར་འདི་བརྗོད་ན༔   ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔   རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔   སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང་།   མཐའ་རུ་སངས་རྒྱས་ཐོབ་པར་འགྱུར༔   ཞེས་གསུངས་སོ།   །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་བཟང་ཐལ་དུ་བསྟན་པའི་རྒྱུད་ལས།   སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་པར་བསྟན་པའི་ལེའུ་དགུ་པ་ཁོལ་དུ་ཕྱུངས་པའོ།།   །། 
༈      །འཇམ་དཔལ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུ་དབྱེར་མེད་པའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་ཞེས་བྱ་བ་ནི།   ། ཕྱོགས་བཅུ་དུས་བཞི་བདེ་གཤེགས་སྲས་བཅས་ཀྱི།   །ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ།   །འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་།   །བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག   །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ།   །མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་ [165b] གུས་ཀྱིས།   །དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས།   །རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག   །ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་།   །དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་།   །སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་།   །བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག   །སྤྲོས་ཤིང་དཔྱད་པ་ཀུན་རྟོག་བསྣོན་མ་སྟེ།   །བཙལ་ཞིང་བསྒྲུབ་པ་རང་ཉིད་ངལ་བའི་རྒྱུ།   །དམིགས་ཤིང་བསྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ།   །ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག   །བསམ་བརྗོད་བྲལ་ལ་མཐོང་བ་གང་མེད་ཀྱང་།   །མ་མཐོང་ལྷག་མར་གྱུར་པ་གང་ཡང་མེད།   །རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན།   །མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཤོག   །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སྤངས།   །རིག་གདངས་ལྷུན་གྱིས་གྲུབ་པས་མེད་མཐའ་བྲལ།   །གཉིས་སུ་བརྫོད་ཀྱང་རྟོག་པའི་འཇུག་ཚུལ་ཙམ།   །དབྱེར་མེད་བརྗོད་བྲལ་མཉམ་པའི་དོན་མཐོང་ཤོག   །འདི་ན་མཛུབ་མོས་ཟླ་བ་ཇི་བཞིན་དུ།   །དང་པོར་ཡིད་དཔྱོད་ཚིག་གིས་མཚོན་བྱས་ཀྱང་།   །ཆོས་ཉིད་རང་བབ་ཡིད་དཔྱོད་ཡུལ་ལས་འདས།   །རང་གིས་རང་ལ་བླན་ཏེ་མཐོང་བར་ཤོག   །འདི་ལ་བསལ་བར་བྱ་ [166a] བ་མ་མཐོང་ཞིང་།   །བཞག་སྟེ་བསྒྲུབ་པར་བྱ་བ་མ་དམིགས་པས།   །དགག་སྒྲུབ་རྩོལ་བས་མ་བསླད་ཆོས་ཉིད་དང་།   །ལྷུན་གྱིས་གནས་པའི་དོན་ལ་འཇུག་པར་ཤོག   །ཤེས་བྱའི་གཞི་དང་བགྲོད་པར་བྱེད་པའི་ལམ།   །ཐོབ་བྱ་འབྲས་བུའི་ཆོས་སུ་བཏགས་པ་ཡང་།   །རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་འདྲ།   །བྱར་མེད་དོན་ལ་ལྷུན་གྱིས་གནས་པར་ཤོག   །འཁྲུལ་པས་སྒྲོ་བཏགས་མ་དག་འཁོར་བའི་ཆོས།   །དེ་ལས་ལོག་པ་དག་པའི་སྣང་བ་ཡང་།   །ལྟོས་ནས་བཏགས་པ་རྣམ་པར་སྤྲོས་པའི་ཆོས།   །སྤྲོས་མེད་གཤིས་ལ་མི་གནས་མཐོང་གྱུར་ཅིག  །   བློ་བྲལ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ།   །ལྟ་དང་སྒོམ་པས་བསླད་ཀྱིན་རྟོག་པས་བསྒྲིབས།   །ཐ་མལ་གཤིས་སུ་སོན་ལ་ལྟ་སྒོམ་བྲལ།   །རྣལ་མའི་དོན་ལ་བབ་ཀྱིས་གནས་གྱུར་ཅིག   །གང་ལ་དམིགས་པར་བྱས་པ་ལྟ་བའི་དུག   །གང་ཞིག་རྩོལ་བས་ཟིན་པ་སྒོམ་པའི་སྐྱོན།   །གང་ལ་བླང་དོར་བྱ་བ་སྤྱོད་པའི་འཕྲང་།   །ཟུག་རྡུ་ཀུན་བྲལ་ཆོས་ཉིད་མཐོང་བར་ཤོག   །སྤྲོས་པའི་གཟེབ་ཏུ་མ་ཚུད་རིག་པའི་གདངས།   །བློ་བྲལ་མངོན་སུམ་མཐོང་ལ་ཡིད་སྤྱོད་ཀྱི།   །ཞགས་པས་མཁའ་ལ་མདུད་པ་ [166b] མི་འདོར་བར།   །རང་གཞག་རྣལ་མའི་དོན་ལ་མཁས་གྱུར་ཅིག   །དེ་ཚེ་རང་རིག་གཞོན་ནུ་བུམ་པ་སྐུའི།   །མཁྱེན་ཆ་རང་འོད་གསལ་བ་འཇམ་པའི་དབྱངས།   །ཤེས་རབ་རང་བྱུང་སྒྲོན་མའི་སྣང་བ་ཡིས།   །སྒྲིབ་པའི་མུན་པ་འཐིབ་པོ་འཇོམས་གྱུར་ཅིག   །མ་བཅོས་འདུས་མ་བྱས་པའི་ཆོས་ཉིད་ལ།   །བཅོས་མའི་ལམ་གྱིས་གསར་དུ་བསྒྲུབ་མེད་པས།   །རྒྱུ་ལས་མ་བྱུང་མཐར་ཐུག་འབྲས་བུའི་དོན།   །རང་ལ་ཡེ་ནས་གནས་པ་མཐོང་བར་ཤོག  །   ཡིད་དཔྱོད་ཚིག་གི་སྤུན་པ་འཁྲུལ་པའི་ལམ།   །ཇི་ལྟར་བརྗོད་ཀྱང་རྟོག་པའི་དྲྭ་བ་སྟེ།   །ལུང་ལས་མ་བྱུང་རང་གིས་རིག་བྱ་བའི།   །མན་ངག་ཟབ་མོ་སྙིང་ལ་བསྒོམ་པར་ཤོག   །གཟུང་འཛིན་སེམས་ནི་ངོ་བོ་ཉིད་ཀྱིས་འཁྲུལ།   །གང་ལྟར་དམིགས་པ་དེ་བཞིན་ཉིད་དུ་མིན།   །སེམས་ལས་མ་བྱུང་རང་བྱུང་ཡེ་ཤེས་སྐུ།   །ངེས་པ་དོན་གྱི་སངས་རྒྱས་འགྲུབ་པར་ཤོག  །   རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཐམས་ཅད།   །མཉམ་པ་ཉིད་གྱུར་ཐིག་ལེ་ཉག་གཅིག་ལ།   །འཁོར་འདས་རེ་དོགས་ཞིག་པའི་ངང་ཚུལ་དུ།   །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག  །   འདི་ལྟར་ལུས་དང་ཡུལ་དུ་སྣང་བ་ཡང་།   །རབ་རིབ་བཞིན་དུ་རྟོག་པའི་དབང་གིས་ [167a] སྣང་།   །མི་རྟོག་ཡེ་ཤེས་ཆེན་པོའི་རང་མདངས་ཀྱིས།   །ཆོས་ཟད་གདོད་མའི་དབྱིངས་སུ་བྱང་གྱུར་ཅིག   །དེ་ཚེ་མཁའ་དང་མཉམ་པའི་ཡེ་ཤེས་སྐུ།   །ཕྱོགས་དུས་མུ་མཐའ་སྲིད་དུ་འགྲོ་ཀུན་གྱིས།   །ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར།   །སྒྲིབ་བྲལ་འབྲས་བུའི་མཐར་ཐུག་ཐོབ་པར་ཤོག     །ཅེས་པ་འདི་ནི་ཛྙཱ་ན་ཌཱ་ཀི་ནི་ཝ་ར་ཧིའི་རྣམ་པར་འཕྲུལ་པར་ཡོངས་སུ་གྲགས་པ་རྗེ་བཙུན་མ་བདེ་སྐྱིད་ཡེ་ཤེས་དབང་མོས་རབ་ཚེས་མེ་ཁྱི་ཟླ་༣ཚེས་༤དུས་དགེ་བར་བཀྲ་ཤིས་པའི་ལྷ་རེག་དང་ཤེལ་དཀར་ཕྲེང་བ་རིན་པོ་ཆེའི་རྒྱན་ལྡན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་བྱས་ནས།   ཚེས་དེ་ཉིན་ལ་མི་ཕམ་འཇམ་དཔལ་དགྱེས་པའམ་འོད་གསལ་རྡོ་རྗེ་ཞེས་བྱ་བས་རྫོགས་པར་བྲིས་པ་སྟེ།   རྫོགས་པ་ཆེན་པོའི་གྲུབ་མཐའི་རང་སྐད་ཐུན་མིན་རང་རྐང་ཛུགས་པར་གང་ཤར་དུ་སྨྲས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོ་འཇམ་དཔལ་གཞོན་ནུའི་གོ་འཕང་ཐོབ་པར་གྱུར་ཅིག   །ཐོས་པ་ཙམ་གྱིས་ངེས་པར་གྲོལ་འགྱུར་ཞེས།   །རྡོ་རྗེ་འཆང་གིས་ལེགས་བསྔགས་ལམ་གྱི་མཆོག   །འདི་དོན་སེམས་པར་བྱེད་རྣམས་སྨོས་ཅི་འཚལ།   །ཆོས་ཉིད་བདེན་པས་མྱུར་དུ་གྲོལ་བར་འགྱུར།   །རྩོལ་བཅས་ཐེག་པས་འདུལ་བར་དཀའ་བའི་ཚེ།   །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ཞེས་སུ།   །བསྔགས་པའི་ལུང་བཞིན་སྙིང་པོའི་བསྟན་པ་ཡིས།   །འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྒྱས་གྱུར་ཅིག   །ཅེས་ཀྱང་སྨྲས་སོ།།   །། 
༈      །ན་མོ་གུ་རུ༔   སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས༔   མང་ཡུལ་གུང་ཐང་ལ་ཐོག་ཏུ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་དང་བསྐོར་བ་བྱས༔   གུ་རུའི་ཞབས་སྤྱི་བོར་བླངས་ནས་སྨོན་ལམ་ [167b] འདི་ལྟར་བཏབ་པ༔     མ་ཧཱ་གུ་རུའི་བྱིན་རླབས་ཀྱིས༔   བདག་ཀྱང་ཚེ་རབས་ཐམས་ཅད་དུ༔   ཞིང་ཁམས་དག་པའི་ཕོ་བྲང་དུ༔   བླ་མ་འབྲལ་མེད་བསྟེན་པར་ཤོག༔   མོས་གུས་ལྟེམས་རྐྱང་མེད་པ་ཡིས༔   མཉེས་པའི་ཞབས་ཏོག་འགྲུབ་པ་དང་༔   དགོངས་པ་ཟབ་མོ་ཐུགས་ཀྱི་བཅུད༔   བྱིན་རླབས་བདུད་རྩིའི་ལུང་ཐོབ་ཤོག༔   སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔   ལུས་ངག་ཡིད་གསུམ་སྨིན་པ་དང་།   །ཟབ་མོའི་བསྐྱེད་རྫོགས་རྣམ་གཉིས་ལ༔   དབང་ཐོབ་སྒྲུབ་པར་བྱེད་པར་ཤོག༔   ལོག་རྟོག་བདུད་ཀྱི་ཚོགས་རྣམས་དང་༔   ནད་གདོན་བར་ཆད་ཞི་བ་དང་༔   འཁོར་དང་ལོངས་སྤྱོད་རྒྱས་པ་ཡིས༔   བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔   དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས༔   ཕུན་སུམ་ཚོགས་པའི་གནས་ཉིད་དུ༔   ཏིང་འཛིན་ཟབ་མོའི་དགོངས་བཅུད་ལ༔   རྟག་ཏུ་སྒྲུབ་པ་བྱེད་པར་ཤོག༔   སྒྲུབ་པ་བྱས་པའི་འབྲས་བུ་ཡིས༔   ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔   ལྷ་སྲིན་བྲན་དུ་ཁོལ་ནས་ཀྱང་༔   སངས་རྒྱས་བསྟན་པ་བསྲུང་བར་ཤོག༔   སྟོན་པས་གསུངས་པའི་དམ་ཆོས་རྣམས༔   རྩོལ་མེད་རྒྱུད་ལ་འཆར་བར་ཤོག༔   མཁྱེན་པ་མཆོག་ལ་མངའ་བརྙེས་ནས༔   རྟོགས་པ་ [168a] མཆོག་དང་ལྡན་པར་ཤོག༔   བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས༔   སྐྱེ་འགྲོ་མ་ལུས་དབང་བསྡུས་ནས༔   ཐོགས་མེད་ཡིད་བཞིན་ནོར་བུའི་མཐུས༔   འབྲེལ་ཚད་དོན་དང་ལྡན་པར་ཤོག༔   སངས་རྒྱས་བསྟན་པ་དར་བའི་མཐུས༔   བརྒྱུད་འཛིན་ཆོས་སྟོན་རྒྱས་པ་དང་༔   འགྲོ་ཀུན་བདེ་ལ་འཁོད་ནས་ཀྱང་༔   ཞིང་ཁམས་ཐམས་ཅད་དག་པར་ཤོག༔   བདག་གི་ལུས་ངག་ཡིད་གསུམ་གྱིས༔   གདུལ་བྱ་སོ་སོའི་བློ་ཡུལ་དུ༔   གང་ལ་གང་འདུལ་སྤྲུལ་པའི་སྐུ༔   དཔག་ཏུ་མེད་པར་འབྱུང་བར་ཤོག༔   མདོར་ན་འཁོར་འདས་མ་ལུས་ཀུན༔   གུ་རུ་ཉིད་དང་དབྱེར་མེད་ཅིང་༔   སྐུ་གསུམ་འདུ་འབྲལ་མེད་པ་ཡི༔   རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔   སེམས་ཅན་གསོལ་བ་འདེབས་པར་ཤོག༔   བླ་མས་བྱིན་གྱིས་རློབས་པར་ཤོག༔   ཡི་དམ་དངོས་གྲུབ་སྟེར་བར་ཤོག༔   མཁའ་འགྲོས་ལུང་བསྟན་བྱེད་པར་ཤོག༔   ཆོས་སྐྱོང་བར་ཆད་བསལ་བར་ཤོག༔   སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔   སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག༔   ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔   རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔   རང་བཞིན་དག་པའི་དགེ་བ་འདིས༔   འཁོར་བ་ངན་སོང་དོང་ [168b] སྤྲུགས་ནས༔   སྲིད་མཚོར་སླར་ཡང་མི་གནས་ཤིང་༔   ཕྱམ་གཅིག་སྐུ་གསུམ་མངོན་གྱུར་ཤོག༔   རྒྱལ་བ་ཀུན་གྱི་གསང་ཆེན་མཛོད༔   བླ་མེད་མཆོག་གི་བསྟན་པ་འདི༔   ཇི་ལྟར་མཁའ་ལ་ཉི་ཤར་བཞིན༔   རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག༔   བདག་གི་དགེ་བའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་ཀྱང་བསྐྱེད་ནས༔   དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག༔   སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱེད་པའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག༔    མཁྱེན་པ་དང་བརྩེ་བ་ནུས་པ་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག༔   འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔   བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ།།   །། 
༈     །བདེ་བ་ཅན་གྱི་ཞིང་བཀོད་སྨོན་ལམ་ནི། བཅོམ་ལྡན་འདས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ།   །སངས་རྒྱས་བསོད་ནམས་ཕུང་པོ་ལས་གྲུབ་པའི།   །འོད་སྣང་མཐའ་ཡས་བདེ་བ་ཅན་གྱི་ཞིང་།   །དེ་ན་བཞུགས་པའི་མགོན་པོ་འོད་དཔག་མེད།   །སྐུ་ཚེ་ [169a] དཔག་མེད་ཞབས་ལ་ཕྱག་འཚལ་ལོ།   །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག   །གང་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་།   །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་གྲགས་ཚེ།   །ཞིང་ཁམས་བཟུང་བར་སྨོན་པའི་དམ་བཅས་ལ།   །བླ་མར་བྱའོ་མྱུར་དུ་སྐབས་དབྱེར་གསོལ།   །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར༴    །གཞོན་ཤ་ཤིན་ཏུ་ཆགས་པའི་ལག་མཐིལ་དང་།   མཉམ་པའི་དཔེ་བྱར་འོས་པའི་འགལ་ཟླ་ནི།   །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན།   །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པས་བྱས།   །བདེ་བ་ཅན་གྱི༴    །ལྷུན་པོའི་ཆུ་གཏེར་ཁོར་ཡུག་རི་ནག་པོའི།   །བསྟི་གནས་ཕལ་པ་མེད་པས་ཉམས་དགའ་ཞིང་།   །རིན་ཆེན་སྣ་བདུན་ལས་གྲུབ་ལྗོན་པ་ནི།   །དཔག་ཚད་སྟོང་དང་དྲུག་བརྒྱའི་འཕངས་སུ་སྙེགས།   །བདེ་བ༴     །ཡལ་འདབ་མེ་ཏོག་འབྲས་བུས་དུད་པ་ལ།   །གསེར་གྱི་དྲྭ་བས་དཔྱངས་པར་དྲི་བཞོན་གྱིས།   །བསྐུལ་ལས་ཆོག་མི་ཤེས་པའི་སྒྲ་དབྱངས་ཀུན།   །ཡིད་འོང་སྙན་དང་མཐུན་པ་དར་དིར་སྒྲོག   །བདེ་བ༴    །དྲི་བསུང་ལྷག་པར་རྒྱས་པའི་མེ་ཏོག་གིས།   །ཀུན་ནས་ཀུན་ཏུ་བཀྲམ་པའི་བསྟི་སྟངས་ནི།   །མི་འགྲེང་བདུན་དུ་སྙེགས་པས་མི་ངོམས་པར།   །མནན་ན་ནེམ་ལ་བཏེག་ན་སྤར་བས་འགྲན།   །བདེ་བ༴    །ལྷ་དང་མི་ [169b] ལས་ངན་སོང་ལྷ་མིན་གྱི།   །མིང་ཙམ་མི་གྲགས་འབྱོར་ཞིང་རྒྱས་པ་དང་།   །ལོ་ལེགས་ཕུན་སུམ་ཚོགས་པའི་བདེ་བ་ཡིས།   །ངོམས་པ་མེད་པའི་དཔལ་ལ་མིང་ཆགས་པ།   །བདེ་བ༴    འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཀླུང་།   །ཅ་ཅོའི་གཞན་དབང་མ་ཡིན་ཡིད་ལ་འབབ།   །རྣམ་པར་བདེ་དང་མཉན་པས་ཆོག་མི་ཤེས།   །མི་རྟག་ཞི་དང་བདག་མེད་དོན་ལ་རྟོན།   །བདེ་བ༴    །འདམ་རྫབ་སྤངས་པའི་གསེར་གྱི་བྱེ་མ་ལ།   །བཞད་དང་ཁྲུང་ཁྲུང་ངང་ངུར་ཀ་རན་ད།   །ནེ་ཚོ་རི་སྐེགས་རྨ་བྱ་ཀུ་ལ་ན།   །ཀ་ལ་པིང་ཀའི་རྒྱུད་མངས་ལ་བསྙེན་པ།   །བདེ་བ༴    །དེ་ལས་རྣ་བའི་འདུས་ཏེ་རེག་ཚོར་ཀུན།   །རིན་ཆེན་རྣམ་གསུམ་སྒྲ་དང་ཚད་མེད་བཞི།   །ས་དང་ཕར་ཕྱིན་སྟོབས་བཅུ་མི་འཇིགས་བཞི།   །མ་འདྲེས་བཅོ་བརྒྱད་རྫོགས་པའི་དོན་དང་ལྡན།   །བདེ་བ༴    །བལྟ་ན་སྡུག་པའི་སྐྱེད་ཚལ་ལྗོན་པ་ལས།   །འདོད་པའི་ཡོན་ཏན་བརྒྱ་ཕྲག་མོད་ལ་འབྱུང་།   །བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས།   །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླར་མིན།   །བདེ་བ༴    །དེ་ན་གཟའ་དང་རྒྱུ་སྐར་ཉིན་མཚན་ཆ།   །ཁྱིམ་དང་དེ་ལ་ཡོངས་སུ་འཛིན་པའི་སེམས།   །གཏན་ནས་མེད་ཀྱང་མཆོད་སྤྲིན་སྤྲོ་བ་ཡི།   །ལྷ་ཡི་བུ་མོས་ཤིན་ཏུ་ཉམས་བདེ་བ།   །བདེ་བ༴    །གང་ན་འཚོ་ཞིང་གཞེས་པའི་རྒྱལ་བ་དེའི།   །བསྔགས་པ་བརྗོད་ [170a] ལ་གངྒཱའི་རྡུལ་སྙེད་ཀྱི།   །སངས་རྒྱས་རྣམས་ཀྱང་བརྩོན་པ་མི་འདོར་བས།   །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པའང་བསྙེན།   །བདེ་བ༴    །ཞིང་ཁམས་འདིར་སོན་དགེ་བའི་རྩ་བ་ལ།   །སྒྲིབ་པ་དང་བཅས་པདྨོའི་མངལ་འཛིན་དང་།   །སྐྱིལ་མོ་ཀྲུང་བཅས་མོད་ལ་སྐྱེ་གཉིས་ཀ  །   སྐྱེས་བུ་ཆེན་པོའི་མཚན་དང་ཡང་དག་ལྡན།   །བདེ་བ༴    ཉན་རང་བྱང་སེམས་ལྷ་མིའི་རྣམ་པ་ཅན།   །ཀུན་ཀྱང་དབང་རྣོན་བཟོད་པ་ཐོབ་པ་སྟེ།   །བར་སྣང་ལ་འགྲོ་ལོག་པར་མི་ལྟུང་ཞིང་།   །སངས་རྒྱས་མཐོང་དང་མི་འབྲལ་དམ་ཆོས་ཉན།   །བདེ་བ༴    །བསམ་གཏན་དང་ནི་མངོན་པར་ཤེས་པ་ལ།   །མཁས་པའི་ཤེས་རབ་ཀྱིས་ནི་རྣམ་དབྱེ་བཟོད།   །མ་བསྡམས་མི་མངའ་དབང་པོ་མི་གཡོ་ཞིང་།   །ཀུན་ཤེས་ཡོན་ཏན་མཐའ་ཡས་མུ་མེད་པ།   །བདེ་བ༴    །ཀུན་འབྱུང་རྒྱུ་འབྲས་སྤངས་པའི་ལམ་བདེན་གྱིས།   །འགོག་པ་མངོན་དུ་བྱས་པའི་དགྲ་བཅོམ་ཀྱང་།   །རྣམ་ཐར་གསུམ་གྱི་དབྱིངས་ལ་དབུགས་ཕྱུང་ནས།   །འོད་ཟེར་ཆེན་པོའི་དབང་བསྐུར་ལ་སྦྱོར་བ།   །བདེ་བ༴    །སྐད་	ཅིག་རེར་བསྟན་ཆོས་ཀྱི་རྣམ་གྲངས་ཀྱང་།   །བགྲང་བར་མི་བཟོད་རྫུ་འཕྲུལ་ཆེན་པོ་ཡི།   །ཞིང་ཁམས་གཞན་ཉུལ་ཆོས་ལས་ཐོབ་པ་ཡི།   །བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འབྱེད་པ།   །བདེ་བ༴    །མདོར་ན་གང་གི་མཚན་དང་སྒྲ་དང་ནི།   །ལྟ་བ་ཡིད་ལ་ [170b] གོམས་པར་བྱས་པ་ཡང་།   །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པའི།   །ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར།   །ཁྱོད་ཀྱིས་གཞན་དོན་མཛད་པའི་དཔེ་ཟླ་ལ།   །རྒྱ་མཚོའི་དུས་རླབས་ངལ་བའི་སྐབས་བསྟན་པས།   །བུ་རམ་ཤིང་པའི་ཞལ་ནས་ཀུན་དགའ་བོ།   །ཁྱོད་ལངས་ནུབ་ཀྱི་ཕྱོགས་སུ་ཁ་སྟོན་ལ།   །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ།   །རྫོགས་པའི་སངས་རྒྱས་འོད་སྣང་དཔག་ཏུ་མེད།   །རྔུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ།   །ཕྱག་འཚལ་དེ་མཚན་སྒྲིབ་པ་མེད་པ་ནི།   །ཕྱོགས་བཅུར་གྲགས་ནས་རྒྱལ་བ་དེ་རྣམས་ཀྱང་།   །བསྔགས་པ་བརྗོད་པར་གསུང་ན་བདག་ཅག་ནི།   །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ།   །བྱས་ཤིང་བསགས་པའི་སྡིག་སྒྲིབ་མཐོལ་བ་དང་།   །ཆབས་གཅིག་མཛད་པ་རྒྱ་མཚོར་ཡི་རང་འབུལ།   །རྟག་པར་ཆོས་འཁོར་དང་བཅས་བཞུགས་སུ་གསོལ།   །དགེ་རྩ་ཇི་སྙེད་མཆིས་པ་འགྲོ་བ་ཀུན།   །བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ན།   །སྨོན་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག   །ཅེས་འོད་མདོ་དང་མཐུན་པའི་སྨོན་ལམ་འདི་ནི།   །མདོ་ཁམས་ནས་སློབ་བུའི་དམ་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རིང་མོ་ནས་བསྐུལ་ཞིང་།   ཉེ་ཆར་དེའི་གསལ་འདེབས་ལ་བརྩོན་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ང་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།།   །། 
༈     །རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བའི་སྨོན་ལམ་རིག་འཛིན་མཆོག་གི་བདེ་ལམ་ནི།  ཨེ་མ་ཧོ།   ཀུན་ཁྱབ་བརྡལ་བ་ཆེན་པོའི་ཆོས་ཀྱི་དབྱིངས།   །ཚད་མེད་ཡེ་ [171a] ཤེས་སྣང་བ་འབྱམས་ཀླས་པའི།   །ཟུང་འཇུག་རྡོ་རྗེ་རོལ་མོའི་སྤྲིན་བཀོད་པ།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག   །འདི་ནས་ལྷོ་ནུབ་རྔ་ཡབ་སྲིན་པོའི་གླིང་།   །འཇིགས་རུང་གྲོང་ཁྱེར་དུ་མས་བསྐོར་བའི་དབུས།   །པདྨ་རཱ་གའི་རི་དབང་ལྷུན་མཐོ་བརྗིད།   །ཟངས་མདོག༴     རྩེ་མོ་ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་པར།   །རང་བྱུང་རིན་ཆེན་སྣ་ཚོགས་ལས་གྲུབ་པའི།   །ངོ་མཚར་དཔལ་གྱི་གཞལ་མེད་ཁང་ཆེན་མཛེས།   །ཟངས་མདོག༴    ཟུར་བཞི་ལོགས་བརྒྱད་རབ་མཛེས་ལྕོགས་དང་བཅས།   །ནོར་བུ་ཆུ་ཤེལ་དང་ནི་བཻ་ཌཱུརྻ།   །པད་རགས་ཨིནྡྲ་ནཱི་ལའི་མདངས་འོད་འཚེར།   །ཟངས་མདོག༴    སུམ་ཐོག་ཁ་བད་མཐོང་སྐར་ཡངས་པའི་སྒོ།   རྟ་བབ་བཞི་ལྡན་ཆོས་འཁོར་གདུགས་རི་དྭགས།   །བྱེ་རུའི་སྒོ་གླེགས་གཟི་མཆོང་སྒོ་གཏན་སྤྲས།   །ཟངས་མདོག༴    དབུས་ཕྱུར་མར་གད་རཱ་ག་ཕ་ལམ་སོགས།   །རྒྱ་ཕིབ་སུམ་བརྩེགས་མདའ་ཡབ་པུ་ཤུས་བརྒྱན།   །ཀུན་སྣང་ནོར་བུའི་འཕྲུལ་ཏོག་ལྷམ་མེར་གསལ།   །ཟངས་མདོག༴    སྣ་ཚོགས་རིན་ཆེན་དྲྭ་ཕྱེད་འཕྱང་འཕྲུལ་བྲེས།   །ཟླ་ཕྱེད་རྡོ་རྗེ་དར་དཔྱངས་རྔ་ཡབ་གཡོ།   །རང་བྱུང་ཆོས་ཀྱི་སྒྲ་ལྡན་དྲིལ་གཡེར་འཁྲོལ།   །ཟངས་མདོག༴    བྱང་ཆུབ་སེམས་དཔའི་སྨོན་ལམ་ནོར་བུའི་སྤྲིན།   །ཀུན་ནས་ [171b] ཡོངས་གཏིབས་བར་སྣང་སྤྲིན་གསེབ་ཏུ།   །ཡིད་འོང་ལྷ་ཡི་བུ་དང་བུ་མོས་གང་།   །ཟངས་མདོག༴    ཀུན་ཀྱང་གདུགས་བཟང་རྒྱལ་མཚན་བ་དན་བསྒྲོངས།   །སྙན་སྒྲོག་རོལ་མོའི་སྒྲ་དང་བསྟོད་དབྱངས་བཅས།   །དྲི་མེད་ཤེལ་བུམ་སྤོས་ཆུའི་ཁྲུས་ཆབ་སྦྲེངས།   །ཟངས་མདོག༴    ཕྱོགས་མཚམས་འཇའ་འོད་ཟེར་ཕྲེང་འཁྲིགས་པའི་གུར།   །རབ་མཛེས་མེ་ཏོག་ཆར་ཟིམ་ལྡིང་ཁང་འཁྱིལ།   །བདེ་རླུང་དྲི་བཟང་སྤོས་ངད་ཀུན་ཏུ་འཐུལ།   །ཟངས་མདོག༴    འདོད་ཡོན་སྣམ་བུར་མཆོད་པའི་ལྷ་མོའི་ཚོགས།   །སྒེག་བཞང་གླུ་གར་རྣམ་འགྱུར་མཐའ་ཡས་པས།   །རབ་འབྱམས་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ།   །ཟངས་མདོག༴    རང་སྣང་ཞིང་གཞན་ཀུན་ཏུ་བསྟི་བ་ཡི།   །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོའི་ཚོགས།   །ཞིང་དེར་ཉི་ཟེར་རྡུལ་འཁྲིགས་ལྟ་བུར་གཏིབས།   །ཟངས་མདོག༴    མཐའ་སྐོར་ཕྱི་ནས་རིམ་བཞིན་ཐོད་པ་དང་།   །ལྕགས་ཟངས་དངུལ་གསེར་འོད་ལྔའི་ར་བ་སྟེ།   །ཁོར་ས་རིམ་པ་བདུན་གྱིས་ཡོངས་སུ་བསྐོར།   །ཟངས་མདོག༴    ནང་ནས་རིམ་བཞིན་ཁྲུས་རྫིང་ངང་པས་བརྒྱན།   །མེ་ཏོག་དོ་རར་རི་དྭགས་བག་ཕེབས་རྩེ།   ། [172a] སྨན་གྱི་སྤངས་ལྗོངས་བདུད་རྩིའི་ཆུ་ཀླུང་འབེབས།   །ཟངས་མདོག༴     ནོར་བུའི་གྲམ་ཐང་གསེར་གྱི་བྱེ་མས་ཁེངས།   །རིན་ཆེན་ལྗོན་ཤིང་ལོ་འདབ་འབྲས་བུ་དུད།   །སྤྲུལ་པའི་བྱ་ཚོགས་སྙན་པའི་ཆོས་སྒྲ་སྒྲོགས།   །ཟངས་མདོག༴     ཁོར་ས་ཐ་མར་རཀྟའི་ཞམ་ཆུ་འབབས།   །ཞིང་ཆེན་ལྷུ་དུམ་འཁྲུགས་པའི་རྦ་རླབས་འཕྲོ།   །གཏུམ་རྔམ་བྱ་གཅན་སྣ་ཚོགས་རླུང་ལྟར་འཚུབས།   །ཟངས་མདོག༴    ཕྱི་རོལ་མུན་འོབས་སྲིན་པོའི་སྒོ་སྲུང་ཚོགས།   །རྔམས་པའི་གད་རྒྱང་འཇིགས་པའི་མཚོན་ཆ་ཐོགས།   །སྐལ་མེད་ཚོགས་རྣམས་རྒྱུ་བའི་གོ་སྐབས་བྲལ།   །ཟངས་མདོག༴     ཡོན་ཏན་ལྷུན་གྲུབ་ཕོ་བྲང་དབུས་ཀྱི་ཆར།   །རིན་ཆེན་སེང་ཁྲི་འདབ་སྟོང་གེ་སར་ལ།   །ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་འོད་དུ་བརྡལ།   །ཟངས་མདོག༴    དེ་ན་བདག་གི་འདྲེན་པ་ངོ་མཚར་ཅན།   །སྐྱབས་གནས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ།   །སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་བཞུགས།   །ཟངས་མདོག༴    བརྟུལ་ཞུགས་སྤྱོད་འཆང་འཇའ་ལུས་རྡོ་རྗེའི་སྐུ།   །མཚན་དཔེའི་དཔལ་འབར་དགྱེས་འཛུམ་ཡེ་རེ་བ།   །བརྩེ་བའི་སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་གཟིགས།   །ཟངས་ [172b] མདོག༴    བརྗོད་བྲལ་འགག་མེད་གསུང་མཆོག་ཚངས་པའི་དབྱངས།   །ཡན་ལག་དྲུག་ཅུ་རྫོགས་པ་སེང་གེའི་སྒྲ།   །ཟབ་ཡངས་བདུད་རྩིའི་ཆོས་སྒྲ་ལྷངས་སེ་ལྷང་།   །ཟངས་མདོག༴    རྣམ་པར་མི་རྟོག་སྤྲོས་པ་བྲལ་བའི་ཐུགས།   །ཟབ་གསལ་གཉིས་མེད་ཡེ་ཤེས་སྙིང་པོ་ཅན།   །མཁྱེན་བརྩེ་ནུས་པས་འགྲོ་ཀུན་བུ་ལྟར་སྐྱོང་།   །ཟངས་མདོག༴    གཙོ་བོའི་མཐའ་སྐོར་ཉིད་དང་ཟེར་བཞིན་དུ།   །ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད་ལ་སོགས།   །གང་འདུལ་སྒྱུ་འཕྲུལ་བཀོད་པ་ཅིར་ཡང་སྟོན།   །ཟངས་མདོག༴    མདུན་གྲལ་གཡས་སུ་རྒྱ་བོད་རིག་འཛིན་ཚོགས།   །ཀློང་ཡངས་བྱ་རྩོལ་བྲལ་བའི་དགོངས་དབྱིངས་སུ།   །རྡོ་རྗེའི་མགུར་གླུ་སྦྱོར་སྒྲོལ་བརྟུལ་ཞུགས་སྤྱོད།   །ཟངས་མདོག༴    མདུན་གྲལ་གཡོན་དུ་མཆོག་གཟིགས་ལོ་པཎ་རྣམས།   །ཟབ་དོན་བསྒྲོ་གླེང་བསྒྱུར་བཤད་འཆད་ཉན་གྱི།   །སོ་སོའི་གསུང་གདངས་མ་འདྲེས་ལྷང་ངེར་གསལ།   །ཟངས་མདོག༴    །གཡས་གྲལ་གཡས་སུ་གཏེར་འབྱིན་གྲུབ་པའི་ཁྱུ།   །དགོངས་བརྒྱུད་དོན་སྟོན་ཤོག་སེར་ཚིག་བརྒྱུད་ཀྱི།   །བརྡ་འགྲོལ་ངོ་མཚར་འཕྲུལ་གྱི་ཟློས་གར་བསྒྱུར།   །ཟངས་མདོག༴     གཡས་གྲལ་གཡོན་དུ་རིག་སྔགས་ [173a] འཆང་བའི་ཚོགས།   །དམོད་པའི་གཡུལ་འགྱེད་ལས་ཀྱི་མདེའུ་ཁ་བསྒྱུར།   །འགལ་བྱེད་བདུད་དགྲ་འབྱུང་པོ་ཕྱེ་མར་འཐག   །ཟངས་མདོག༴   གཡོན་གྲལ་གཡས་སུ་རྒྱ་བལ་ཌཱ་ཀིའི་ཚོགས།   །བདེ་བའི་ཉམས་རྒྱས་ལང་ཚོའི་བཅུད་ཀྱིས་གང་།   །གསང་མཆོག་བདེ་བ་ཆེན་པོའི་འདོད་ཡོན་སྟོབ།   །ཟངས་མདོག༴   གཡོན་གྲལ་གཡོན་དུ་མོན་བོད་དྷཱ་ཀིའི་ཚོགས།   །རྣལ་འབྱོར་མ་དཔལ་རྡོ་རྗེའི་ཟློས་གར་གྱིས།   །བདེ་སྟོང་ཚོགས་ཀྱི་འཁོར་ལོའི་འདུ་བར་སྤྱོད།   །ཟངས་མདོག༴    གཙོ་མཆོག་མདུན་དུ་དབྱིངས་ཕྱུག་མཚོ་རྒྱལ་ལྕམ།   །གུས་པའི་ཉམས་རྫོགས་བདེ་ཆེན་མཆོད་སྤྲིན་སྤྲོ།   །སྐལ་ལྡན་རྗེས་འཛིན་དབང་བཞིའི་བརྡ་ཆོས་སྟོན།   །ཟངས་མདོག༴    རྒྱབ་ཕྱོགས་འོད་ལྔའི་དྲྭ་བའི་འཁྲིགས་པའི་ནང་།   །ཐེག་མཆོག་སྙིང་པོའི་ཀློང་སྒྲོམ་གླེགས་བམ་བརྩེགས།   །མདོ་རྒྱུད་མན་ངག་ཆོས་ཀྱི་རང་སྒྲ་ལྡིར།   །ཟངས་མདོག༴    ཁྱམ་ལ་དཔལ་གྱི་ཕོ་ཉ་གིང་ཀ་ར།   །ལང་ཀ་འབར་མ་ཕྲ་མེན་གནས་ཉུལ་རྣམས།   །ཉམས་པ་སྐྲོད་ཅིང་དམ་ལྡན་བུ་ལྟར་སྐྱོང་།   །ཟངས་མདོག༴    སྒོ་བཞིར་རྒྱལ་ཆེན་སྡེ་བཞི་བཀའ་སྡོད་བཅས།   །དཀར་ཕྱོགས་ [173b] སྐྱོང་བའི་སྡེ་དཔུང་ཁྲོམ་དུ་འཚོགས།   །བར་ཆད་སྲུང་དང་མཆོད་པའི་སྤྲིན་ཕུང་སྤྲོ།   །ཟངས་མདོག༴    ཕྱི་རོལ་སྤྲུལ་པའི་སྤྲིན་རྒྱལ་ཆེན་པོ་བརྒྱད།   །ལེགས་ཉེས་ཤན་འབྱེད་ཁྲིམས་ཀྱི་བརྡ་ཐབས་ཀྱིས།   །ཤ་ཟ་སྲིན་པོའི་ཚོགས་རྣམས་ཆོས་ལ་བཙུད།   །ཟངས་མདོག༴    བར་ཁང་འོད་ལྔ་འཁྲིགས་པའི་གུར་ཁྱིམ་དུ།   །སྙིང་རྗེའི་དབང་ཕྱུག་ལོངས་སྐུ་པདྨའི་སྤྱན།   །རབ་འབྱམས་རྩ་གསུམ་ཞིང་རྡུལ་འཁོར་དུ་གཏིབས།   །ཟངས་མདོག༴     སྟེང་ཁང་སྟོང་གསལ་ཡེ་ཤེས་ཞིང་གི་དབུས།   །གདོད་མའི་མགོན་པོ་ཆོས་སྐུ་འོད་མི་འགྱུར།   །རང་རྩལ་རོལ་པའི་འཁོར་ཚོགས་རྒྱ་མཚོས་བསྐོར།   །ཟངས་མདོག༴    སྐུ་གསུམ་རྒྱལ་བའི་ཞིང་ཁམས་མ་ལུས་པའི།   །ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པའི་དཔལ།   །གཅིག་ཏུ་འཁྱིལ་བ་ངོ་མཚར་སྤྲུལ་པའི་ཞིང་།   །ཟངས་མདོག༴    བདག་ནི་ནམ་ཞིག་འཆི་བའི་དུས་ཀྱི་ཚེ།   །གནད་གཅོད་སྡུག་བསྔལ་ཕུང་པོའི་ཟུག་རྔུ་བྲལ།   །བར་དོའི་འཁྲུལ་སྣང་འཇིག་སྐྲག་མི་མཐོང་བར།   །ཚད་མེད་བདེ་དགའ་སྤྲོ་བས་འཕོ་བར་ཤོག   །འཇའ་འོད་དར་ལམ་མེ་ཏོག་གསིལ་མའི་ཆར།   །འཕན་གདུགས་རྒྱལ་མཚན་སྣ་ཚོགས་རོལ་མོའི་སྒྲ།   །འདོད་ཡོན་མཆོད་པའི་ [174a] བྱེ་བྲག་རབ་ཐོགས་པའི།   །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུ་ཤོག  །   ཨ་མ་མཚོ་རྒྱལ་མཐིང་འོད་འབར་མ་ཡིས།   །བུ་ཅིག་དཔལ་གྱི་རི་བོར་ད་འགྲོ་ཞེས།   །མངོན་སུམ་ལག་པའི་མཁྲིག་མ་ནས་བཟུང་སྟེ།   །པདྨ་འོད་ཀྱི་ཞིང་དེར་འཁྲིད་པར་ཤོག  །   དེར་ཡང་འཇིགས་པའི་སྒོ་སྲུང་འཕྲང་སོགས་ལ།   །ཐེ་ཚོམ་མེད་པར་དཔའ་བའི་གདིང་ཤུགས་ཀྱིས།   །སྐད་ཅིག་མིག་འཕྲུལ་ལྟ་བུར་རབ་བགྲོད་ནས།   །ཕ་ཅིག་གུ་རུའི་ཞལ་མཆོག་མཐོང་བར་ཤོག  །   སེམས་ཀྱི་རིན་ཆེན་ནམ་མཁའ་མཛོད་ཀྱིས་གཏེར།   །གང་འདོད་ཀུན་ཏུ་བཟང་པོའི་མཆོད་པའི་རྫས།   །ཞིང་ཁམས་རྒྱས་པར་འགེངས་པའི་སྤྲིན་སྤྲོས་ཏེ།   །ལྷ་ཚོགས་དགྱེས་པར་བསྐྱེད་པའི་མཐུ་ཐོབ་ཤོག   །དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ལྷན་ཅིག་ཏུ།   །ཐེག་མཆོག་བདུད་རྩིའི་དགའ་སྟོན་ལོངས་སྤྱོད་ནས།   །དཀའ་བ་མེད་པར་རིག་འཛིན་ས་བགྲོད་དེ།   །པདྨའི་དགོངས་ཀློང་ཡངས་པར་བྱང་ཆུབ་ཤོག  །   དེ་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་གར།   །རྣམ་མང་ཕྲིན་ལས་རབ་འབྱམས་ཐབས་དུ་མས།   །མཁའ་མཐའ་གཏུག་པའི་འགྲོ་བ་མ་ལུས་པ།   །རྔ་ཡབ་དཔལ་རིའི་གྲོང་དེར་འདྲེན་པར་ཤོག   །བདག་ཉིད་མཐོང་ཐོས་ [174b] དྲན་རེག་སྐྱེ་འགྲོ་ཀུན།   །དཔལ་ལྡན་སངས་རྒྱས་པདྨ་ཀ་ར་ཡིས།   །ཐུན་མིན་གདུལ་བྱར་བརྩེ་བས་རྗེས་བཟུང་སྟེ།   །སྨིན་ཅིང་གྲོལ་བའི་སྐལ་བཟང་མྱུར་ཐོབ་ཤོག   །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་།   །ཆོས་ཅན་ཆོས་ཉིད་བདེན་པ་མི་བསླུ་བས།   །བདག་གི་ལྷག་བསམ་དག་པའི་སྨོན་ལམ་འདི།   །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ།   །ཅེས་པའང་ཚེ་རབས་ཀུན་ཏུ་མཚོ་སྐྱེས་པདྨ་དགྱེས་པའི་བཀའ་འབངས་སུ་གྱུར་པའི་སྐལ་པ་བཟང་པོ་ཅན་རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབོ་ཉ་བའི་ཡར་ངོའི་ཚེས་བཅུའི་དུས་ཀྱི་མཆོད་པའི་ཐོག་མོས་པའི་མཐོང་སྣང་ཕྱོགས་གཅིག་གི་རྗེས་སུ་འབྲང་ནས་འདོད་དོན་སྨོན་པའི་ཚིག་ཏུ་སྤེལ་བར་བྱས་པ་སྟེ།   འདིས་ཀྱང་འབྲེལ་བཅས་འགྲོ་ཀུན་པདྨ་འོད་ཀྱི་གྲོང་དུ་དབུགས་ཆེན་འབྱིན་པའི་གྱུར་རྒྱུར་ཅིག།   །། 
༈      །ཟངས་མདོག་དཔལ་རིར་བགྲོད་པའི་སྨོན་ལམ་སྐལ་བཟང་དགའ་བའི་ཤིང་རྟ་ནི། རང་སྣང་དག་པ་བདེ་ཆེན་རྡོ་རྗེའི་དབྱིངས།   །ལྷུན་གྲུབ་འོག་མིན་སྒྱུ་འཕྲུལ་དྲྭ་བའི་གར།   །རབ་འབྱམས་རྒྱལ་བའི་ཞིང་ཁམས་རྒྱ་མཚོའི་ཕུལ།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག   །ཡིད་འོང་པདྨ་རཱ་གའི་རི་དབང་རྩེར།   །ནོར་བུའི་བ་གམ་བརྩེགས་པའི་ཕོ་བྲང་ནི།   །ཕུལ་བྱུང་ངོ་མཚར་བཀོད་པས་མཛེས་པ་ཅན།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ [175a] ཤོག  །   ཙནྡན་ནགས་ཚལ་དཀྲིག་པའི་དོ་ར་རུ།   །གཡུ་ཡི་སྤངས་ལྗོངས་སྣ་ཚོགས་ཆུ་སྐྱེས་བཞིན།   །གེ་སར་འཛུམ་མདངས་དགོད་པའི་ལང་ཚོ་ངོམས།   །ཟངས་མདོགདཔལ་གྱི་རི་བོར་སྐྱེ་བར་ཤོག   །ག་བུར་སྤོས་ཆུས་གཤེར་བའི་བདུད་རྩིའི་ཀླུང་།   །ལྷུང་ལྷུང་ཉམས་དགར་འབབ་ཅིང་འཁོར་བའི་རྫིང་།   །གཞོན་ནུའི་གར་མཁན་	ཅི་ཡང་རྩེ་ཞིང་རྒྱུ།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག   །དབང་གཞུའི་གུར་ཁྱིམ་འཁྲིགས་པའི་དྲྭ་མིག་ནས།   །མེ་ཏོག་ཆར་ཟིམ་འབབ་པའི་རྡུལ་ཕྲེང་ནང་།   །གིང་ཆེན་བདེ་བའི་གར་གྱིས་རྣམ་པར་རྩེ།   །ཟངས་མདོག་དཔལ་གྱི་རོ་བོར་སྐྱེ་བར་ཤོག   །ཕུན་ཚོགས་འདོད་པའི་ཡོན་ཏན་རྣམ་མང་པོས།   །ཀུན་ནས་མཛེས་རྒུར་བརྒྱན་བྱས་མཁའ་འགྲོའི་སྤྲིན།   །མི་འཛད་ཕྱོགས་ཀྱི་འཁོར་ལོའི་བླར་བྲེས་པ།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག    །རིག་འཛིན་འདུས་པའི་ཚོགས་ཀྱི་གྲལ་དབུས་ན།   །པདྨ་འབྱུང་གནས་རྒྱལ་བའི་དབང་པོ་ཡིས།   །ཟབ་གསང་སེང་གེའི་སྒྲ་ཆེན་ཀུན་ཏུ་སྒྲོགས།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག   །སངས་རྒྱས་ཀུན་གྱི་ངོ་བོ་ང་ཡིན་ཞེས།   །མཁྱེན་བརྩེའི་ཡེ་ཤེས་མཚུངས་པ་མེད་པའི་སྟོབས།   །མུ་མེད་གདུལ་བྱའི་ཁམས་དང་ [175b] མཉམ་པར་འཇུག    ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག   །ཡོན་ཏན་རྒྱ་མཚོ་ཕ་མཐའ་ཡས་པའི་གཏེར།   །དྲན་པ་ཙམ་གྱིས་ཞིང་དེར་དབུགས་འབྱིན་པའི།   །ངོ་མཚར་ཕྲིན་ལས་འཁོར་ལོའི་གཟི་བྱིན་ཅན།   །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག།   །མཁའ་སྤྱོད་པདྨ་འོད་མཛེས་གྲོང་ཁྱེར་དུ།   །ད་ལྟ་ཉིད་དུ་བཙན་ཐབས་བགྲོད་ནས་ཀྱང་།   །དོན་གཉིས་ཡིད་བཞིན་འགྲུབ་པའི་རྣམ་ཐར་ཚུལ།   །མཉམ་མེད་གུ་རུ་ཁྱོད་དང་མཚུངས་པར་ཤོག   ཅེས་པའང་རིགས་ཀྱི་བུ་མོ་བདེ་སྐྱོང་ཡེ་ཤེས་དབང་མོ་པདྨ་འོད་དུ་བགྲོད་པའི་ཆ་རྐྱེན་དུ་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྐྱོ་ཞིང་དུང་བའི་སེམས་ཀྱིས་སྨོན་ལམ་དུ་བཏབ་པ་དགེ།   །། 
༈     །སངས་རྒྱསཀུན་གྱི་ངོ་བོ་བཀའ་དྲིན་ཅན།   །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།   ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག   །པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས།   །ཛྙཱ་ནས་སོ།།   །། 
༈     །སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་ནི།   ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང་།   བདག་འདྲ་ལས་ངན་སྙིགས་མའི་སེམས་ཅན་རྣམས།   །བདེ་བ་འདོད་ཀྱང་སྡུག་བསྔལ་དོན་དུ་གཉེར།   །སྙིང་རུས་ཕྱིན་ཅི་ལོག་རྣམས་སུ་ལ་རེ།   །ཐུགས་རྗེས་གཟིགས་ཤིག་རྔ་ཡབ་གླིང་པ་མཁྱེན།   །ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས།   །ཐུགས་རྗེ་ལྡན་པའི་རྒྱལ་བ་ཁྱེད་ལྟ་བུས།   ། [176a] བོད་འབངས་བོར་ནས་རྔ་ཡབ་གླིང་དུ་གཤེགས།   །གདོང་དམར་བོད་ཕྲུལ་སྤྲེའུའི་ཚ་བོ་རྣམས།   །འདི་ཕྱིའི་རེ་ལྟོས་སྐྱབས་གནས་སུ་ལ་རེ།   །ཐུགས་རྗེས་གཟིགས་ཤིག༴    ད་ལྟ་ཉིད་དུ༴   ཚེ་སྲོག་མི་རྟག་གཡང་ཁའི་བྱེའུ་འདྲ།   །དོ་ནུབ་ཙམ་ཡང་མི་འཆི་གདིང་ནི་མེད།   །རྟག་ཏུ་སྡོད་གྲབ་བྱེད་པ་བདུད་ཀྱིས་བསླུས།   །གཤིན་རྗེའི་ཕོ་ཉ་བྱུང་ན་སུ་ལ་རེ།   །ཐུགས་རྗེས༴     ད་ལྟ༴    འཁོར་བའི་སེམས་ཅན་སྡུག་བསྔལ་ལས་ལ་གཡེངས།   །དམ་ཆོས་བྱེད་བློ་ནམ་ལངས་སྐར་ལྟར་ཡལ།   །དོན་ཆུང་གཡེང་བའི་ཁོལ་བོར་མི་ཚེ་ཟད།   །དགྲ་ཆེན་འཆི་བ་བྱུང་ན་སུ་ལ་རེ།   །ཐུགས་རྗེས༴    ད་ལྟ༴   བྱིས་པའི་རང་བཞིན་སོ་སོའི་སྐྱེ་བོ་ཀུན།   །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་རྒུད།   །ཕར་ཕྱིན་དྲུག་གི་འདྲེན་དྱེད་ཅེ་རེ་ལོང་།   །འབྱུང་བ་ཐིམ་རིམ་བྱུང་ན་སུ་ལ་རེ།   །ཐུགས་རྗེས༴     ད་ལྟ༴   དགེ་བཅུའི་ལམ་ལ་མོས་པས་ཞུགས་ན་ཡང་།   །རྣམ་པར་དཔྱད་ན་ཆོས་བརྒྱད་ཟོབ་དང་འདྲེས།   །མི་དགེའི་རྣམ་སྨིན་མ་ཚོར་ཤུགས་ཀྱིས་འགོ།   །བར་དོར་དམྱལ་ཐག་གཅོད་དུས་སུ་ལ་རེ།   །ཐུགས་རྗེས༴    ད་ལྟ༴   ཀྱེ་མ་ནམ་ཞིག་ཚེ་ཡི་འཕེན་པ་ཟད།   །ལུས་ཀྱི་མདངས་ཤོར་དབུགས་ཀྱི་ངར་སྒྲ་བརྩེགས།   །འདེགས་བྱེད་ [176b] རླུང་བྲོས་ངར་སྐད་ཅན་གྱི་རོས།   །ཉེ་འབྲེལ་གདུང་སེམས་འབྲེལ་ཐག་གཅོད་པའི་ཚེ།   །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་།   །མཁའ་འགྲོས་བསུ་བའི་སྣང་བ་ཤར་བར་ཤོག  །   ཀྱི་ཧུད་ས་ཆུ་མེ་རླུང་ནམ་མཁའ་སྟེ།   །འབྱུང་ལྔའི་ཐིམ་རིམ་དུ་བ་སྨིག་རྒྱུ་དང་།   །མེ་ཁྱེར་མར་མེའི་སྣང་བ་གསལ་བའི་རྗེས།   །ཕྲ་བའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་སྟེ།   །འདི་ལྟར་རྣམ་ཤེས་སྣང་བ་ལ་ཐིམ་པས།   །སྤྲིན་མེད་མཁའ་ལ་ཉི་ཟླ་གཟས་ཟིན་ལྟར།   །དམར་ལམ་འཆར་ཞིང་དམར་ཆ་སྙིང་གར་ལྡོག  །   དེ་རྗེས་སྣང་བ་མཆེད་པ་ལ་ཐིམ་པས།   །སྐར་ཁུང་ནང་དུ་ཟླ་ཟེར་ཤར་བ་ལྟར།   །དཀར་ལམ་འཆར་ཞིང་དཀར་ཆ་ཐུར་དུ་བབས།   །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས།   །སྤྲིན་མེད་ནམ་མཁར་སྲོད་མུན་འཁྲིགས་པ་ལྟར།   །ནག་ལམ་ཤར་ནས་ཀུན་གཞིའི་ངང་དུ་བརྒྱལ།   །སླར་ཡང་སྲོག་འཛིན་རླུང་བརྒྱད་གྱེས་པ་ཡིས།   །ཅུང་ཟད་བརྒྱལ་སངས་གདོད་མའི་ཡེ་གདངས་ཤར།   །གསལ་ལམ་འགགས་སྟོན་གྱི་ནམ་མཁའ་བཞིན།   །སྟོང་གསལ་སྒྲིབ་གཡོགས་བྲལ་བའི་ངང་ལ་གནས།   །དེ་ཚེ་ད་ལྟའི་ཀ་དག་བློ་བྲལ་དབྱིངས།   །ཐ་མལ་ཤེས་པ་ཟང་ཀ་རྒྱ་ཡན་ལ།   །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས།   །གདོད་མའི་གཞི་དབྱིངས་ནང་གསལ་ [177a] གསང་བའི་སྦུབས།   །ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་ཀློང་།   །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག   །གལ་ཏེ་བར་དོ་དང་པོར་མ་གྲོལ་ན།   །དབྱིངས་སྣང་ལྷུན་གྲུབ་འོད་གསལ་ལ་ཐིམ་ནས།   །སྒྲ་འོད་ཟེར་དང་ཚོམ་བུའི་དཀྱིལ་འཁོར་སོགས།   །ཐིམ་ལུགས་བརྒྱད་ཀྱི་སྣང་བ་འཆང་བའི་ཚེ།   །ཆོས་ཉིད་བར་དོ་རང་སྣང་ངོ་ཤེས་ནས།   །མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག   །དེ་ཚེ་སྒྲ་ཡིས་འཇིགས་ཏེ་ཟེར་གྱིས་དངངས།   སྐུ་ཡི་སྣང་བས་སྐྲག་སྟེ་མ་གྲོལ་ན།   །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས།   །འཁྲུལ་པ་རྨི་ལམ་སད་པའི་ཆ་ཙམ་ལས།   །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་པདྨའི་སྦུབས།   །བརྫུས་ཏེ་སྐྱེས་ནས་དབུགས་དབྱུང་གྲོལ་བར་ཤོག   །རིམ་དགུའི་ཐེག་པ་ཀུན་ལས་འདས་པའི་དོན།   །འོད་གསལ་རྫོགས་ཆེན་ལམ་ལ་ཞུགས་དེའི་མཐུས།   །ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེ།   གང་གི་གྲོལ་ཚད་སྒྲ་འོད་ས་གཡོས་དང་།   །རིགས་ལྔའི་གདུང་དང་ཞི་ཁྲོའི་སྣང་བརྙན་སོགས།   །ཀུན་གྱི་མཐུན་སྣང་གྲུབ་ཏུ་མངོན་པར་ཤོག  །   རིག་འཛིན་བདག་གི་ལྷག་བསམ་རྣམ་དག་དང་།   །ཆོས་ཉིད་རང་བཞིན་ཅི་ཡང་མ་ཡིན་པའི།   །བདེན་པའི་མཐུ་ [177b] ཡིས་ཁམས་གསུམ་ཡིད་ཅན་དང་།   །ཁྱད་པར་འབྲེལ་པས་བསྡུས་པའི་སེམས་ཅན་ཀུན།   །སྐུ་བཞིའི་ཞིང་ཁམས་རྨད་བྱུང་ཉམས་དགའ་བར།   །ཚོམ་བུ་གཅིག་ཏུ་ཕྱ་མ་གཅིག་གྲོལ་བར་ཤོག   །དེ་ལྟར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་འདི་ནི་རང་བྱུང་པདྨའི་གསུང་གི་དབེན་གནས་འོག་མིན་རྡོ་རྗེའི་ཀེའུ་ཚང་དུ་རང་ཉིད་གཅིག་པུར་དབེན་པ་བསྟེན་པའི་སྐབས་སྔ་ཞོག་གི་ཚེ་ན་མིག་ལམ་དུ་ཧས་པོ་རི་མཐོང་བས་རྐྱེན་བྱས་སྣང་བ་ལ།   །ག་རེ་རི་མ་གིའི་རྩེར་མཁན་སློབ་རྗེ་འབངས་རྣམས་ཀྱི་ཞབས་ཀྱིས་བཅགས།   ལྷ་འདྲེ་བཏུལ།   སྐྱོ་སངས་མཛད་པ་སོགས་ཀྱི་ལོ་རྒྱུས་ཆེར་སྣང་མོད།   །དེ་དག་ཐམས་ཅད་ད་ལྟ་མིང་ཙམ་མེད།   འདི་ལྟ་བུའི་འདུས་བྱས་ཐམས་ཅད་མི་རྟག་པར་ཡིད་ཆེས།   རང་ཉིད་ཀྱང་ལོ་ཤས་ཙམ་མི་འཆི་བའི་རྩིས་བྱས་ཀྱང་སང་ཙམ་ནས་འཇིག་རྟེན་ཕ་རོལ་དུ་མི་འགྲོ་བའི་ངེས་པ་ཅི་ཆ་སྙམ་ནས་སྐྱོ་ཤས་ངེས་འབྱུང་ཚད་མེད་སྐྱེས།   ཨོ་རྒྱན་རྗེ་འབངས་རྣམས་དྲན་པ་ལ་ཚད་མེད་ཀྱི་མཆི་མ་འཁྲུག་པ་ཞིག་བྱུང་བས་རྐྱེན་བྱས།   དེའི་ཚེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་དང་འབྲེལ་བར་བར་དོ་ལམ་སྣང་གི་གྲོལ་ཚུལ་རྩ་ཚིག་ཏུ་བྱས་ནས་ཁ་ཏོན་དུ་བགྱིས་ཆོག་པའི་སྨོན་པ་འདི་ཡང་བྱ་བྲལ་བ་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པའོ།།   །།དཔལ་ལྡན་བླ་མ་དམ་པར་མཉེས་པ་ཚུལ་བཞིན་འགྲུབ་པའི་སྨོན་ལམ་བླ་མ་ལྔ་བཅུ་པའི་བསྡུས་དོན་དང་འབྲེལ་བ་མདོ་སྔགས་ཀུན་གྱི་ཡང་སྙིང་ནི།  [178a] ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས།   །དུས་གསུམ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡབ།   །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན།   །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ།   །རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་།   །སྙིགས་དུས་སློབ་དཔོན་གཟུགས་སུ་རྣམ་པར་རོལ།   །མཁྱེན་བརྩེ་ནུས་པའི་མངའ་བདག་ཆོས་ཀྱི་རྗེ།   །ཐར་པའི་ལམ་འདྲེན་དེ་ལ་གུས་པས་འདུད།   །མ་རིག་མུན་སེལ་ཉིན་མོར་བྱེད་པ་སྟེ།   །ཉོན་མོངས་གདུང་སེལ་ཟླ་བའི་དཀྱིལ་འཁོར་མཆོག   །དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ།   །བདེ་ཆེན་སྲོག་སྟེར་བདུད་རྩིའི་རྒྱ་མཚོ་ཉིད།   །ཕྱོགས་བཅུའི་རྣམ་འདྲེན་སློབ་མར་བཅས་པས་ཀྱང་།   །ཁྱོད་ལ་མཆོད་ཅིང་བསྙེན་ཏེ་ཀུན་ནས་བསྡགས།   །ཁྱོད་ཀྱིས་བཟུང་རྣམས་གཏན་བདེ་དཔལ་ལ་སྦྱོར།   །ངན་འབྲེལ་ཙམ་ཡང་འཁོར་བ་མཐའ་ཅན་མཛད།   །ཁྱོད་ལ་མ་བརྟེན་ཐར་པ་ཡོངས་མེད་པས།   །དུས་དང་ཕྱོགས་དང་རྣམ་པ་ཐམས་ཅད་ནས།   །མོས་གུས་བསམ་མི་ཁྱབ་པ་སྐྱེ་བ་དང་།   །མཉེས་པ་ཚུལ་བཞིན་འགྲུབ་པར་བྱིན་གྱིས་རློབས།   །དབང་བསྐུར་མཆོག་ཐོབ་རྡོ་རྗེ་སློབ་དཔོན་ལ།   །འཇིག་རྟེན་འདྲེན་པས་དུས་གསུམ་ཕྱག་མཛད་ན།   །མགོན་མེད་བྱིས་པས་ [178b] སྨོས་ཀྱང་ཅི་ཞིག་འཚལ།   །སྒོ་གསུམ་གུས་པས་རྟག་ཏུ་འདུད་གྱུར་ཅིག   །མཆོག་ལ་མཉེས་པ་དུ་མས་བསྙེན་བཀུར་ཞིང་།   །བླ་མ་ཁྱིམ་པའམ་ནི་གསར་བུའང་རུང་།   །དུས་སྐབས་ཕྱེད་པས་དངོས་བརྒྱུད་སྲི་ཞུ་ཡིས།   །ནམ་ཡང་མི་མཉེས་སྐད་ཅིག་མི་སྒྲུབ་ཤོག   །དམ་ཚིག་རྩ་བ་སློབ་དཔོན་སློབ་མ་ཡི།   །འབྲེལ་བ་བརྟག་ལ་རྣམ་དཔྱོད་བློ་ཐོབ་ཅིང་།   །བརྩེ་མེད་འདོད་ཁྲོ་ཁེངས་པའི་དབང་གྱུར་སོགས།   །མི་དགེའི་བཤེས་དང་སྐྱེ་ཀུན་མི་འཕྲད་ཤོག   །བརྟན་དུལ་བློ་གྲོས་ལ་སོགས་ཐུན་མོང་དྲུག    །སྔགས་རྒྱུད་སྦྱོར་བ་ཤེས་སོགས་ཁྱད་པར་གྱི།   །མཚན་ཉིད་དགུ་ཚང་དཔལ་ལྡན་བླ་མཆོག   །རྙེད་ནས་འབྲལ་བ་མེད་པར་བསྟེན་པར་ཤོག   །སློབ་དཔོན་བརྙས་ན་སངས་རྒྱས་ཀུན་ལ་བརྙས།   །མཐོང་ཆོས་སྡུག་བསྔལ་ཕྱི་མ་དམྱལ་མེས་སྲེག   །གུས་མཆོད་འདི་གཏན་བདེ་བའི་དཔལ་ལ་སྦྱོར།   །དེ་བས་བསྟེན་ཚུལ་ཕྱི་ཅི་མ་ལོག་ཤོག   །ཚེ་འདིར་བྱང་ཆུབ་སྩོལ་མཛད་བླ་མ་རྗེར།   །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་བསྟི་སྟང་སྒྲུབ།   །དམ་ཚིག་ལེགས་སྲུང་བླ་མས་བཞེད་པའི་དངོས།   །ཅུང་ཟད་གང་མཆིས་ཞེན་མེད་འབུལ་ནུས་ཤོག   །བླ་མ་མཆོད་པ་རྒྱལ་ཀུན་མཆོད་ཅིང་མཉེས།   །བསོད་ནམས་ཚོགས་ [179a] རྫོགས་དངོས་གྲུབ་མཆོག་ཐོབ་ཕྱིར།   །ལྷ་དང་བླ་མ་དབྱེར་མེད་རྡོ་རྗེ་འཆང་།   །གཅིག་ཏུ་ངེས་པས་སྐྱབས་གཞན་མི་འཚོལ་ཤོག   །སྐུ་ཡི་གྲིབ་མ་འགོམ་ཡང་སངས་རྒྱས་ཀྱི།   །མཆོད་རྟེན་བཤིགས་འདྲའི་སྡིག་པ་ཐོབ་པས་ན།   །བཞོན་པ་ཉེར་སྤྱད་ལ་སོགས་ནམ་དུ་ཡང་།   །མི་སྤྱད་མི་འགོང་གཙང་སྦྲ་ལྷུར་ལེན་ཤོག   །དངོས་གྲུབ་འབྱུང་གནས་བླ་མས་བགོ་བ་ཡི།   །བཀའ་ལས་མི་འདས་གང་གསུང་འབད་པས་སྒྲུབ།   །མི་ནུས་ངེས་པ་ཚིག་གི་ཞུ་གསོལ་གྱིས།   །གནང་བའི་སྐབས་ཕྱེད་ཟུར་ཙམ་མི་གཅོག་ཤོག   །བླ་མའི་རྫས་ནི་སྲོག་བཞིན་བསྲུང་བ་དང་།   །བླ་མའི་ཐུགས་ཟིན་བླ་མ་ཉིད་བཞིན་བཀུར།   །བླ་མའི་འཁོར་ཡང་རང་གི་གཉེན་ཏུ་ལྟ།   །ཉོན་མོངས་དབང་གིས་སྡིག་པ་མི་གསོག་ཤོག   །སྤྱན་སྔར་མི་འོས་པ་དང་མ་གུས་པའི།   །བྱ་བ་ངན་པ་གཞར་ཡང་མི་བྱེད་ཅིང་།   །འོས་ཤིང་གུས་བཅས་བཀའ་བཞིན་རྗེས་སྒྲུབ་པའི།   །སྤྱོད་ལམ་ང་རྒྱལ་མེད་པས་བཀུར་བར་ཤོག   །བླ་མ་བཞུགས་པའི་ཡུལ་དུ་མ་གནང་བཞིན།   །སློབ་དཔོན་ལས་དང་བླ་མའི་སྤྱན་སྔ་རུ།   །རང་ལ་གུས་མཆོད་དང་དུ་ལེན་སྤངས་ནས།   །གུས་པས་བླ་མ་ཉིད་ལ་མཆོད་ནུས་ཤོག   །བདག་ཉིད་དྲན་ [179b] བརྩོན་དྲག་པོས་མི་ཉམས་ཤིང་།   །མཆེད་ལྕམ་བླ་མའི་བྱ་བ་ཚུལ་བཞིན་དུ།   །སྒྲུབ་ལས་འདས་ཚེ་དགའ་ཞིང་སྙན་པ་ཡིས།   །བཟློག་ནས་བརྟུལ་ཞུགས་མཆོག་ལ་འགོད་པར་ཤོག   །ནད་ཀྱིས་གཟིར་སོགས་རང་དབང་མ་གྱུར་པས།   །གནང་བ་མ་ཐོབ་བཀག་པ་སྤྱད་དགོས་ཀྱང་།   །གུས་བཅས་དགེ་བའི་ཡིད་དང་མ་བྲལ་པས།   །རྣམ་སྨིན་རྩུབ་མོའི་རྒྱུ་རུ་མི་འགྱུར་ཤོག   །མདོར་ན་དངོས་གྲུབ་སློབ་དཔོན་རྗེས་འབྲང་ཕྱིར།   །བླ་མ་དགྱེས་བྱེད་གང་ཡིན་རྟག་ཏུ་སྒྲུབ།   །མི་མཉེས་བྱེད་ཀུན་དུག་ལྟར་སྤངས་ནས་སུ།   །ཐུགས་ཡིད་གཅིག་འདྲེས་མྱུར་དུ་འཚང་རྒྱ་ཤོག    །མཐའ་ཡས་འགྲོ་རྣམས་དཔལ་ལྡན་བླ་མ་ཡིས།   །རྗེས་བཟུང་ཀུན་གྱིས་མཉེས་པ་ཚུལ་བཞིན་སྒྲུབ།   །དཀའ་བ་མེད་པར་རྡོ་རྗེ་འཛིན་པ་ཡི།   །གོ་འཕང་མཆོག་ཐོབ་དོན་གཉིས་ལྷུན་གྲུབ་ཤོག   །ཅེས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་དཔལ་ལྡན་བླ་མ་བསྟེན་པའི་ཚུལ་རྡོ་རྗེ་འཆང་གི་རྒྱུད་ལུང་བཞིན་འགྲུབ་པའི་སྨོན་ལམ་བླ་མ་ལྔ་བཅུ་པའི་བསྡུས་དོན་དང་འབྲེལ་བ་ཞིག་དགོས་ཞེས།   རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པའི་ཐུགས་ཟིན་གྱི་སློབ་མ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་བསྐུལ་བ་ལྟར།   །ཀརྨ་ངག་དབང་ཡོན་ཏ་རྒྱ་མཚོས་དཔལ་སྤྲུངས་སྒྲུབ་ཁང་ཆེན་མོ་སྒྲུབ་བརྒྱུད་དར་རྒྱས་གླིང་དུ་བྲིས་པ་དགེ་ལེགས་འཕེལ།   ། 
༈     །བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་ [180a] མགོན།   །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།   །འཆི་བ་མ་དྲན་ཚེ་འདི་སྒྲུབ་པ་ཡི།   །དལ་འབྱོར་སྟོང་ཟད་བདག་ལ་ཐུགས་རྗེས་ཟུང་།   །རྨི་ལམ་འདྲ་བའི་མི་ཚེ་ཡད་ཡུད་འདི།   །སྐྱིད་ཀྱང་རུང་ལ་སྡུག་ཀྱང་རུང་བས་ན།   །སྐྱིད་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར།   །དམ་པའི་ཆོས་ལ་ནན་ཏན་བྱེད་པར་ཤོག   །རླུང་གསེབ་མར་མེ་འདྲ་བའི་མི་ཚེ་འདི།   །རིང་ཡང་རུང་ལ་ཐུང་ཡང་རུང་བས་ན།   །བདག་འཛིན་དམ་པོར་ཁ་བསྣོན་མི་འདེབས་པར།   །དམ་པའི་ཆོས་ལ༴     སླུ་བྱེད་སྒྱུ་མ་འདྲ་བའི་རྣམ་དཔྱོད་འདི།   །འགྲིགས་ཀྱང་རུང་ལ་མ་འགྲིགས་ཀྱང་རུང་བས།   །ཆོས་བརྒྱད་ཁྱེར་ཀ་རྩྭ་ལྟར་དོར་ནས་སུ།   །དམ་པའི༴     ཤིང་ཁའི་བྱ་ཚོགས་འདྲ་བའི་འཁོར་གཡོག་འདི།   །འདུས་ཀྱང་རུང་ལ་འབྲལ་ཡང་རུང་བས་ན།   །སྣ་ཐག་རང་གི་མགོ་ལ་དཀྲི་བ་ཡིས།   །དམ་པའི༴    ལོ་བརྒྱའི་ཁང་རུལ་འདྲ་བའི་སྒྱུ་ལུས་འདི།   །འཚོ་ཡང་རུང་ལ་འགྱེལ་ཡང་རུང་བས་ན།   །ཟས་གོས་སྨན་གྱི་རྩོལ་བས་མི་འཆིང་བར།   དམ་པའི༴    བྱིས་པའི་རྩེད་མོ་འདྲ་བའི་ཆོས་ཚུགས་འདི།   །ཟིན་ཡང་རུང་ལ་ཤོར་ཡང་རུང་བས་ན།   །ཟར་ཟིར་མང་པོས་རང་མགོ་མི་བསྐོར་བར།   །དམ་པའི༴     མེ་ལོང་གཟུགས་བརྙན་འདྲ་བའི་ལྷ་འདྲེ་ [180b] འདིས།   །ཕན་ཡང་རུང་ལ་གནོད་ཀྱང་རུང་བས་ན།   །རང་སྣ་འཁྲུལ་པ་དགྲ་རུ་མི་བལྟ་བར།   །དམ་པའི༴     རྗེས་མེད་བྲག་ཅ་འདྲ་བའི་འཁྲུལ་གཏམ་འདི།   །སྙན་ཀྱང་རུང་ལ་མ་སྙན་ཀྱང་རུང་བས།   །དཀོན་མཆོག་གསུམ་དང་རང་སེམས་དཔང་བཞག་ནས།   །དམ་པའི༴     ཤ་བའི་རྭ་འདྲ་དགོས་དུས་མི་ཕན་པ།   །ཤེས་ཀྱང་རུང་ལ་མ་ཤེས་ཀྱང་རུང་བས།   །རིག་གནས་ཙམ་ལ་བློ་གཏད་མི་འཆའ་བར།   དམ་པའི༴     བཙན་དུག་ཧ་ལ་འདྲ་བའི་དཀོར་རྫས་འདི།   །བྱུང་ཡང་རུང་ལ་མ་བྱུང་ཡང་རུང་བས།   །ལོག་འཚོའི་སྡིག་ལ་མི་ཚེ་མི་བསྐྱལ་བར།   །དམ་ ་བས།   །རང་མགོ་རུལ་པ་སྣ་ཡིས་ཚོར་ནས་སུ།   དམ་པའི༴    ཚོང་འདུས་མགྲོན་པོ་འདྲ་བའི་གཉེན་འབྲེལ་འདི།   །མཛའ་ཡང་རུང་ལ་མཁོན་ཀྱང་རུང་བས་ན།   །ཞེན་པའི་གདོས་ཐག་སྙིང་ནས་བཅད་པ་ཡིས།   །དམ་པའི༴    རྨི་ལམ་ནོར་རྙེད་འདྲ་བའི་ཟང་ཟིང་འདི།   །ཡོད་ཀྱང་རུང་ལ་མེད་ཀྱང་རུང་བས་ན།   །མཐུན་འཇུག་ངོ་དགས་གཞན་མགོ་མི་བསྐོར་བར།   །དམ་པའི༴    བྱེའུ་ཆུང་ཤིང་རྩེར་བབ་འདྲའི་གོ་ས་འདི།   །མཐོ་ཡང་རུང་ལ་དམའ་ཡང་རུང་བས་ན།   རང་སྡུག་གནས་ལ་ཡིད་སྨོན་མི་བྱེད་པར།   །དམ་པའི༴     མཚོན་ཆ་འདྲ་བའི་ངན་སྔགས་ལས་སྦྱོར་འདི།   །འགྲུབ་ཀྱང་རུང་ལ་མ་ [181a] འགྲུབ་ཀྱང་རུང་བས།   །རང་སྲོག་གཅོད་པའི་སྤུ་གྲི་མི་ཉོ་བར།   །དམ་པའི༴     ནེ་ཙོའི་ཡིག་དྲུག་འདྲ་བའི་འདོན་བརྗོད་འདི།   །བྱས་ཀྱང་རུང་ལ་མ་བྱས་ཀྱང་རུང་བས།   །བྱས་བྱས་མང་པོའི་རྣམ་གྲངས་མི་བགྲངས་བར།   །དམ་པའི༴    རི་བོའི་འབབ་ཆུ་འདྲ་བའི་བཤད་ཡམ་ཆོས།   །མཁས་ཀྱང་རུང་ལ་མ་མཁས་ཀྱང་རུང་བས།   །ཁ་བཤད་མཁས་ལ་ཆོས་སུ་མི་བསྒོམ་པར།   །དམ་པའི༴     ཕག་པའི་སྣ་འདྲ་དཔྱད་པ་མྱུར་བའི་བློ།   །རྣོ་ཡང་རུང་ལ་རྟུལ་ཡང་རུང་བས་ན།   །དོན་མེད་ཆགས་སྡང་ཟེགས་མ་མི་སློང་བར།   །དམ་པའི༴    དབྱར་གྱི་རྐ་ཆུ་འདྲ་བའི་རྣལ་འབྱོར་ཉམས།   །འཕེལ་ཡང་རུང་ལ་འགྲིབ་ཀྱང་རུང་བས་ན།   །བྱིས་པ་འཛའ་ཚོན་རྗེས་སུ་མི་འདེད་པར།   དམ་པའི༴     རི་འགོའི་ཆར་པ་འདྲ་བའི་དག་སྣང་འདི།   །ཤར་ཡང་རུང་ལ་མ་ཤར་ཡང་རུང་བས།   །འཁྲུལ་པའི་ཉམས་ལ་བདེན་པར་མི་བཟུང་བར།   །དམ་པའི༴    ཡིད་བཞིན་ནོར་བུ་ལྟ་བུའི་དལ་འབྱོར་འདི།   །མ་ཐོབ་དམ་ཆོས་སྒྲུབ་ཐབས་མི་འདུག་པས།   །རང་ལག་ཡོད་དུས་ཆུད་ཟོས་མི་གཏོང་བར།   །དམ་པའི༴    ཐར་ལམ་སྒྲོན་མེ་དཔལ་ལྡན་བླ་མ་འདི།   །མ་མཇལ་གནས་ལུགས་རྟོགས་ཐབས་མི་འདུག་པས།   །གར་འགྲོ་ཤེས་དུས་གཡང་ལ་མི་མཆོང་བར།   །དམ་པའི༴     ནད་སེལ་སྨན་དང་འདྲ་བའི་དམ་ཆོས་འདི།   །མ་ཐོས་ [181b] སྤང་བླང་ཤེས་ཐབས་མི་འདུག་པས།   །ཕན་གནོད་ཤེས་དུས་བཙན་དུག་མི་འགམ་པར།   །དམ་པའི༴    དབྱར་དགུན་རེས་འདྲའི་སྐྱིད་སྡུག་འགྱུར་ལྡོག་འདི།   །མ་མཐོང་ངེས་པར་འབྱུང་ཐབས་མི་གདའ་བས།   །སྡུག་རེས་རང་ལ་འཁོར་བར་ཐག་ཆོད་ནས།   །དམ་པའི༴     ལྷན་སྐྱེས་གྲིབ་མ་འདྲ་བའི་བདག་འཛིན་འདི།   །མ་སྤངས་བདེ་སར་ཕྱིན་ཐབས་མི་འདུག་པས།   །དགྲ་བོ་ཟིན་དུས་བཤེས་སུ་མི་ [182a] བསྟེན་པར།   །དམ་པའི༴     ཐལ་གསེབ་མེ་མདག་འདྲ་བའི་དུག་ལྔ་འདི།   །མ་ཆོམ་སེམས་ཉིད་རྣལ་དུ་མི་གནས་པས།   །དུག་སྤྲུལ་ཕྲུ་གུ་རུམ་དུ་མི་གསོ་བར།   །དམ་པའི་སྣུམ་ཀོག་གྱོང་པོ་འདྲ་བའི་རང་རྒྱུད་འདི།   །མ་དུལ་ཆོས་དང་རང་སེམས་མི་འདྲེ་བས།   །རང་སྐྱེས་ཕྲུ་གུ་སྐྱག་ལང་མི་བཏང་བར།   །དམ་པའི༴    ཆུ་ཀླུའབབ་འདྲ་བག་ཆགས་ངན་གོམས་འདི།   །མ་བཅད་ཆོས་མིན་སྤྱོད་དང་མི་འབྲལ་བས།   །མཚོན་ཆ་དགྲ་བོའི་ལག་ཏུ་མི་འཚོང་བར།   །དམ་པའི༴    ཟིན་མེད་ཆུ་གཉེར་ལྟ་བུའི་རྣམ་གཡེང་འདི།   །མ་སྤང་བརྟན་པ་ཐོབ་ཐབས་མི་གདའ་བས།   །ཅི་བྱས་ཆོག་དུས་འཁོར་བ་མི་བསྒྲུབ་པར།   །དམ་པའི༴    ས་ཆུ་དྲོས་འདྲ་བླ་མའི་བྱིན་རླབས་འདི།   །མ་ཞུགས་རང་ངོ་འཕྲོད་ཐབས་མི་གདའ་བས།   །ཉེ་ལམ་སླེབ་དུས་ས་རྒྱ་མི་བསྐོར་བར།   །དམ་པའི༴    དབྱར་གྱི་སྨན་ལྗོངས་འདྲ་བའི་དབེན་ས་འདི།   །མ་བསྟེན་ཡོན་ཏན་སྐྱེ་ཐབས་མི་གདའ་བས།   །རི་ལ་གནས་དུས་གྲོང་ནག་མི་འགྲིམ་པར།   །དམ་པའི༴    བསེ་རག་ཕུགས་སུ་ཞུགས་འདྲའི་སྐྱིད་འདོད་འདི།   །མ་ཕྲལ་སྡུག་བསྔལ་རྩོལ་སྒྲུབ་མི་ཆད་པས།   །ལྟོག་འགོང་ཕུག་གི་ལྷ་རུ་མི་མཆོད་པར།   །དམ་པའི༴     མཁར་གྱི་སྒོ་ལྕགས་འདྲ་བའི་དྲན་ཤེས་འདི།   །མ་ [182b] བསྟེན་འཁྲུལ་པའི་རྒྱུ་འགྲུལ་མི་ཆད་པས།   །རྐུན་མ་ཡོང་དུས་སྒོ་ཆ་མ་ཀློད་པར།   །དམ་པའི༴    འགྱུར་མེད་ནམ་མཁའ་ལྟ་བུའི་གནས་ལུགས་འདི།   །མ་རྟོགས་ལྟ་བའི་གཞི་རྩ་མི་ཆོད་པས།   །རང་གིས་རང་ཉིད་ལྕགས་སུ་མི་བཅུག་པར།   །དམ་པའི༴    དྲི་མེད་ཤེལ་གོང་འདྲ་བའི་རིག་པ་འདི།   །མ་མཐོང་སྒོམ་པའི་འཛིན་རྩོལ་མི་ཞིག་པས།   །འབྲལ་མེད་འགྲོགས་དུས་གཞན་ལ་མི་ཚོལ་བར།   །དམ་པའི༴    སྔར་འདྲིས་གྲོགས་འདྲ་ཐ་མལ་ཤེས་པའི་ངོ་།   །མ་འཕྲོད་བྱས་ཚད་བསླུ་བའི་ཆོས་ཡིན་པས།   །མིག་བུ་བཙུམས་ནས་སྦར་ཚོད་མི་བྱེད་པར།   །དམ་པའི༴    མདོར་ན་ཚེ་འདིའི་བྱ་བ་མ་བཏང་ན།   །ཕྱི་མའི་དམ་ཆོས་འགྲུབ་ཐབས་མི་གདའ་བས།   །རང་དྲིན་རང་ལ་ཆེ་བའི་གྲོས་བཏབ་ནས།   །བྱད་ཚད་དམ་པའི་ཆོས་སུ་འགྲོ་བར་ཤོག   །ཆོས་བཞིན་གདམས་ན་བླ་མར་ལོག་ལྟ་དང་།   །ལས་ངན་ལྷོངས་ཚེ་ལྷ་ལ་ཡི་ཆད་དང་།   །འགལ་རྐྱེན་བྱུང་ན་སྒྲུབ་པ་བཤོལ་བ་སོགས།   །དངོས་གྲུབ་ཐོབ་ཀར་བར་ཆད་མ་གྱུར་ཅིག   །བྱས་ཚད་ཐམས་ཅད་དོན་མེད་ས་སྟོང་བསྐོར།   །འབད་ཚད་ཐམས་ཅད་རང་རྒྱུད་རེངས་པའི་རྒྱུ།   །དྲན་ཚད་ཐམས་ཅད་འཁྲུལ་པའི་ཁ་སྣོན་བཏབ།   །སོ་སྐྱེས་ཆོས་སུ་ [183a] རློམ་ཀུན་རང་འཆིང་རྒྱུ།   །བྱ་རྒྱུ་མང་ལ་གྲུབ་འབྲས་གཅིག་ཀྱང་མེད།   །དྲན་རྒྱུ་མང་ལ་གཏད་སོ་ཅི་ཡང་མེད།   །དགོས་དགོས་མང་ལ་འཛོམ་དུས་མེད་པ་ཡི།   །བྱ་བ་བཏང་ནས་གདམས་ངག་བསྒོམས་ནུས་ཤོག   །བྱའོ་བསམ་ན་རྒྱལ་གསུང་དཔང་པོར་ཚུགས།   །བྱེད་དོ་བསམ་ན་རང་རྒྱུད་ཆོས་དང་སྲེས།   །སྒྲུབ་བོ་བསམ་ན་གོང་མའི་རྣམ་ཐར་ལྟོས།   །ལང་ཤོར་ཁྱོད་ལ་བྱ་བ་གཞན་གྱིས་ཅི།   །དམན་ས་ཟིན་ཅིང་ཆོག་ཤེས་ནོར་གྱིས་ཕྱུག   །ཆོས་བརྒྱད་འཆིང་གྲོལ་སྒྲུབ་ལ་སྙིང་རུས་སྲ།   །བླ་མའི་བྱིན་ཞུགས་རྟོགས་པ་མཁའ་དང་མཉམ།   །ཀུན་བཟང་རྒྱལ་རབས་ཟིན་པར་བྱིན་གྱིས་རློབས།   །ཞེས་པའང་དམ་པ་གོང་མའི་ཞལ་གདམས་རྡོ་རྗེའི་གསུང་གི་དོན་བསྡུས་ནས་རང་གི་ངག་འདོན་དུ་བྲིས་པ་སྟེ།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ན་མོ་རཏྣ་ཏྲ་ཡ་ཡཱ།   མཁའ་ཁྱབ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།   །སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོ་ཉིད།   །གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ།   །གསོལ་བ་འདེབས་སོ་སྨོན་ལམ་ཡོངས་འགྲུབ་མཛོད།   །འགྲོ་དྲུག་གྲོང་ཁྱེར་ཟོ་ཆུའི་ཁྱུད་མོ་བཞིན།   །མཐའ་མེད་ཁ་བརྒྱུད་སྡུག་བསྔལ་གླིང་འདི་ལ།   །སྲིན་མོའི་གྲོང་དང་སྤུ་གྲིའི་ཚལ་ལྟ་བུར།   །མཐོང་ནས་ངེས་འབྱུང་སྙིང་ནས་སྐྱེ་བར་ཤོག   །རྨི་ལམ་ལྟ་བུའི་འཁོར་ [183b] བའི་དཔལ་འབྱོར་ཀུན།   །མི་བདེན་གསོབ་དང་སྒྱུ་མ་ལྟར་ཤེས་ནས།   །ཟིན་མེད་ནམ་མཁའི་འཛའ་ཚོན་ལྟ་བུ་ཡི།   །བྱ་བྱེད་འདི་ལ་ནམ་ཡང་མི་འཇུག་ཤོག   །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་མ་ལ།   །མཉམ་འགྲོགས་ལོག་ལྟ་སྤུ་ཙམ་མི་སྐྱེ་ཞིང་།   །སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས།   །ཡེངས་མེད་རྒྱུན་དུ་གསོལ་བ་འདེབས་པར་ཤོག  །   རང་དོན་ཡིད་བྱེད་བློ་ངན་མ་ཡིན་པར།   །མཁའ་ཁྱབ་མ་གྱུར་སེམས་ཅན་ཐམས་ཅད་ལ།   །རབ་དམིགས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།   རྒྱུད་ལ་སྐྱེས་ནས་འགྲོ་ཕན་དོན་གཉེར་ཤོག   །གསང་སྔགས་ཐེག་པ་མཆོག་གི་སྒོར་ཞུགས་ནས།   །ལམ་གྱི་མི་མཐུན་གེགས་ཆེན་རྨངས་པོ་ཆེ།   །དམ་ཚིག་ཉམས་འགལ་འདས་པའི་སྒྲིབ་པ་ཀུན།   །བཤགས་སྟོབས་དྲག་པོས་རང་རྒྱུད་དག་པར་ཤོག   །བྱིན་རླབས་དབང་གི་ཀློང་མཛད་བླ་མ་ཉིད།   །མི་འབྲལ་སྤྱི་བོའི་གཙུག་ཏུ་བསྒོམ་ནས་སུ།   །གསོལ་བ་བཏབ་མཐུས་ཐུགས་ཡིད་གཅིག་འདྲེས་ཏེ།   །རྟོགས་པའི་ཉི་མ་ཁོངས་ནས་འཆར་བར་ཤོག   །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།   །རང་སྣང་སྣང་ཙམ་ཉིད་ནས་སྐྱེ་བ་མེད།   །སྤྲོས་བྲལ་རིག་པ་སྐུ་བཞི་ཡེ་ཤེས་ལྔའི།   །རང་ངོ་ཤེས་པ་ལྟ་བའི་གདིང་ཐོབ་ཤོག   །དམིགས་གཏད་མཚན་མའི་སྒྲོགས་ཀྱིས་མི་འཆིང་བར།   ། [184a] ད་ལྟའི་རིག་པ་སྟོང་གསལ་སོ་མའི་ངང་།   །མི་ཡེངས་མི་འཛིན་རང་བབས་སྐྱོང་བ་ཡི།   །གནས་ལུགས་སྒོམ་པའི་རྩལ་ཆེན་རྫོགས་པར་ཤོག   །ལྟ་སྤྱོད་གཉིས་པོ་ཕྱོགས་རེར་མ་གྱུར་ཅིང་།   །སྒོ་གསུམ་ཡང་དག་ཆོས་དང་མཐུན་པ་དང་།   །སྒྱུ་མའི་རྣལ་འབྱོར་བྱར་མེད་ཡེངས་མེད་ངང་།   །ཉིན་མཚན་འོད་གསལ་ཁོར་ཡུག་འདའ་བར་ཤོག   །ནམ་ཞིག་འཆི་བའི་དུས་སུ་བབ་པ་ན།   །ཚེ་འདིའི་ཡུལ་ལ་ཞེན་པ་བྲལ་བ་དང་།   །གནད་གཅོད་དྲག་པོའི་སྡུག་བསྔལ་མི་མྱོང་ཞིང་།   །སྣང་མཆེད་ཐོབ་པའི་ཉམས་ཀུན་ངོ་ཤེས་ཤོག   །འཆི་ཁའི་བར་དོར་སྒེག་མོས་བརྙན་བལྟ་བཞིན།   །བླ་མའི་གདམས་ངག་སེམས་ལ་གསལ་བ་དང་།   །གཞི་ཡི་འོད་གསལ་མངོན་དུ་གྱུར་ནས་སུ།   །ཀ་དག་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག   །གལ་ཏེ་གཞི་ཡི་འོད་གསལ་མ་ཟིན་ན།   །བར་དོའི་ཞི་ཁྲོའི་ལྷ་ཚོགས་འཆར་མ་ཐག   །རང་སྣང་ངོ་ཤེས་མ་པང་བུ་འཇུག་ལྟར།   །ལྷུན་གྲུབ་ལོངས་སྐུའི་དབྱིངས་སུ་གྲོལ་བར་ཤོག   །དེ་ཡང་ཉམས་ལེན་གོམ་འདྲིས་ཆུང་སྟབས་ཀྱིས།   །ཆོས་ཉིད་བར་དོར་གྲོལ་བར་མ་གྱུར་ན།   །ལས་ཀྱི་འཕྲོ་མཐུད་ཡུར་བར་ཝ་འཛུལ་ལྟར།   །ངན་པའི་སྒོ་ཁེགས་བཟང་པོའི་རྟེན་འཚོལ་ཤོག   །རྟེན་བཟང་དལ་འབྱོར་ཚང་ཞིང་རང་དབང་ཅན།   །མཚན་ལྡན་བླ་མ་དང་ [184b] ནི་གསང་སྔགས་ཀྱི།   །ཆོས་དང་འཕྲད་ཅིང་ཉམས་སུ་ལེན་པ་ཡི།   །སྐལ་བར་ལྡན་པའི་ལུས་མཆོག་ཐོབ་པར་ཤོག   །ཚེ་རབས་ཀུན་ཏུ་དམ་ཚིག་རྣམ་པར་དག  །   རིམ་གཉིས་མཐར་ཕྱིན་རང་གཞན་དོན་གཉིས་གྲུབ།   །ཀུན་བཟང་ཆོས་སྐུའི་རྒྱལ་ས་མྱུར་ཐོབ་ནས།   །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག     །ཅེས་པའང་ལྷ་རྗེ་ཆོས་ཉིད་རྒྱ་མཚོ་དང་ཡེ་ཤེས་ཆོས་སྒྲོན་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།   །། 
༈     །བདེ་ལྡན་ཞིང་དུ་སྣང་མཐའ་འོད་མི་འགྱུར།   །རི་བོ་ཏ་ལར་འཕགས་མཆོག་སྙིང་རྗེའི་གཏེར།   །རྔ་ཡབ་གླིང་དུ་པདྨ་ཐོད་ཕྲེང་རྩལ།   །དབྱེར་མེད་སྐྱབས་ཀུན་འདུས་ཞལ་བླ་མ་རྗེ།   །སྙིང་ནས་མོས་གདུང་དྲག་པོས་གསོལ་འདེབས་ན།   །རྟག་ཏུ་བརྩེ་བས་རྗེས་བཟུང་བྱིན་རླབས་སྩོལ།   །གནས་སྐབས་ཕྱི་ནང་འགལ་རྐྱེན་བར་ཆད་ཞི།   །ཚེ་རིང་བདེ་འབྱོར་བསམ་དོན་ལྷུན་གྱིས་འགྲུབ།   །ཆོས་མིན་ལྟ་ངན་རྒྱུད་ལ་མི་སྐྱེ་བར།   །ཆོས་མཐུན་དཀར་པོའི་བསམ་སྦྱོར་གོང་དུ་འཕེལ།   །ནམ་ཞིག་འཆི་ཁ་གནད་གཅོད་མི་མྱོང་ཞིང་།   འཕོས་མ་ཐག་ཏུ་མཁའ་འགྲོས་མདུན་བསུས་ནས།   །པདྨ་འོད་ཀྱི་ཞིང་དུ་སྐྱེས་ནས་ཀྱང་།   །གུ་རུའི་ཞལ་མཐོང་གསུང་གི་ལུང་ནོད་དེ།   །ས་ལམ་ཡོན་ཏན་མིག་འཕྲུལ་ལྟ་བུར་ [185a] བགྲོད།   །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག     །ཅེས་པའང་དད་པ་ཅན་ལ་ཆོས་ཀྱི་འབྲེལ་པ་འཇོག་པའི་སླད་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཕྱོགས་བཅུ་རབ་འབྱམས་ཀྱི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་སངས་རྒྱས་བྱང་སེམས་ཉན་རང་ཡི་དམ་ལྷ་ཚོགས་མཁའ་འགྲོ་དམ་ཅན་ཆོས་སྲུང་གི་ཚོགས་དང་བཅས་པའི་སྐྱབས་གནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་རྣམས་ལ་དགོངས་སུ་གསོལ།   །བདག་གིས་འཁོར་འདས་སུ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་འདུས་བྱས་འདུས་མ་བྱས་པའི་རྣམ་དཀར་དགེ་ཚོགས་ཇི་སྙེད་པ་མཐའ་དག་གཅིག་ཏུ་བསྡོམས་ཏེ་མཐའ་ཡས་པའི་སེམས་ཅན་ཐོག་མེད་ནས་ད་ལྟའི་བར་གྱི་དྲིན་ཅན་ཕ་མར་གྱུར་པ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པའི་རྒྱུ་དང་ས་བོན་ཉིད་དུ་ཡོངས་སུ་སྔོ་བར་བགྱིའོ།   །དེ་ལྟར་བསྔོས་པ་ལ་བརྟེན་ནས་བླ་མ་དམ་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པ་རྣམས་ཀྱི་ཐུགས་དགོངས་ཟག་མེད་ཀྱི་ཀློང་དུ་ཡོངས་སུ་རྫོགས་པ་དང་ས་ལམ་གྱི་འགལ་རྐྱེན་བར་ཆད་མེད་པར་འོད་གསལ་འདུས་མ་བྱས་པའི་ཆོས་སྐུ་མངོན་དུ་མཛད་ནས་ཐུགས་རྗེའི་སྒྱུ་འཕྲུལ་གར་གྱི་རོལ་པ་རྒྱུན་མི་ཆད་ [185b] པས་གདུལ་བྱ་བྱང་གྲོལ་ལ་འགོད་པའི་ཕྲིན་ལས་རྨད་དུ་བྱུང་བ་རྟག་པ་རྒྱུན་གྱི་འཁོར་ལོར་མཛད་པར་གྱུར་ཅིག   །འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་ལས་འདས་པ་ཁ་ལག་ཟས་གསུམ་གྱི་འབྲེལ་བ་ཐོགས་ཚད་ཀྱིས་གཙོ་བྱས་ཏེ་ཁམས་གསུམ་འཁོར་བ་བར་དོའི་འཇིག་རྟེན་དུ་འཁྱམས་པའི་རིགས་གྱུར་སྣ་ཚོགས་སྡུག་བསྔལ་གྱིས་མནར་ཞིང་འཁྲུལ་སྣང་འཇིགས་སྐྲག་གིས་བསྐྱོད་པའི་སྐྱེ་འགྲོ་ཐམས་ཅད་ཀྱང་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པས་རང་རང་སོ་སོའི་སྡུག་བསྔལ་དང་བྲལ་ནས་ཐར་པ་ཞི་བདེ་བྱང་ཆུབ་ཀྱི་གོ་འཕང་དམ་པ་མྱུར་དུ་ཐོབ་པར་གྱུར་ཅིག   །ད་ལྟ་ཞལ་བཞུགས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་འདུ་ཚོགས་མཐའ་དག་སྐུ་ཁམས་བཟང་ཞིང་ཐོས་བསམ་སྒོམ་པ་དང་བསྟན་པ་འཛིན་སྐྱོང་བསྲུང་སྤེལ་གྱི་ཕྲིན་ལས་གཅིག་ཏུ་མཐུན་པར་མཛད་པ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་སོ་སོའི་ཇི་ལྟར་བཞེད་དོན་ཆོས་མཐུན་དུ་འགྲུབ་པས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག    །སྦྱིན་པའི་བདག་པོ་ལ་སོགས་པའི་སྐྱེ་འགྲོ་མཆོག་དམན་རྣམས་ཀྱང་རྒྱལ་བའི་བསྟན་ལ་གུས་ཤིང་ཚེ་རིང་ནད་མེད་བདེ་སྐྱིད་ལོངས་སྤྱོད་འཕེལ་བ་དང་།   འགལ་རྐྱེན་ [186a] ཉེར་འཚེ་མེད་པར་འཇིག་རྟེན་ཁམས་ཀུན་དགེ་ལེགས་དཔལ་འབྱོར་དམ་ཆོས་འདོད་རྒུའི་ཆར་ཆེན་བསྐལ་པ་རྫོགས་ལྡན་གྱི་དུས་བཞིན་འབབས་པས་སྐྱེ་རྒུ་མཐའ་དག་གནས་སྐབས་མཐར་ཐུག་གི་དོན་ཀུན་འབད་མེད་དུ་འགྲུབ་པར་གྱུར་ཅིག    འདི་ལྟར་བསྔོས་ཤིང་སྨོན་པའི་དོན་རྣམས་མྱུར་དུ་འགྲུབ་ནས།   བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་རྒྱུ་དག་པ་ཀུན་ཁྱབ་བདེ་གཤེགས་སྙིང་པོར་ལྷུན་གྱིས་གྲུབ་པ་ལས།   ལམ་དག་པ་ཟབ་དོན་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་མཆོག་གི་དོན་མ་ནོར་མངོན་དུ་གྱུར་ཅིང་།   འབྲས་བུ་དག་པ་བདེ་བ་ཆེན་པོ་རང་རིག་འཕོ་འགྱུར་མེད་པ་ཡེ་སངས་རྒྱས་པའི་སྙིང་པོར་བྱང་ཆུབ་སྟེ་སྤྲུལ་པས་འགྲོ་དོན་རྒྱུན་ཆད་མེད་པ་འགྲུབ་པར་གྱུར་ཅིག    བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།   །ཅེས་སོགས་མདོ་རྒྱུད་ནས་གསུངས་པའི་སྨོན་ལམ་བྱིན་རླབས་ཅན་རྣམས་ཀྱི་ཤམ་བུ་ཡང་གདགས་པར་བྱའོ།   །འདི་ནི་གང་ཟག་སྤྲོས་པ་ཆུང་ཞིང་ཚིག་ཚོགས་ཉུང་བ་ལ་མོས་པ་དག་དང་།   ཁྱད་པར་གཏོར་མ་སོགས་རྒྱུན་གྱི་དགེ་སྦྱོར་སྒྲིག་མའི་མཇུག་ཏུ་བགྱི་བར་འོས་པ་ཞིག་དགོས་ཞེས་རང་གི་ཉེ་གནས་བསྟན་འཛིན་དར་རྒྱས་སོགས་ཀྱིས་བསྐུལ་བ་བཞིན།   སྣ་ཚོགས་རང་གྲོལ་གྱིས་བདེ་གཤེགས་ཚེའི་ཕུག་ཏུ་བཀོད་པ་མངྒ་ལཾ།།   །། 
༈     །རྗེ་གྲུབ་ཐོབ་ཆེན་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསོལ་འདེབས་གནང་བའི་རྡོ་རྗེའི་གསུང་བྱིན་ [186b] རླབས་བདུད་རྩིའི་སྤྲིན་ཕུང་འཕྲོ་བ་ནི། མཐའ་ཡས་འགྲོ་བ་ངེས་པར་སྒྲོལ་སླད་དུ།   །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས།   །ཚོགས་གཉིས་རྫོགས་མཛད་རྒྱལ་བ་ཐུགས་རྗེ་ཅན།   །མགོན་མེད་སྙིགས་མའ་འགྲོ་ལ་བརྩེར་དགོངས་ནས།   །བཀྲེས་སྐོམ་ཉམ་ཐག་སྡུག་བསྔལ་གྱིས་གཟིར་བའི།   །ལུས་ཅན་འདི་དག་ངེས་པར་བསྐྱབ་ཕྱིར་དུ།   །རིན་ཆེན་ཟས་ནོར་འབྲུ་དང་མལ་ཆ་སོགས།   །ཡིད་འོང་འདོད་དགུའི་ལོངས་སྤྱོད་ཇི་སྙེད་ཀྱི།   །ཆར་པ་འཛམ་གླིང་ཁ་བ་ཅན་དུ་ཕོབ།   །དུས་མིན་རླུང་དང་མེ་ཐན་ཆར་ཆུ་སོགས།   །འབྱུང་བཞིའི་གནོད་པ་ཉེ་བར་ཞི་བ་དང་།   །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ།   །རྫོགས་ལྡན་དུས་ལྟར་སྨིན་ཅིང་རྒྱས་གྱུར་ཅིག   །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་རབ་བསྐུལ་ནས།   །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས།   །ནད་མཚོན་མུ་གེའི་བསྐལ་པ་ཉེར་ཞི་ནས།   །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག   །རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་།   །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།   །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་།   །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག     །ཅེས་པ་འདི་ནི་བོད་ཁམས་སུ་མུ་གེ་ཆེན་པོ་འབྱུང་བའི་སྐབས་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྤྱན་སྔར་སྨོན་ལམ་འདི་བཏབ་པའི་མཐུ་ལས།   འགྲོ་བ་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་གྲོལ་བར་མཛད་དོ།   །དུས་དེར་ [187a] འཕགས་པ་སྤྱན་རས་གཟིགས་ཀྱིས་ནམ་མཁའ་ནས་བོད་ཡུལ་ལ་འབྲུའི་ཆར་འབེབས་པར་གང་ཟག་ལས་ཅན་འགའ་རེས་མཐོང་ངོ་།།   །། 
༈     །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི།   །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས།   །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན།   །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག    །ཇི་ལྟར་གཤེད་མས་འཁྲིད་པའི་གསད་བྱ་བཞིན།   །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི།   །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ།   །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག   །འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར།   །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི།   །ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས།   །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག   །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་།   །གློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་།   །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས།   །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག  །   ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི།   །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ།   །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང་།   །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག   །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་།   ། [187b] མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་།   །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།   །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག     །ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ནད་རིམས་མི་གཅིག་པ་སྣ་ཚོགས་བྱུང་བར།   སྔགས་བོན་རྣམས་ཀྱིས་མདོས་གཏོར་སྨན་སྔགས་སྲུང་བ་སོགས་གང་བསྒྲུབ་ཀྱང་མ་ཕན་པར་གདན་ས་སྟོང་ལ་ཐུག་པའི་སྐབས།   །རྗེ་གྲུབ་ཐོབ་ཆེན་པོས་མ་ནམ་མཁའ་མའི་སྐྱབས་འགྲོ་གྱིས།   །མ་ཎི་སྒྲོངས།   །སྨོན་ལམ་འདི་ཐོབ་ཅེས་བཀའ་སྩལ་པ་བཞིན་བགྱིས་པ་ལ་བརྟེན་ནད་ཡམས་ཐམས་ཅད་འཕྲལ་དུ་ཆད་པས་ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཞེས་རྡོ་རྗེའི་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བར་གྲགས་སོ།།   །། 
༈     །སྨོན་ལམ་རྡོ་རྗེའི་རྒྱ་མདུད་ནི།   བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ།   །དེང་འདིར་བརྩོན་པས་བསྒྲུབ་པའི་དགེ་བ་དང་།   །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས།   །བསྡོམ་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ།   །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།   །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་།   །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན།   །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག   །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན།   །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ།   །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད།   །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག   །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས།   ། [188a] གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ།   །སེམས་ཀྱི་འགྱུ་བར་རང་རིག་འདུས་མ་བྱས།   །བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག   །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག   །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས།   །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ།   །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག    །ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས།   །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག   །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ།   །རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག   །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས།   །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས།   །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས།   །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག   །ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་།   །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་།   །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས།   །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག   །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་།   །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ།   །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་།   །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག     །ཅེས་པའང་རིག་པ་ [188b] འཛིན་པ་འགྱུར་མེད་རྡོ་རྗེས་སོ།།   །། 
༈     །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་།   །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས།   །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ།   །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག     །ཅེས་འགྱུར་མེད་རྡོ་རྗེས་བྲིས་པའོ།།   །། 
༈     །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།   །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཤིང་།   །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི།   །སྲིད་པའི་མཚོ་ལས་འགྲོ་བསྒྲོལ་བར་ཤོག   སྐྱེས་རབས་ནས་སོ།།   །། 
༈     །དགེ་བ་འདི་ཡིས་སྐྱེ་བོ་ཀུན།   །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་།   །བསོད་ནམས་ཡེ་ཤེས་ལས་བྱུང་བའི།   །དམ་པ་སྐུ་གཉིས་ཐོབ་པར་ཤོག     །ཀླུ་སྒྲུབ་ཀྱི་གསུང་ངོ།།   །། 
༈     །རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན།   །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང།   །རང་གཞན་དོན་གཉིས་རྫོགས་པ་མཐར་ཕྱིན་ནས།   །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་པར་ཤོག   །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག   །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག   །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག   །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག   །ཆོས་ཚུལ་འདི་ཡང་ཉི་ཟླའི་ [189a] དཀྱིལ་འཁོར་བཞིན།   །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ།   །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་།   །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག   །ཅེས་དང་།   གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ།   །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག   །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས།   །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག   །དེར་ཡང་བླ་མ་དམ་པ་མཉེས་བྱས་ནས།   །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག  །   ཆོས་ཐོབ་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ།   །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག  །   སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་།   གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག   །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས།   །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག     །ཅེས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ངོ་།།   །། 

ལུང་རིག་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག། །།

༈      །དེ་ནས་བརྟན་བཞུགས་གསོལ་འདེབས་དང་བསྟན་རྒྱས་སྨོན་ལམ་གྱི་རིམ་པ་ལ།   །རིས་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཆོག་རྣམས་འཚོ་གཞེས་སུ་གསོལ་བའི་སྨོན་ཚིག་མི་ཤིགས་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ།   ཨོཾ་སྭསྟི་སིདྡྷི་རྦྷ་བ་ཏུ།   འོད་མི་འགྱུར་བ་ཚེ་དཔག་མེད་མགོན་སོགས།   །ཕྱོགས་བཅུ་དུས་གསུམ་ [189b] རྒྱལ་བའི་བདེན་པ་ཡིས།   །སངས་རྒྱས་བསྟན་འཛིན་དཔལ་ལྡན་བླ་མ་རྣམས།   །ཞབས་པད་བརྟན་ཅིང་མཛད་ཕྲིན་རབ་འཕེལ་ཤོག   །སྡེ་སྣོད་གསུམ་དང་ཐེག་པ་རིམ་དགུ་ཡི།   །དམ་ཆོས་ཆགས་དང་བྲལ་བའི་བདེན་པ་ཡིས།   །ཆོས་མཆོག་འབྱུང་གནས་དཔལ་ལྡན་བླ་མ་རྣམས།   །ཞབས་པད་བརྟན་ཅིང་༴    །རྒྱལ་སྲས་བྱང་སེམས་ཉན་རང་འཕགས་པའི་ཚོགས།   །དགེ་འདུན་མི་ཕྱེད་འདུན་པའི་བདེན་པ་ཡིས།   །ཚོགས་མཆོག་འདྲེན་པ་དཔལ་ལྡན་བླ་མ་རྣམས།   །ཞབས་པད༴    །མཚོ་སྐྱེས་རྡོ་རྗེ་བི་མ་མི་ཏྲ་སོགས།   །རིག་འཛིན་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས།   །འགྲོ་བའི་འདྲེན་མཆོག་དཔལ་ལྡན་བླ་མ་རྣམས།   །ཞབས་པད༴    །འཆི་བདག་བདུད་འཇོམས་རིགས་ལྔའི་དཀྱིལ་འཁོར་སོགས།   །ཡི་དམ་རྒྱུད་སྡེ་བཞི་དྲུག་ཐུགས་རྗེ་ཡིས།   །དཀྱིལ་འཁོར་དབང་ཕྱུག་དཔལ་ལྡན་བླ་མ་རྣམས།   །ཞབས་པད༴    །ཡིད་བཞིན་འཁོར་ལོ་གྲུབ་པའི་རྒྱལ་མོ་སོགས།   །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས།   །བདེ་ཆེན་དགྱེས་རོལ་དཔལ་ལྡན་བླ་མ་རྣམས།   །ཞབས་པད༴    །སྐྱེས་ཐོབ་སྦྱོར་བྱུང་ཕུན་སུམ་ཚོགས་པ་ཡིས།   །རྒྱལ་བསྟན་གསལ་མཛད་འཆད་རྩོམ་པའི་བདག   །ལུང་གི་བསྟན་འཛིན་མཁས་པའི་ཁྱུ་མཆོག་རྣམས།   །ཞབས་པད༴    །དམ་ཚིག་གཙང་ཞིང་སྒྲུབ་པ་སྙིང་པོར་མཛད།   །ཆོས་ཉིད་དོན་གཟིགས་ལྷར་བཅས་ [190a] གཙུག་གི་རྒྱན།   །རྟོགས་པའི་བསྟན་འཛིན་རྣལ་འབྱོར་དབང་ཕྱུག་རྣམས།   །ཞབས་པད༴    ཚུལ་ཁྲིམས་གཞི་བརྟེན་ཏིང་འཛིན་སྣང་བ་གསལ།   །ཤེས་རབ་རྩལ་ལྡན་འཕགས་པའི་ནོར་གྱིས་འབྱོར།   །ཐུབ་བསྟན་སྒྲོན་མེ་འགྲོ་བའི་སྐྱབས་གནས་རྣམས།   །ཞབས་པད༴    །ཐོས་པས་རྒྱུད་གྲོལ་བསམ་པས་བྱེ་བྲག་ཕྱེད།   །སྒོམ་པས་དོན་རྟོགས་གཞན་དོན་ལྷུར་མཛད་པ།   །མཁྱེན་བརྩེ་ནུས་ལྡན་རྒྱལ་བའི་བསྟན་འཛིན་རྣམས།   །ཞབས་པད༴    དབང་པོར་འཚམས་པའི་ཐེག་རིམ་སྣ་ཚོགས་ལ།   །ལེགས་པར་ཞུགས་ནས་ཚུལ་བཞིན་སྤྱོད་པ་ཡིས།   །རིས་མེད་སྐྱེས་ཆེན་ཕྱོགས་ཀུན་བཞུགས་པ་རྣམས།   །ཞབས་པད༴    །བསྟན་འཛིན་ཐམས་ཅད་ཕན་ཚུན་ཐུགས་མཐུན་ཅིང་།   །ཐུབ་པའི་བསྟན་ལ་ཕྱོགས་ཁྱེར་སེལ་མེད་པར།   །དག་སྣང་ཡངས་པོས་རང་བསྟན་སྐྱོང་བཞིན་དུ།   །ཞབས་པད༴    །བདག་ཅག་འབྲེལ་བཅས་ཡང་སྲིད་ཐམས་ཅད་དུ།   །ནད་མེད་རྡོ་རྗེའི་ཚེ་དང་གཟུགས་བཟང་སོགས།   །མཐོ་རིས་ཡོན་ཏན་བདུན་ལ་དབང་འབྱོར་ནས།   །ཐུབ་སྟན་ཡོངས་ཀྱི་སྣང་བྱེད་ཉིད་གྱུར་ཅིག   །ཚེ་དང་ཐར་པའི་བར་ཆད་ཀུན་ཞི་ཞིང་།   །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་།   །ལྷག་པའི་བསླབ་པས་རྒྱལ་བསྟན་རིན་པོ་ཆེ།   །ནམ་མཁའ་ཇི་སྲིད་གཞན་ཕྱིར་འཛིན་པར་ཤོག   །རྒྱལ་ཀུན་འདུས་ཞལ་དཔལ་ལྡན་བླ་མ་དང་།   །རིས་མེད་ [190b] བསྟན་པ་འཛིན་ཀུན་འཚོ་གཞེས་ཤིང་།   །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བ་ཡིས།   །འཇིག་རྟེན་གསུམ་པོ་རྟག་ཏུ་སྣང་བྱེད་ཤོག     །ཅེས་པའང་གྲུབ་མཆོག་མཚོ་སྐྱེས་ཡབ་སྲས་ཀྱི་སྒྲུབ་གནས།   འཆི་མེད་བདུད་རྩིའི་རྒྱུན་འབབ་པའི་གཞི།   །གདོད་གནས་རང་བྱུང་གི་ཚེ་ལྷའི་ཕོ་བྲང་།   བྲག་དམར་གཡའ་མ་ལུང་གི་ཀེའུ་ཚང་དུ་གནམ་སའི་དབང་ཕྱུག་གཞུང་ས་སྲིད་སྐྱོང་ཁྲི་ཆེན་ནོ་མི་ཧན་རིན་པོ་ཆེའི་བཀའ་བཞིན་གཏེར་གསར་སྒྱུ་འཕྲུལ་ཚེ་དཔག་མེད་རིགས་ལྔ་སྤྱི་སྒྲུབ་རྒྱུན་འཇག་ཏུ་བཙུགས་པའི་ཐོག་མ་བསྙེན་སྒྲུབ་ཞག་བདུན་མ་དཔོན་སློབ་བཅུ་ཕྲག་གིས་བསྒྲུབ་པར་བགྱིས་པའི་ཐུན་མཚམས་སུ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།།   །། 
༈     །ཨོཾ་གྲུབ་པར་གྱུར་ཅིག   །ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་རྣམས།   །ནམ་མཁའ་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས།   །ཆོས་རྔ་དབྱངས་ཆེན་རྒྱུན་མི་ཆད་བརྡུངས་པས།   །མཁའ་མཉམ་འགྲོ་ཀུན་སྨིན་པར་གསོལ་བ་འདེབས།   །བླ་ན་མེད་པའི་དགེ་བ་འདིས་མཚོན་ཏེ།   །དུས་གསུམ་རྣམ་པར་དཀར་བའི་ཚོགས་ཆེན་པོས།   །བདག་གི་འདྲེན་མཆོག་དཔལ་ལྡན་བླ་མ་རྣམས།   །འགྱུར་མེད་ཞབས་པད་བརྟན་པར་གསོལ་བ་འདེབས།   །སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་མཆོག   །ལུང་རྟོགས་དམ་པའི་ཆོས་སྒོ་འབྱུང་བའི་གནས།   །ཚོགས་མཆོག་འདྲེན་པ་བཀའ་དྲིན་སུམ་ལྡན་རྣམས།   །ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་གསོལ་འདེབས།   །བདག་བློའི་བུམ་བཟང་སྨིན་གྲོལ་བདུད་རྩི་ཡིས།   །འགེངས་མཛད་དཔལ་ལྡན་བླ་མ་བཀའ་ [191a] དྲིན་ཅན།   །ཞལ་བཞུགས་ཐམས་ཅད་སྐུ་ཚེ་རྡོ་རྗེ་ལྟར།   །རབ་བརྟན་ཕྲིན་ལས་རྒྱས་པར་གསོལ་བ་འདེབས།   །བརྗོད་བྱ་བསླབ་གསུམ་བརྗོད་བྱེད་སྡེ་སྣོད་གསུམ།   །སྩོལ་མཛད་འདྲེན་མཆོག་བཀའ་དྲིན་སུམ་ལྡན་རྣམས།   །རྟག་ཏུ་འགྱུར་བ་མེད་པར་འཚོ་གཞེས་ཤིང་།   །འགྲོ་དོན་ནམ་མཁའ་མཉམ་པར་གསོལ་བ་འདེབས།   །ཐུན་མོང་རིག་གནས་ཐུན་མིན་མདོ་སྔགས་ཀྱིས།   །བདག་བློ་ཐར་པའི་ལམ་དུ་སྦྱོར་མཛད་པ།   །རྒྱལ་བའི་རྣམ་འཕྲུལ་ཐམས་ཅད་གཟུགས་ཀྱི་སྐུ།   །བསྐལ་བརྒྱར་བརྟན་ཅིང་བཞུགས་པར་གསོལ་བ་འདེབས།   །ལུས་བསྐྱེད་བློ་ཁ་ཆོས་ལ་སྒྱུར་བ་ཡི།   །ཕ་མ་དགེ་བའི་བཤེས་རྣམས་གར་བཞུགས་ཀྱང་།   །ནད་མེད་ཚེ་རིང་ཆོས་མཐུན་འབྱོར་པ་རྒྱས།   །ཐར་པའི་ལམ་ལས་ཕྱིར་མི་ལྡོག་གྱུར་ཅིག   །ཚེ་དཔལ་རྡོ་རྗེའི་ལྷུན་པོར་རབ་ཏུ་བརྟན།   །བསོད་ནམས་ནོར་བུའི་ཆུ་གཏེར་རྟག་ཏུ་རྒྱས།   །འབྱོར་པའི་དཔག་བསམ་ནམ་མཁའི་དབྱིངས་ཁྱབ་པའི།   །བསམ་དོན་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག      །   ཅེས་པའང་འཇམ་མགོན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གསུང་བྱིན་རླབས་ཅན་ནོ།།   །། 
༈     །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱཧཱ།   སྣང་སྟོང་བདེ་ཆེན་གཞོམ་མེད་རྡོ་རྗེའི་སྐུ།   །མཚན་དཔེའི་ལང་ཚོ་རབ་རྒྱས་རྒྱལ་ཀུན་གྱི།   །ངོ་མཚར་སྤྱི་གཟུགས་གང་འདུལ་སྤྲུལ་པའི་སྐུ།   །འགྱུར་མེད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ།   །གྲགས་ [191b] སྟོང་འགགས་པ་མེད་པ་རྡོ་རྗེའི་གསུང་།   །ཡན་ལག་དྲུག་ཅུ་ཟབ་གསང་ཆོས་ཀྱི་སྒྲ།   །འགྲོ་བློའི་བསམ་པ་བཞིན་སྟོན་ལོངས་སྤྱོད་རྫོགས།   །འགག་མེད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ།   །རིག་སྟོང་སྐྱེ་འགག་གནས་བྲལ་རྡོ་རྗེའི་ཐུགས།   །ཟབ་གསལ་ཡེ་ཤེས་ཆོས་ཀུན་འབྱུང་བའི་དབྱིངས།   །ཁྱབ་བདག་རྒྱལ་བའི་སྙིང་པོ་ཆོས་ཀྱི་སྐུ།   །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ།   །ཀུན་ཁྱབ་མཁའ་ལ་ཕྲིན་ལས་ཉིན་མོར་བྱེད།   །འཆར་ནུབ་ཡོངས་བྲལ་ཕན་བདེའི་སྣང་བ་ཅན།   །བསྟན་འགྲོའི་པད་ཚལ་རྒྱས་པའི་ཉེར་འཚོ་མཆོག   །བསྐལ་པ་རྒྱ་མཚོར་རབ་ཏུ་གསལ་གྱུར་ཅིག     །ཅེས་བརྟན་བཞུགས་སྤྱི་འགྲོ་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་ངོ་།།   །། 
༈      སྐུ་མི་འགྱུར་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ།   །གསུང་མི་འགག་ཚངས་དབྱངས་ལྟ་བུར་གསུང་དུ་གསོལ།   །ཐུགས་མི་གཡོ་ཀ་དག་ཆེན་པོར་བཞུགས་སུ་གསོལ།   །བདེ་ཆེན་རྡོ་རྗེའི་ངོ་བོར་བཞུགས་སུ་གསོལ།   །
༈     །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།   །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།   །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།   །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།   །
༈     །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་།   །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་།   །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས།   །མྱུར་དུ་སངས་རྒྱས་ས་ལ་འགོད་ [192a] པར་ཤོག   །
༈     །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ།   །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་།   །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།   །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག    །
༈     །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།   །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།   །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།   །དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག   །   །།  
༈    ན་མོ་གུ་རུ༔   སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ།   བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ་ཨོ་རྒྱན་གྱིས་སྨོན་ལམ་འདི་གསུངས་པས་རྗེ་འབངས་ཐམས་ཅད་ཀྱིས་ཐུགས་དམ་ནར་མར་མཛད༔    ཕྱི་རབས་རྣམས་ཀྱིས་འདི་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད༔       ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔   བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔   མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔   །མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས།   །ལུས་ ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔   ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔   རྟེན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔   སྨོན་གྱི་སྡིག་པའི་ཚོགས་ལ་བདག་གནོང་ཞིང་།   ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགས༔   ཕྱིན་ཆད་དེ་ལས་ལྡོག་ཕྱིར་བདག་གིས་བསྡམ༔   བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོ་༔   རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བར༔   སྡེ་སྣོད་གསུམ་དང་བླ་མེད་ཆོས་འཁོར་བསྐོར༔    [192b] དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔   འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔   སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ༔   བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདི༔   རྒྱལ་བ་ཀུན་ཏུ་བཟང་དང་དེ་སྲས་དང་༔   འཕགས་པ་འཇམ་དཔལ་དབྱངས་ཀྱིས་མཁྱེན་པ་ལྟར།   །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཤོག༔   བསྟན་པའི་དཔལ་གྱུར་བླ་མ་རིན་ཆེན་རྣམས༔   ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་ཤོག༔   ཉི་ཟླ་བཞིན་དུ་ཀུན་ལ་གསལ་བར་ཤོག༔   རི་བོ་བཞིན་དུ་རྟག་ཏུ་བརྟན་པར་ཤོག༔   བསྟན་པའི་གཞི་མ་དགེ་འདུན་རིན་པོ་ཆེ༔   ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་གྱིས་ཕྱུག་ཤོག༔   བསྟན་པའི་སྙིང་པོ་གསང་སྔགས་སྒྲུབ་པའི་སྡེ༔   དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོག༔   བསྟན་པའི་སྦྱིན་བདག་ཆོས་སྐྱོང་རྒྱལ་པོ་ཡང་༔   ཆབ་སྲིད་རྒྱས་ཤིང་བསྟན་ལ་སྨན་པར་ཤོག༔   བསྟན་པའི་ཞབས་འདེགས་རྒྱལ་རིགས་བློན་པོ་ཡང་༔   བློ་གྲོས་རབ་འཕེལ་རྩལ་དང་ལྡན་པར་ཤོག༔   བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས༔   ལོངས་སྤྱོད་ལྡན་ཞིང་ཉེར་འཚེ་མེད་པར་ཤོག༔   བསྟན་ལ་དད་པའི་ཡངས་པའི་རྒྱལ་ཁམས་ཀུན༔   བདེ་སྐྱིད་ལྡན་ཞིང་བར་ཆད་ཞི་བར་ཤོག༔   ལམ་ལ་གནས་པའི་རྣལ་འབྱོར་བདག་ཉིད་ཀྱང་༔   དམ་ཚིག་མི་ཉམས་བསམ་པ་འགྲུབ་པར་ཤོག༔   བདག་ལ་བཟང་ [193a] ངན་ལས་ཀྱིས་འབྲེལ་གྱུར་གང་༔   གནས་སྐབས་མཐར་ཐུག་རྒྱལ་བས་རྗེས་འཛིན་ཤོག༔   འགྲོ་རྣམས་བླ་མེད་ཐེག་པའི་སྒོར་ཞུགས་ནས༔   ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག༔   དེ་ལྟར་གྱི་སྨོན་ལམ་དུས་དྲུག་ཏུ་བརྩོན་པར་བྱ༔   ས་མ་ཡ་རྒྱ༔   ལྷ་སྲས་མུ་རུབ་རྣམ་འཕྲུལ་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་གནས་མཆོག་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པའི་གོང་མོ་འོག་མ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་བཻ་རོའི་སྐུ་ཆོས་དར་ཤོག་ངོས་མཚོ་རྒྱལ་ཕྱག་བྲིས་བོད་ཡིག་བཤུར་མ་ལས།   །དེ་འཕྲལ་ཉིད་དུ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་དག་པར་བཤུས་པ་དགེ་ལེགས་འཕེལ།།   །། 
༈      །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ།   །དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་ཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཅིང་།   །རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས།   །སྐལ་བཟང་རྣམས་ཀྱིས་དུས་དུས་དང་།   །ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། ན་མོ།   ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས།   །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་།   །རྒྱལ་སྲས་བརྒྱད་དང་གནས་བརྟན་ [193b] འཕགས་པའི་ཚོགས།   །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ།   །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ།   །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས།   །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན།   མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག   །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་།   །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ།   །མ་མགོན་གཟའ་རྡོར་རྒྱུད་གསུམ་དྲེགས་པའི་ཚོགས།   །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ།   །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག   །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ།   །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས།   །མཚོ་སྐྱེས་རྒྱལ་བའི༴    ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ།   །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས།   །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད།   །མཚོ་སྐྱེས༴    རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས།   །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས།   །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་སྒྲེང་།   །མཚོ་སྐྱེས༴     ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས།   །མ་ནོར་བསྒྱུར་ཞུས་གཏན་ [194a] ལ་ཕབ་པ་ཡིས།   །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས།   །མཆོ་སྐྱེས༴    སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ།   །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར།   །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས།   །མཚོ་སྐྱེས༴     བདེན་གསུང་བཀའ་ཡི་རྒྱལ་མཚོ་ཆེན་པོ་ལ།   ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།   །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།   །མཚོ་སྐྱེས༴    རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་།   མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས།   །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ།   །མཚོ་སྐྱེས༴    ཟབ་མོའི་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད།   །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས།   །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར།   །མཚོ་སྐྱེས༴    རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད།   །བཀའ་བབ་རིག་འཛིན་སོ་སོའི་དགོངས་བཅུད་དང་།   །ཀུན་འདུས་པདྨའི་དཀའ་སྲོལ་གཅིག་ཏུ་འཁྱིལ།   །མཚོ་སྐྱེས།   །རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ།   །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་།   །ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ།   །མཚོ་སྐྱེས༴    རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད།   །མཁས་གྲུབ་བྱེ་བའི་ [194b] ཞལ་ནས་སྙན་དུ་བརྒྱུད།   །རྟོག་གེ་ངན་པའི་རང་བཟོས་མ་བསླད་པ།   །མཚོ་སྐྱེས༴     གསེར་ཞིང་ནོར་བུའི་སྤྲས་པའི་ཡོན་གྱིས་ཀྱང་།   །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས།   །བརྩེ་བས་རྗེས་འཇུག་སྐལ་པ་ཁོ་ནར་བཀྲམ།   །མཚོ་སྐྱེས༴    ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ།   །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས།   །བླུན་སྒོམ་སེམས་ལས་འདས་པའི་རྫོགས་པ་ཆེ།   །མཚོ་སྐྱེས༴      ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག   །མཐར་འཛིན་ལྟ་བའི་འཛིན་སྟངས་དྲུང་ནས་ཕྱུང་།   །གཞི་ལམ་འབྲས་བུ་སྣང་སྟོང་ཟུང་དུ་འཇུག   །མཚོ་སྐྱེས༴    དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན།   །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།   །རིག་སྟོང་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ།   །མཚོ་སྐྱེས༴    མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་།   །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར།   །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ།   །མཚོ་སྐྱེས༴      རྨད་བྱུང་ཨ་ཏི་ཡོ་གའི་གསེང་ལམ་ནས།   །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།   །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་བསྒྲུབས་པས།   །མཆོ་སྐྱེས༴    ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས།   །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།   ། [195a] ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ།   །མཚོ་སྐྱེས༴    རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར།   །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ།   ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ།   །མཚོ་སྐྱེས༴     བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ།   །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ།   །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས།   །མཚོ་སྐྱེས༴    མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས།   །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི།   །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས།   །མཚོ་སྐྱེས༴    དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།   །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།   །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས།   །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག   །ཅེས་རྒྱལ་བ་ཐམས་ཅད་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་ཡིན་ཅིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་།   །ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མ་ནོར་བ་ཡིན་པ་འདི་ངོ་ཤེས་ནས་ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་པ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་ཐམས་ཅད་དུ་དར་ཞིང་ [195b] རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་།   དེ་ལྟ་བུའི་བཞེད་པ་ཡིད་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་རྙིང་བསྟན་པ་ལྷག་བསམ་རྣམ་པར་དཀར་བ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་དགེ་བ་དགུང་ཐུན་ལ་ཤར་མ་བྲིས་པ་དགེ་ལེགས་འཕེལ།།   །། 
༈     །འགྲོ་བའི་སྡུག་བསྔལ་སྨན་ཅིག་པུ།   །བདེ་བ་ཐམས་ཅད་འབྱུང་བའི་གནས།   །བསྟན་པ་རྙེད་དང་བཀུར་སྟི་དང་།   །བཅས་སྟེ་ཡུན་རིང་གནས་གྱུར་ཅིག   །ཅེས་དང་།   །གཙུག་ལག་ཁང་རྣམས་ཀློག་པ་དང་།   །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤིང་།   །རྟག་ཏུ་དགེ་འདུན་མཐུན་པ་དང་།   །དགེ་འདུན་དོན་ཡང་འགྲུབ་པར་ཤོག    ཅེས་ཞི་བ་ལྷའི་གསུང་ངོ་།   ། 
༈     །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།   །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།   །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས།   །ཇི་ལྟར་བསྡོས་བཞིན་སྨོན་ལམ་འགྲུབ་པར་ཤོག   །།
༈      ད་ནི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བདེ་ལེགས་སུ་བྱ་བ་ནི།  ཨོཾ་ཡེངྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱོ་ཧ་དཏ།   ཏེཥཱཉྩ་ཡོ་ནི་རོ་ངྷ་ཨེ་ཝཾ་བཱ་དི་མཧཱ་ཤྲ་བ་ཎ་སྭཱཧཱ།   །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།   །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།   །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག   །དེ་ཡིས་ཉེ་བར་ [196a] བསྟན་པའི་མཆོག་རབ་གཡོ་མེད་པ།   །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ།   ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག   །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་།   །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས།   །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག།   །།   
༈    །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད།   །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས།   །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ།   །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག   །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད།   །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས།   །ཉོན་མོངས་དུག་ལྔ་གདུང་བའི་དགྲ་ཞི་སྟེ།   །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག    །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ།   །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས།   །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ།   །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག    །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།   །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག    །སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ།   །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག   ། [196b] སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།   །དེ་དག་ཐམས་ཅད་དེང་འདིར་བདེ་གྱུར་ཅིག   །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ།   །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག   །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ།   །དེ་དག་ཐམས་ཅད་དེང་བདེ་གྱུར་ཅིག   །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ།   །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག     །ཅེས་དཔལ་གྱི་མགུར་ནས་སྩལ་བའི་ཤིས་པའི་དབྱངས་སོ།།   །། 
༈      །ཨོཾ༔   ཕུན་སུམ་ཚོགས་པ་བླ་མེད་དཀོན་མཆོག་གསུམ༔   བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་པ༔   གྲགས་པའི་བཀྲ་ཤིས་འཇིག་རྟེན་ཡོངས་ལ་ཁྱབ༔   དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔   ཝཱ་ར་ཎ་སཱི་ཉམས་དགའ་བདེ་སྐྱིད་ལྡན༔   ཡུལ་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   གྲོང་ཁྱེར་སེར་སྐྱ་དཔལ་དང་ཡོན་ཏན་རྒྱས༔   གྲོང་བརྡལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ལྷས་བསྟན་ཁབ་ཏུ་ཆོས་དང་འབྱོར་པས་གང་༔   ཁང་ཁྱིམ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   རྒྱལ་པོ་ཟས་གཙང་འཁོར་ལོས་སྒྱུར་བའི་རིགས༔   སྐྱེས་པ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   བཙུན་མོ་སྒྱུ་འཕྲུལ་རྒྱལ་བ་བསྐྱེད་པའི་ཡུམ༔   བུད་མེད་འདིར་ཡང་དེ་བཞིན་བཀྲ་ [197a] ཤིས་ཤོག༔   རྒྱལ་བུ་དོན་གྲུབ་ལེགས་པའི་དཔལ་ཀུན་འབྱོར༔   ལྷ་སྲས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ས་འཚོ་གྲགས་འཛིན་ཡོན་ཏན་དམ་པས་བརྒྱན༔   བཙུན་མོ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ཅང་ཤེས་བསྔགས་ལྡན་སྤྲིན་གྱི་ཤུགས་ཆེན་འཆང༔   རྟ་མཆོག་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ནཻ་རཉྫ་ན་མེ་ཏོག་འབྲས་བུས་བརྒྱན༔   སྐྱེད་ཚལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ཡངས་པ་ཅན་དུ་འབྲུ་ནོར་ལོངས་སྤྱོད་འཕེལ༔   ས་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   རྡོ་རྗེ་གདན་དུ་ཐུབ་པ་མངོན་སངས་རྒྱས༔   གནས་རྟེན་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   བྱ་རྒོད་སྤུངས་རིར་ཐེག་ཆེན་ཆོས་འཁོར་བསྐོར༔   ཆོས་ར་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   རྒྱལ་བྱེད་ཚལ་དུ་འཕགས་པའི་དགེ་འདུན་འདུ༔   དགོན་སྡེ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔   ཉིན་མོ་བཀྲ་ཤིས་བདེ་བའི་ཉི་མ་ཤར༔   མཚན་མོ་བཀྲ་ཤིས་སྐྱིད་པའི་ཟླ་བ་གསལ༔   ཉིན་མཚན་བཀྲ་ཤིས་བདེ་སྐྱད་ཕྱྭ་གཡང་འཕེལ༔   བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔   ཅེས་ཆོས་དབང་རིན་པོ་ཆེའི་ཟབ་གཏེར་ལས་སོ།།   །།རྩ་གསུམ་ [197b] བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས་ཞེས་བྱ་བ།   བཀྲ་ཤིས་གང་ཞིག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས།   །གཟོད་ནས་རབ་ཞི་རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས།   །གདོད་མའི་མགོན་པོ་ཀུན་བཟང་བླ་མ་མཚོ་སྐྱེས་རྗེའི།   །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག   །བཀྲ་ཤིས་གང་ཞིག་སྣང་ཆ་བདེ་ཆེན་ཐོད་ཕྲེང་རྩལ།   །སྟོང་ཉིད་ཤེས་རབ་མནྡ་ར་བར་མཉམ་སྦྱོར་བའི།   །བརྟན་གཡོ་ཀུན་ཁྱབ་ལོངས་སྤྱོད་ཡོངས་རྫོགས་ཧེ་རུ་ཀའི།   །བདེན་པ་དེས་ཀྱང་འཆི་མེད༴     །བཀྲ་ཤིས་གང་ཞིག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་།   །རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ཅན།   །སྣ་ཚོགས་ཞིང་དུ་སྤྲུལ་པའི་བཀོད་པ་མཐའ་ཀླས་པའི།   །བདེན་པ་དེས་ཀྱང་༴     །བཀྲ་ཤིས་གང་ཞིག་བླ་མ་ཀུན་འདུས་པདྨ་འབྱུང་།   །ཡི་དམ་ཞི་ཁྲོ་རབ་འབྱམས་ཡོངས་ཀྱི་འཁོར་ལོས་སྒྱུར།   །གྲངས་མེད་དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རྗེའི།   །བདེན་པ་དེས་ཀྱང་༴    །བཀྲ་ཤིས་གང་ཞིག་ཁྱེད་སྐུ་མཐོང་བས་མཆོག་དངོས་འགྲུབ།   མཚན་ཙམ་འཛིན་པས་ཐུན་མོང་དངོས་གྲུབ་ཆར་དུ་འབེབས།   །དྲན་པ་ཡིས་ཀྱང་མི་མཐུན་རྒུད་པ་འཕྲོག་མཛད་པའི།   །བདེན་པ་དེས་ཀྱང་༴     [198a] བཀྲ་ཤིས་གང་ཞིག་མཁའ་དབྱིངས་ཁྱབ་པའི་མཆོད་སྤྲིན་དབུས།   །མཚོ་སྐྱེས་བླ་མ་རིག་འཛིན་ཌཱ་ཀིའི་ཚོགས་བཅས་ཀྱིས།   །མེ་ཏོག་ཆར་འབེབས་ཤིས་པའི་ཚིག་གིས་དབུགས་དབྱུང་བའི།   །བདེན་པ་དེས་ཀྱང་༴    །བཀྲ་ཤིས་གང་ཞིག་གནས་སྐབས་རྣམ་བཞིའི་ཕྲིན་ལས་ཀྱིས།   །བདག་གཞན་འགྲོ་ཀུན་ཕན་བདེའི་འབྱོར་པ་རབ་རྒྱས་ཤིང་།   །མཐར་ཐུག་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་སུ།   །འཆི་མེད་སྐུ་གསུམ་གོ་འཕང་འགྲུབ་པའི་བཀྲ་ཤིས་ཤོག     །ཅེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱི་བློ་གྲོས་གཞོན་ནུའི་ཆུ་གཏེར་ལས་བྱུང་བའི་ཚིག་གི་སྣང་བ་སྟེ།   །འདིས་ཀྱང་དགེ་ལེགས་ཤིས་པའི་པདྨོ་མཆོག་ཏུ་རྒྱས་པར་གྱུར་ཅིག།   །། 
༈      །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།   །   ཐུགས་རྗེའི་དབང་གིས་བྱང་ཆུབ་ཐུགས་བསྐྱེད་ནས།   །བརྩོན་པའི་དབང་གིས་ཚོགས་གཉིས་ལེགས་བསྒྲུབ་ནས།   །སྨོན་ལམ་དབང་གིས་གདུལ་བྱའི་དཔལ་གྱུར་པའི།   །བདེ་བར་གཤེགས་པ་རྣམས་ཀྱི་བཀྲ་ཤིས་ཤོག   །གློ་བུར་དྲི་མ་དག་པ་ཆོས་ཀྱི་དབྱིངས།   །སྒྲིབ་གཉིས་མུན་པ་སེལ་བ་འཕགས་པའི་ལམ།   །ཆོས་ཉིད་རྟོག་པའི་རྒྱུ་མཐུན་གསུང་རབ་མཆོག   །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག   །ཤེས་རབ་ཆེན་པོས་བདག་མེད་དོན་རྟོགས་ནས།   །ཐུགས་རྗེ་ཆེན་པོས་འགྲོ་ [198b] ཀུན་བདག་ཏུ་འཛིན།   །གཞན་དོན་དཀའ་སྤྱད་ཁུར་གྱིས་མི་སྐྱོ་བའི།   །རྒྱལ་སྲས་དགེ་འདུན་རྣམསཀྱི་བཀྲ་ཤིས་ཤོག    །ཆོས་དང་མི་འཇིགས་ཟང་ཟིང་དངོས་པོ་རྣམས།   །ལན་དང་རྣམ་སྨིན་རེ་བ་མེད་པའི་བློས།   །གཞན་གྱི་དོན་དུ་རྟག་ཏུ་གཏོང་བྱེད་པའི།   །སྦྱིན་པ་ཕུན་སུམ་ཚོགས་པའི་བཀྲ༴    །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས།   །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་།   །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི།   །ཚུལ་ཁྲིམས་ཕུན་སུམ༴    ཚུལ་ཁྲིམས་དགེ་བའི་བཤེས་ལས་ཐོབ་པ་ལྟར།   །བཟོད་པ་གནོད་པ་བྱེད་ལས་ཐོབ་ཤེས་ནས།   །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི།   །བཟོད་པ་ཕུན་སུམ༴    །སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་རབ་བསྐུལ་ནས།   །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ནི།   །སྒོ་གསུམ་གཞན་དོན་འབའི་ཞིག་སྒྲུབ་བྱ་བའི།   །བརྩོན་འགྲུས་ཕུན་སུམ༴     །ཆོས་ཉིད་སྨྲ་བསམ་བརྗོད་དུ་མེད་པ་ལ།   །སེམས་ཉིད་བྱིང་རྒོད་མེད་པར་རབ་གནས་ཤིང་།   །སྲིད་དང་ཞི་བའི་བདེ་ལ་མ་ཆགས་པའི།   །བསམ་གཏན་ཕུན་སུམ༴     །ཆོས་ཀུན་རང་བཞིན་མེད་པར་ཤེས་པའི་བློས།   །ཚད་མེད་སྙིང་རྗེ་ཆེ་དང་འབྲེལ་བའི་མཐུས།   ། [199a] འཁོར་དང་མྱ་ངན་འདས་ལ་མི་གནས་པའི།   །ཤེས་རབ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག     །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྡིག་པ་ཞི་བྱེད་ཅེས་བྱ་བ་འདི་དབོན་རིན་གྱིས་རྒྱལ་བའི་ཡུམ་རིན་ཆེན་གསེར་ལས་བཞེངས་པའི་རབ་ཏུ་གནས་པའི་དོན་དུ།   །ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དབེན་གནས་དངུལ་ཆུའི་རྫོང་དུ་སྦྱར་བའོ།།   །། 
༈      །བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ།  ཨོཾ་སྭ་སྟི་བི་ཛ་ཡནྟུ།   ཆོས་དབྱིངས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་པའི།   །རབ་འབྱམས་རྩ་བ་གསུམ་གྱི་ལྷ་ཡི་ཚོགས།   །ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ཡི།   །རྒྱལ་བའི་དབང་པོ་རྣམས་ཀྱིས་དགོངས་པ་མཛད།   །ཡུམ་རྣམས་རིན་ཆེན་བུམ་པས་དབང་བསྐུར་ཞིང་།   །སེམས་དཔའི་ཚོགས་ཀྱིས་བཀྲ་ཤིས་མེ་ཏོག་འཐོར།   །ལྷ་རྣམས་ཀུན་གྱིས་རྡོ་རྗེའི་གླུ་དབྱངས་ལེན།   །ཁྲོ་བོའི་ཚོགས་ཀྱིས་བགེགས་རྣམས་ཕ་མཐར་བསྐྲད།   །འཇིག་རྟེན་སྐྱོང་བའི་ཚོགས་ཀྱིས་མཆོད་ཅིང་བསྟོད།   །ཀུན་ཀྱང་དགེ་བཞིན་བཀྲ་ཤིས་དཔལ་ཡོན་ཀུན།   །དེང་འདིར་མངོན་པར་སྩོལ་བ་ཉིད་གྱུར་ལས།   །བཀྲ་ཤིས་རབ་མཆོག་བདག་གིས་བརྗོད་པར་བྱ།   
༈      དགའ་རབ་ཤྲཱི་སེང་པདྨ་ཐོད་ཕྲེང་རྩལ།   །གྲུབ་མཆོག་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ།   །གཏེར་སྟོན་བརྒྱ་རྩ་ [199b] བཀའ་གཏེར་དག་སྣང་བརྒྱུད།   །རིག་འཛིན་བླ་མའི་ཚོགས་ཀྱི་བཀྲ་ཤིས་དེས།   །དེང་འདིར་མི་མཐུན་རྒུད་པ་ཀུན་ཞི་ནས།   །མཐུན་རྐྱེན་ཚེ་བསོད་བདེ་ལེགས་གོང་དུ་འཕེལ།   །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ།   །ཕུན་ཚོགས་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག    །གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ།   །སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས།   །མཁའ་ཁྱབ་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།   །དུས་གསུམ་བདེ་བར་གཤེགས་པའི་བཀྲ་ཤིས་དེས།   །དེང་འདིར༴    མཐུན་རྐྱེན༴    ཇི་ལྟ༴    ཕུན་ཚོགས༴    རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་མཆོག་གཅིག   །སྒྲུབ་པ་སྡེ་བརྒྱད་བདུད་འདུལ་ཁྲོ་བོ་བཅུ།   །ཞི་དང་ཁྲོ་ཚུལ་སྒྱུརའཕྲུལ་དྲྭ་བའི་གར།   །རབ་འབྱམས་ཡི་དམ་ལྷ་ཡི་བཀྲ་ཤིས་དེས།   །དེང་འདིར༴     མཐུན་རྐྱེན༴     ཇི་ལྟར༴    ཕུན་ཚོགས༴    སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་དྲུག   །རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་སོགས།   །རྒྱལ་བ་རིག་འཛིན་བརྒྱུད་པའི་ཐུགས་ཀྱི་བཅུད།   །ལུང་རྟོགས་དམ་པའི་ཆོས་ཀྱི་བཀྲ་ཤིས་དེས།   །དེང་འདིར༴    མཐུན་རྐྱེན༴    ཇི་ལྟར༴     ཕུན་ཚོགས༴    ཉེ་བའི་སྲས་མཆོག་བརྒྱད་དང་སེམས་ [200a] མ་བརྒྱད།   །སྐལ་བཟང་སེམས་དཔའ་སྟོང་ལ་སོགས་པ་ཡི།   །ཕྱོགས་བཅུ་དུས་གསུམ་དག་གི་རྒྱལ་བའི་སྲས།   །ཡོན་ཏན་རྒྱ་མཚོ་རྣམས་ཀྱི་བཀྲ་ཤིས་དེས།   །དེང་འདིར༴    མཐུན་རྐྱེན༴    ཇི་ལྟར༴    ཕུན་ཚོགས༴    རྡོ་རྗེ་ཕག་མོ་རིགས་ལྔའི་ཌཱ་ཀི་ནཱི།   །མཚོ་རྒྱལ་ལ་སོགས་ཐུགས་ཀྱི་དགྱེས་སྡེ་ལྔ།   །གནས་ཡུལ་ཞིང་གི་དཔའ་བོ་རྣལ་འབྱོར་མ།   །དཔལ་ལྡན་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་དེས།   །དེང་འདིར༴    མཐུན་རྐྱེན༴    ཇི་ལྟར༴   ཕུན་ཚོགས༴    སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་།   །ཚངས་དབང་ཁྱབ་འཇུག་བརྒྱ་བྱིན་རྒྱལ་ཆེན་སོགས།   །དུས་གསུམ་རྒྱལ་བའི་ཕྲིན་ལས་བཀའ་སྐྱོང་བ།   །རྡོ་རྗེའི་ཆོས་སྐྱོང་ཚོགས་ཀྱི་བཀྲ་ཤིས་དེས།   །དེང་འདིར༴    མཐུན་རྐྱེན༴    ཇི་ལྟར༴    ཕུན་ཚོགས༴    བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར།   །བསྟན་པའི་སྦྱིན་བདག་རྣམས་དང་འགྲོ་བ་ཀུན།   །བདེ་སྐྱིད་གོང་འཕེལ་ཆོས་ལྡན་བསམ་དོན་འགྲུབ།   །ས་གསུམ་དཔལ་དང་ལྡན་པའི་བཀྲ་ཤིས་ཤོག   །སྣང་སྲིད་རྣམ་དག་བདེ་བ་ཆེན་པོ་ལ།   །མི་ཤིས་རྒུད་པ་ཡེ་ནས་མི་མངའ་བའི།   །བདེན་པ་དེ་ཡིས་མཁའ་ཁྱབ་འགྲོ་བ་ཀུན།   །རང་བྱུང་ཡེ་ཤེས་རྟོགས་ [200b] པའི་བཀྲ་ཤིས་ཤོག   །མཉམ་ཉིད་ངང་ནས་ཕྱོགས་དུས་འགྲོ་ཀུན་ལ།   །ཕན་དང་བདེ་བའི་ཕྲིན་ལས་ལྷུན་གྱིས་གྲུབ།   །རྟག་ཁྱབ་མཚུངས་མེད་བཀྲ་ཤིས་དཔལ་གྱི་མཆོག   །དེང་འདིར་མངོན་དུ་འགྱུར་བའི་བཀྲ་ཤིས་ཤོག   །ས་གསུམ་དབང་བྱེད་སྲིད་གསུམ་བྲན་དུ་འཁོལ།   །ཕྱོགས་ལས་རྣམ་རྒྱལ་སྣང་སྲིད་ཟིལ་གནོན་པའི།   །ཨོ་རྒྱན་རིག་འཛིན་བརྒྱུད་པའི་རིང་ལུགས་གང་།   །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག     །ཅེས་པའང་རབ་ཚེས་མེ་སྤྲེལ་འོད་འབར་གདོང་པ་བཟང་པོའི་ཟླ་༡ཚེས་༡གཟའ་སྐར་སོགས་དུས་ཀྱི་ཆ་ཤིན་ཏུ་དགེ་བར་སྒྲུབ་ཁང་འཆི་མེད་མཆོག་གྲུབ་གླིང་དུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་བློ་མཚོ་ལས་བྱུང་བ་ནོར་བུའི་གཏེར་ཆེན་པོ་བཀྲ་ཤིས་དང་དགེ་ལེགས་མི་ཟད་པ་གོང་ནས་གོང་དུ་འཕེལ་བར་བྱེད་པ་འདི་སྔ་འགྱུར་བ་རྣམས་ཀྱི་དཔལ་དུ་གནས་པ་དེ་ཕྱིར་སྤེལ་བར་བགྱིས་ན་དོན་ཀུན་འགྲུབ་བོ།།   །། 
༈     རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔   ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔   ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔   མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔   མདོ་སྔགས་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས༔   བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔   འཇིག་རྟེན་ཁམས་ཀུན་ནད་མུག་མཚོན་འཁྲུགས་ཞི༔   རྟག་ཏུ [201a] བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔   འདིར་ཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔   སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང་༔   སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔   སྙན་གྲགས་མཁའ་མཐར་ཁྱབ་པའི་བཀྲ་ཤིས་ཤོག༔   ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབས༔   ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་༔   བར་དུ་སྐྱེ་རྒུ་ཐམས་ཅད་བདེ་དང་ལྡན༔   མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔   མཆོག་གླིང་གཏེར་ཁ་ལས་སོ།   ། 
༈    རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་།   ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་།   །གསང་སྔགས་རིག་སྔགས་ཀུན་གྱི་མཐུ་སྟོབས་དང་།   །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས།   །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་།   །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་།   །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ།   །གསུམ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།   མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།   །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ།   །བཞི་པོ་དེས་ཀྱང་༴    ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་ [201b] དང་།   །ཚེ་རིང་ ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།   །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།   །ལྔ་པོ་དེས་ཀྱང་༴    སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་།   །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་།   །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ།   །དྲུག་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།   །།   
༈     །ཉིན་མོ་བདེ་ལེགས་མཚན་བདེ་ལེགས།   །ཉི་མའི་གུང་ཡང་བདེ་ལེགས་ཤིང་།   །ཉིན་མཚན་རྟག་ཏུ་བདེ་ལེགས་པ།   །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ།   །དཔལ་ལྡན་བླ་མས་དེང་འདིར་སྩོལ།   །ཡི་དམ་ལྷ་ཡིས་དེང་འདིར་སྩོལ།   །ཆོས་སྐྱོང་སྲུང་མས་དེང་འདིར་སྩོལ།   །གཞི་བདག་རྣམས་ཀྱིས་དེང་འདིར་སྩོལ།   །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ།   །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།   །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།   །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག  །   འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས།   །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ།   བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག   །དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་  [202a] པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་དུ་བདུད་དང་སྤང་བྱ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག   །ཛ་ཡ་ཛ་ཡ་སུ་ཛ་ཡ།   །དཀོན་མཆོག་གསུམ་གྱི་བདེན་པ་དང་།   སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་།   ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་།   །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།   །།   
༈     །ཇི་སྙེད་ཕན་བདེ་མ་ལུས་འབྱུང་བའི་གནས།   །ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ།   །སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་སྲོལ།   །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག།   
༈     །མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ།   །མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ།   །ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་བའི།   །བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག།   
༈     །བསླབ་གསུམ་འཕགས་པའི་ནོར་གྱིས་ལེགས་ཕྱུག་ཅིང་།   །སྤང་ཀློག་འཁོར་ལོ་གསུམ་གྱིས་དུས་འདའ་བའི།   །འདུས་པ་རྒྱ་མཚོས་གནས་འདི་ [202b] ཡོངས་གང་ནས།   །བསྟན་འགྲོའི་ཕན་བདེའི་རྫོགས་ལྡན་གསར་འཆར་ཤོག།   
༈     །འོག་མིན་ས་ལ་སྤྱོད་པ་དཔལ་གྱི་ཞིང་།   །པདྨ་དགྱེས་པ་འོད་གསལ་རྡོ་རྗེའི་མཛོད།   །རིག་འཛིན་ཌཱ་ཀིའི་འདུ་གླིང་དགའ་བའི་ཚལ།   །སྲིད་པའི་རྒྱན་གྱུར་རྟག་ཁྱབ་བདེ་ལེགས་ཤོག།   
༈     །ཨེ་ཝཾ་ཟུང་འཇུག་བདེ་ཆེན་མུ་ཁྱུད་ཟླུམ།   །མདོ་སྔགས་ཆོས་འཁོར་བཤད་སྒྲུབ་རྩིབས་སྟང་བཀྲ།   །མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་འདི།   །སྲིད་མཐའི་བར་དུ་མི་ཉམས་འཕེལ་རྒྱས་ཤོག།   
༈     །ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་མཛོད།   །སྔ་འགྱུར་མདོ་སྔགས་བཀའ་གཏེར་རྒྱ་མཚོ་ཆེའི།   །བཤད་སྒྲུབ་ཆོས་ཚུལ་མཆོག་འདི་སྲིད་མཐའི་བར།   །མི་ཉམས་དར་རྒྱས་འཛམ་གླིང་ཀུན་ཁྱབ་ཤོག།   
༈     །བདུད་འདུལ་པདྨ་རྒྱལ་པོའི་རིང་ལུགས་མཆོག  །   སྔ་འགྱུར་རིག་འཛིན་ཚོམ་བུ་འབུམ་སྡེ་ཡིས།   །ཡངས་པའི་ཁྱོན་གང་ནུབ་མེད་རབ་བརྟན་ཅིང་།   །ཕྲིན་ལས་འཛམ་གླིང་ཀུན་ཁྱབ་བཀྲ་ཤིས་ཤོག།   
༈     །ཐེག་མཆོག་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།   །ཐུབ་བསྟན་གླིང་བཞིའི་མཁའ་ལ་ཡོངས་འཕགས་ཏེ།   །འཇིགས་བྲལ་ཆོས་ཀྱི་རྒྱལ་སྲིད་འབྱོར་པའི་དཔུང་།   །ཕྱོགས་ [203a] ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་ཤོག།   
༈     །རྣམ་དག་དད་དམ་གཙང་མའི་ཞིང་ས་ལ།   །ལྷག་བསམ་སྨོན་ལམ་ས་བོན་གང་བཏབ་པ།   །རྟེན་འབྱུང་བསླུ་མེད་དྲོད་གཤེར་གྱིས་སྨིན་ཏེ།   །དོན་གཉིས་འདོད་པའི་སྙེ་མ་གཡུར་ཟ་ཤོག།   
༈     །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།   །བརྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།   །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས།   །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།   
༈     །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ།   །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ།   །རྒྱལ་དབང་པདྨའི་རིང་ལུགས་སྔ་འགྱུར་བའི།   །རྒྱལ་བསྟན་ཕྱོགས་མཐར་ཁྱབ་པའི་བཀྲ་ཤིས་ཤོག།   
༈ །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་སོགས་དུས་སྐབས་དང་འབྲེལ་བའི་སྨོན་ལམ་དང་བཀྲ་ཤིས་ཀྱི་རིམ་པ་ཇི་ལྟར་རིགས་པ་རྒྱ་ཆེར་སྤེལ་བས་བདེ་ལེགས་སུ་བྱའོ། །གང་ཞིག་ཐར་མཆོག་རྣམ་གྲོལ་དགའ་ཚལ་དུ། །རང་དབང་བགྲོད་བརྩོན་བློ་ལྡན་སྐལ་བཟང་རྣམས། །ཟབ་མོའི་ཆོས་སྤྱོད་ལམ་གྱི་ཤིང་ [203b] རྟ་ཆེ། །འདིར་ཞུགས་དོན་གཉིས་ནོར་བུས་ཕྱུག་པར་མཛོད། །ལེགས་བྱས་གང་བ་རྒྱས་པའི་དཀྱིལ་འཁོར་ནི། །བསོད་ནམས་ག་བུར་བདུད་རྩིའི་རྡུལ་ཕྲེང་ཅན། །ལྷག་བསམ་ཡིད་ཀྱི་མཁའ་ལ་ཆས་པ་དེས། །འགྲོ་རྒྱུད་ཉེས་པའི་ཚ་གདུང་བཅིལ་བྱེད་ཤོག །དེ་ལྟར་ཐུན་མོང་གི་ངག་འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམ་གྲོལ་ལམ་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། འོག་མིན་ས་ལ་སྤྱོད་པའི་ཞིང་ཁམས་སྦས་ཡུལ་ཆེན་པོ་པདྨ་བཀོད་དུ་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་ཞེས་མདོ་སྔགས་བཤད་སྒྲུབ་ཀྱི་ཆུ་འགོ་གསར་དུ་བསྐྲུན་པར་བགྱིས་པའི་ཚེ། འདུས་པའི་དགེ་འདུན་རིག་པ་འཛིན་པ་རྣམས་ཀྱི་དུས་དང་རྒྱུན་གྱི་ངག་འདོན་ཉམས་བཞེས་སུ་བྱ་བའི་སླད་དང་། གཞན་ཡང་ཆོས་ཀྱི་རྗེས་སུ་འབྲང་བའི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། །སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྤྱོད་ལམ་གྱི་རིམ་པ་རྣམས་གཞིར་བཞག །སྐབས་སུ་བབས་ཤིང་ཉེ་བར་མཁོ་བའི་ཡན་ལག་ཇི་ལྟར་རིགས་པས་ཀྱང་ལེགས་པར་གསལ་བར་བྱས་ཏེ། །ཤཱཀྱའི་དགེ་བསྙེན་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་རང་ལོ་སུམ་ཅུ་རྩ་གཅིག་ཏུ་སོན་པ་རྐང་འཐུང་ཁམས་ལྡན་ནོར་སྐྱོང་གི་ལོ་ནག་པ་ཉ་བའི་ཡར་ངོའི་དུས་ཚེས་ཤིན་ཏུ་དགེ་བ་ལ། །སྦས་ཡུལ་པདྨ་རྣམ་པར་བཀོད་པའི་ཞིང་ཁམས་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་ལས། ཕྱིས་རང་ལོ་དྲུག་ཅུ་རྩ་བརྒྱད་དུ་སོན་པ་རིན་ཆེན་བཞི་པའི་ཁམས་འཛིན་འཁོར་ལོའི་སྣ་ཅན་གྱི་ལོར་སླར་ཡང་ཁ་སྐོང་དུ་འོས་པ་འགའ་ཞིག་གསར་དུ་བསྣན་ནས་ཁྱེར་བདེ་དོན་ཚང་གི་ཚུལ་དུ་བསྡེབས་པ་སྟེ། འདིས་ཀྱང་ངེས་གསང་སྙིང་པོའི་རིང་ལུགས་དབྱར་གྱི་ [204a] ཆུ་གཏེར་བཞིན་འཕེལ་ཞིང་རྒྱས་པ་དང་། འགྲོ་བ་ཐམས་ཅད་ཟུང་འཇུག་རྡོ་རྗེ་ཅན་གྱི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །། ༈ མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག །ཅེས་པའང་ཛྙཱ་ནས་བྲིས་པ་སིདྡྷི་རསྟུ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།