ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ཡིད་བཞིན་གཏེར་མཛོད༔

From Dudjom Wiki
Revision as of 09:38, 7 January 2026 by Mort (talk | contribs)

TTDL-ZABTER-08-NYA-011
Wylie title zab gsang mkha' 'gro'i snying thig las: lha chen dbang phyug chen po'i sgrub pa yid bzhin gter mdzod: TTDL-ZABTER-08-NYA-011.pdf
Location bdud 'joms gling pa zab gter
Volume 8, Text 11, Pages 63-80 (Folios 1a1 to 9b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las lha chen dbang phyug chen po'i sgrub pa yid bzhin gter mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 63-80. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub pa   Verso: bdud 'joms bka' srung lha chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon
  • First colophon: ཞེས་པ་འདི་ནི་རང་སློབ་དམ་པ་བསོད་ནམས་བཀྲ་ཤིས་དང་བློ་བཟང་རྡོ་རྗེ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའོ། །དགེའོ། །དགེའོ།། དགེའོ།།
  • Second colophon: གཏེར་ཆེན་རིན་པོ་ཆེའི་ཞལ་རྒྱུན་ལྟར་ལགས་སོ།།
  • First colophon: zhes pa 'di ni rang slob dam pa bsod nams bkra shis dang blo bzang rdo rje gnyis kyis bskul ngor khrag 'thung bdud 'joms rdo rjes smar mdo bkra shis dga' 'khyil du dag par phab pa'o/_/dge'o/_/dge'o//_dge'o//
  • Second colophon: gter chen rin po che'i zhal rgyun ltar lags so//
[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ཡིད་བཞིན་གཏེར་མཛོད་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་དུས་ཀྱི་སྙིགས་མའི་ཚེ༔ དུས་ངན་བདུད་ཀྱི་ལ་ཡོག་འདོར༔ དམག་འཁྲུགས་མཚོན་གྱི་བསྐལ་པ་དར༔ མཐའ་མི་ལྟ་ལོག་བསྟན་ལ་རྒོལ༔ མི་ཕྱུགས་ནད་རིམས་དྲག་པོས་གདུང་༔ དེ་ཚེ་དབང་ཕྱུག་ཆེན་པོ་ལས༔ དུས་ཀྱི་ཡོ་ལང་སུ་ཡིས་བཟློག༔ བསྐལ་ངན་དེ་ལ་ཐུག་པའི་ཚེ༔ ལས་ལྡན་མཆིས་ན་འདི་ལ་འབུངས༔ མཐུན་རྐྱེན་ལེགས་ཚོགས་ངེས་པར་འགྲུབ༔ དུས་འཁྲུགས་བདུད་ཀྱི་ཡོ་ལང་གནོན༔ འདོད་པའི་ཁམས་སུ་འདི་དབང་ཆེ༔ གཞན་ལས་སྟོབས་དང་དཔའ་ཟིལ་ཆེ༔ འགྲུབ་སླ་ནང་དུ་འཇམ་ཞིང་ཕྱུག༔ དེ་ལྟར་ཤེས་ནས་ཉམས་སུ་ལོངས༔ ས་མ་ཡ༔ འདི་ཡི་བཅའ་གཞིའི་རིམ་པ་ནི༔ གཏོར་མ་ནོར་བུའི་དབྱིབས་ལྡན་པ༔ ཆེ་བརྗིད་རྒྱན་དང་ལྡན་པ་བཤམས༔ དེའི་མདུན་ལྷ་ཡི་བཤོས་བུ་བཞག༔ ཕྱོགས་བཞིར་ལྷ་བཤོས་དྲངས་མཛེས་བཞག༔ དེ་མཐར་གཏོར་ཆུང་བདུན་ཅུས་བསྐོར༔ སྟེང་དུ་དར་དམར་ལྡིང་གུར་ཕུབ༔ འབུལ་རྫས་སྨན་སྣ་ཟས་སྣ་དང་༔ སྐྱེམས་ཀྱི་རིགས་དང་གཏོར་མ་བཤམས༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ལྷ་བསྐྱེད་རིམ་པ་འདི་ལྟ་སྟེ༔ རང་ཉིད་ཡི་དམ་ཧེ་རུ་ཀའི་མདུན་དུ་བྷྲཱུྃཿ ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ༔ དབྱིབས་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པ༔ དབང་གི་ཁ་ཏོག་འབར་ཞིང་བྱིན་ཆགས་པ་མཐོང་ངམ་ཐོས་སམ་དྲན་པ་ཙམ་གྱིས་སྐྱེ་འགྲོ་ཕོ་མོའི་བློ་ཡིད་འཕྲོག་པའི་ནུས་པ་དང་ལྡན་པར་བསྐྱེད༔ ཕོ་བྲང་དེའི་དབུས་སུ་པདྨ་རཱ་གའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་འཕྲོས་པས་ཁམས་གསུམ་གྱི་ལྷ་གནས་མལ་དང་བཅས་པ་ཐམས་ཅད་བསྡུས་ནས་ཧྲཱིཿལ་ཐིམ༔ ཁྱད་པར་དུ་སྐུ་གསང་ཚོགས་ཀྱི་བདག་པོ༔ གསུང་གསང་འདོད་པའི་རྒྱལ་པོ༔ ཐུགས་གསང་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཧྲཱིཿལ་ཐིམ་པར་བསམ༔ དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཟི་བརྗིད་འོད་ཕུང་རབ་ཏུ་འབར་བ་ཕྱག་གཡས་ལྕགས་ཀྱུ་རྣོན་པོས་ཁམས་གསུམ་གྱི་བློ་ཡིད་ཐམས་ཅད་འགུག་ཅིང་གཡོན་པས་ཉི་ཟེར་གྱི་ཞགས་པས་སྣང་སྲིད་བྲན་དུ་སྡོམ་པ༔ ཞབས་གཉིས་དོར་སྟབས་སུ་བཞེངས་ནས་གསང་བའི་རྡོ་རྗེ་བསྒྲེང་བ་བག་དྲོ་ཞིང་ལྷུན་ཆགས་པ༔ གཅེར་བུ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་སེར་པོ་དང་༔ དབང་རྒྱལ་དམར་པོ་དང་༔ ཕ་རོལ་དཔུང་འཇོམས་ལྗང་སྔོན་རྣམས་ཀྱི་ཕྲེང་བས་བརྒྱན་པ༔ རལ་པ་མཐིང་ནག་ས་ལ་ཕབ་ཅིང་ལྷའི་བུ་ཟླ་བ་ཐོད་དུ་བཅིངས་ཏེ༔ ཉི་མ་ལྟེ་བར་ངོམས་པའོ༔ ངན་སོང་གསུམ་པོ་ཞབས་ཀྱིས་བསྒྱུར་ཞིང་༔ མཐོ་རིས་རྣམ་གསུམ་ལ་ལག་པས་དབང་མཛད་པའོ༔ ཕྱེད་ཀ་ཡེ་ཤེས་ཀྱི་ངོ་བོར་གནས་པ་ལ་འཕགས་པ་འཇིག་རྟེན་དབང་ཕྱུག༔ ཕྱེད་ཀ་འཇིག་རྟེན་ལ་དབང་མཛད་པའི་ལྷ་ཆེན་དབང་ཕྱུག་ཆེན་པོའོ༔ དེའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་དམར་མོ་གཡས་ནོར་བུ་དང་གཡོན་པས་གཏེར་བུམ་བསྣམས་ནས་ཡབ་ལ་ཟུར་མིག་ལྟ་ཞིང་དགྱེས་ཆགས་བཞད་པའི་རྣམ་འགྱུར་ངོམ་ཞིང་གཅེར་བུ་པདྨའི་ཕྲེང་བ་ཐོད་དུ་བཅིངས་པ་དབུ་སྐྲ་ལྗང་སྔོན་ས་ལ་སླེབས་པའོ༔ ཡབ་ཡུམ་གཉིས་ཀ་འདོད་པའི་རོ་ལ་གདུང་ཞིང་ཆགས་པའི་ཟིལ་པ་འཁྲིགས་པ་དབང་གི་འོད་ཁྱིམ་གཡོ་བར་བསྐྱེད་དོ༔ ཤར་དུ་ཐུགས་ཀྱི་ལྷ་མོ་འགུགས་བྱེད་མ་དམར་མོ་གཡས་ལྕགས་ཀྱུ་དང་གཡོན་པས་པད་དཀར་བསྣམས་པ༔ ལྷོ་རུ་ཡོན་ཏན་གྱི་ལྷ་མོ་འཆིང་བྱེད་མ་དམར་མོ་གཡས་ཞགས་པ་དང་གཡོན་པས་པདྨ་སེར་པོ་བསྣམས་པ༔ ནུབ་ཏུ་གསུང་གི་ལྷ་མོ་སྡོམ་བྱེད་མ་དམར་མོ་གཡས་པས་ལྕགས་སྒྲོག་དང་གཡོན་པས་པདྨ་དམར་པོ་བསྣམས་པ༔ བྱང་དུ་ཕྲིན་ལས་ཀྱི་ལྷ་མོ་མྱོས་བྱེད་མ་དམར་མོ་གཡས་པས་དྲིལ་བུ་དང་གཡོན་པས་པདྨ་ལྗང་གུ་བསྣམས་པ༔ ཀུན་ཀྱང་དར་དང་རིན་པོ་ཆེའི་སྣ་ཚོགས་ཀྱིས་སྤྲས་པ་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པར་བསྐྱེད་དོ༔ དེའི་ཕྱི་རིམ་དུ་མཆོད་པའི་ལྷ་མོ་བསམ་ཡས་པས་མཆོད་བསྟོད་དང་བཀུར་བསྟི་བྱེད་པ་འདོད་ཡོན་ཐམས་ཅད་རང་བྱུང་དུ་ཤར་བ་རྒྱུན་མི་ཆད་པར་བསྒོམ༔ སྐྱེ་མཆེད་རིགས་བཞིས་དབྱིངས་ནས་འདུད༔ གཟུགས་དང་འདོད་ལྷས་མདུན་ནས་འདུད༔ མི་དང་ལྷ་མིན་གཡས་ནས་འདུད༔ སྡེ་བརྒྱད་ལྷ་སྲིན་རྒྱབ་ནས་འདུད༔ འཇིགས་བྱེད་ནོར་སྲུང་གཡོན་ནས་འདུད༔ ངན་སོང་གསུམ་པོ་འོག་ནས་འདུད༔ མདོར་ན་སྣང་སྲིད་བརྟན་གཡོ་ཀུན༔ དབང་ཆེན་སྟོབས་ཀྱི་བདག་པོའི་འཕྲུལ༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་དབང་ཕྱུག་འདོད་རྒྱལ་དང་༔ ཚོགས་ཀྱི་བདག་པོ་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ ཀུན་ཁྱབ་ཐུགས་རྗེའི་གཏེར་ཆེན་པོ༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ སྐྱེ་མཆེད་རིགས་བཞིའི་ལྷ་གནས་སུ༔ ཏིང་འཛིན་དབང་ཕྱུག་གཤེགས་སུ་གསོལ༔ གཟུགས་ཁམས་གནས་རིགས་བཅུ་བདུན་ནས༔ དགའ་བདེའི་དབང་ཕྱུག་གཤེགས་སུ་གསོལ༔ འདོད་པ་ཁམས་ཀྱི་གནས་དྲུག་ཏུ༔ འདོད་ཡོན་འཕྲུལ་དབང་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ སྐུ་གསང་ཚོགས་ཀྱི་བདག་པོ་དང་༔ འཕྲུལ་དགའ་ལྷ་ཡི་གནས་མཆོག་ཏུ༔ གསུང་གསང་འདོད་པའི་རྒྱལ་པོ་ཆེ༔ གཞན་འཕྲུལ་དབང་བྱེད་ལྷ་གནས་སུ༔ ཐུགས་གསང་དབང་ཕྱུག་ཆེན་པོ་ཉིད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་སྙན་གསན་དབབ་པ་ནི༔ ཧཱུྃ་ཧྲཱིཿ དབང་ཕྱུག་ཆེན་པོ་དགོངས་སུ་གསོལ༔ འདོད་པའི་རྒྱལ་པོ་དགོངས་སུ་གསོལ༔ ཚོགས་ཀྱི་བདག་པོ་དགོངས་སུ་གསོལ༔ ཡ་ཀི་ཀུན་བཟང་མན་ཆད་ནས༔ མ་ཀི་དམྱལ་ཁམས་ཡན་ཆད་ཀུན༔ ཐམས་ཅད་ཆོས་དབྱིངས་ངང་དུ་གཅིག༔ ཐམས་ཅད་ཀུན་ཏུ་བཟང་མོའི་ཀློང་༔ ཐམས་ཅད་སྤྲོས་པའི་མཐའ་དང་བྲལ༔ ཐམས་ཅད་གནས་ལུགས་ཀ་དག་དབྱིངས༔ མ་རིག་དབང་གིས་སོ་སོར་གྱེས༔ མ་རིག་དབང་གིས་ཐ་དད་ཤར༔ མ་རིག་ཉིད་ལས་གཞན་མ་ཡིན༔ མ་རིག་འཕྲུལ་བྱེད་རིགས་ཆེན་ཁྱོད༔ ཁམས་གསུམ་འདི་ན་ཁྱོད་ཉིད་གཅིག༔ ཁམས་གསུམ་དབང་ཕྱུག་མཆོག་ཁྱོད་དེ༔ ཁམས་གསུམ་བདེ་བྱེད་དམ་པའི་ཆོས༔ ཁམས་གསུམ་ལས་འདས་རྒྱལ་བའི་བསྟན༔ ཕྱི་རོལ་ལྟ་ལོག་རྒོལ་བས་བསྣུབས༔ སྐྱེ་འགྲོ་བདེ་སྐྱིད་ལོངས་སྤྱོད་དཔལ༔ དུས་འཁྲུགས་མཚོན་གྱི་བསྐལ་པས་བསྣུབས༔ འདོད་ཡོན་ལོངས་སྤྱོད་དཔལ་ཁ་ལ༔ འགོང་འདྲེ་བསེ་རག་མི་སྲུན་རྒོལ༔ ཆོས་བཞིན་སྤྱོད་པའི་རྣལ་འབྱོར་ལ༔ ཆོས་མིན་ལོག་ལྟ་བདུད་ཀྱིས་རྒོལ༔ དེ་འདྲའི་མི་བཟད་ཉེས་ཚོགས་ལ༔ དངས་ཤིང་བྲེད་པའི་གདུང་སེམས་ཀྱིས༔ སྐྱོབ་བྱེད་དབང་པོ་ཁྱོད་ཉིད་བསྒྲུབས༔ སྐྱོབ་བྱེད་དབང་པོ་ཁྱོད་ཉིད་བསྟེན༔ ང་ཡི་བསྟན་པ་ཁྱོད་ལ་གཏད༔ བསྟན་ལ་རྒོལ་བའི་ལྟ་ལོག་སྒྲོལ༔ ང་ཡི་ཡུལ་ཁམས་ཁྱོད་ལ་གཏད༔ དམག་འཁྲུགས་མཚོན་གྱི་ཡོ་ལང་བཟློག༔ ང་ཡི་གནས་འཁོར་ཁྱོད་ལ་གཏད༔ ནག་ཕྱོགས་གདུག་པའི་གཞི་བདག་ཐུལ༔ ང་ཡི་ཡུལ་མི་ཁྱོད༴ མི་བདེའི་སྡུག་བསྔལ་ཀུན་ལས་སྐྱོབས༔ ང་ཡི་ལོངས་སྤྱོད་ཁྱོད༴ དགའ་ལྡན་འཕྲུལ་དགའི་དཔལ་ལྟར་བསྐྱེད༔ ང་ཡི་རྒྱལ་ཁབ་ཁྱོད༴ རྣམ་ཐོས་བུ་བཞིན་ཕྱུག་པར་མཛོད༔ ཉེ་འཁོར་རྩ་ལག་ཁྱོད༴ བརྒྱ་བྱིན་ལྟ་བུར་བཙན་པར་མཛོད༔ ང་ཡི་བུ་ཚ་ཁྱོད༴ ཁྱོད་བཞིན་དབང་གི་ཕྱུག་པར་མཛོད༔ ང་ཡི་འབངས་འཁོར་ཁྱོད༴ བཙན་ཕྱུག་འཕན་དར་ཕུན་ཚོགས་མཛོད༔ ང་ཡི་གྲྭ་སློབ་ཁྱོད༴ ཚེ་སྒྲུབ་མཐའ་རུ་ཕྱིན་པར་མཛོད༔ ང་ཡི་ཆུང་མ་ཁྱོད༴ ཞི་ཚུལ་ལང་ཚོའི་དཔལ་རྒྱས་མཛོད༔ ང་ཡི་བློ་སྙིང་ཁྱོད༴ ཚེ་འདིར་སངས་རྒྱས་ས་རུ་སྐྱོལ༔ མདོར་ན་བདག་གནས་ས་ཕྱོགས་འདིར༔ མི་ལ་ནད་ཡམས་འཁྲུགས་རྩོད་དང་༔ ཕྱུགས་ལ་གོད་ཁ་ཕུང་བརླག་དང་༔ ཞིང་ལ་བཙའ་སད་སེར་གསུམ་སོགས༔ མི་མཐུན་ཕྱོགས་ངན་མ་བཏང་ཞིག༔ མི་འདོད་ཉེར་འཚེ་ཐམས་ཅད་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བསྒྲུབ་ཅིང་བརྟེན་ནོ་ད་ཚུར་བྱོན༔ ཧྲཱིཾ་ཧྲཱིཾ་བཛྲ་ས་མ་ཡ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ ཏིང་འཛིན་འཕྲུལ་གྱི་གནས་མཆོག་འདིར༔ གསལ་སྣང་བདེ་ཆེན་འགྱུར་མེད་ཀློང་༔ འཕགས་པ་མཐོ་བའི་གདན་ཁྲི་ལ༔ དབང་ཕྱུག་ཆེན་པོ་བཞུགས་སུ་གསོལ༔ འདོད་པའི་རྒྱལ་པོ་བཞུགས༴ ཚོགས་ཀྱི་བདག་པོ་བཞུགས༴ འཁོར་དང་བཅས་པ་བཞུགས༴ འདོད་ཡོན་ལོངས་སྤྱོད་དཔལ་བསྐྱེད་ལ༔ གཞན་སྣང་དབང་དུ་སྡུད་པར་མཛོད༔ ས་མ་ཡ་ཕེཾ༔ ས་མ་ཡ་སྟྭཾ༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ དྲང་སྲོང་ལྷ་ཡི་བླ་མ་ཆེ༔ དབང་ཕྱུག་འདོད་རྒྱལ་ཚོགས་ཀྱི་བདག༔ འཁོར་དང་བཅས་པ་ཐམས་ཅད་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ན་མོ་མ་ཧཱ་དཱེ་ཝ་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་སྣང་གསལ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ལ་སོགས་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ དགྱེས་པར་དགོངས་ལ་བཞེས་པར་མཛོད༔ བདག་གི་འདོད་དོན་བསྒྲུབ་ཏུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྟ་པཱུ་ཛ་ཧོཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ དགྱེས་པར་དགོངས་ལ་བཞེས་པར་མཛོད༔ བདག་གི་འདོད་དོན་ཡོངས་གྲུབ་ཅིང་༔ གཞན་སྣང་དབང་དུ་འདུ་བར་མཛོད༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྟ་སོགས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿབདུད་རྩི་སྨན་དང་བ་ལིཾ་ཏ༔ འབྱུང་བའི་དྭངས་བཅུད་རཀྟར་བཅས༔ དད་དང་མོས་པའི་ཤུགས་ཀྱིས་འབུལ༔ དགྱེས་པར་དགོངས་ལ་བཞེས་པར་མཛོད༔ བདག་གི་འདོད་དོན་ཡོངས་འགྲུབ་ཅིང་༔ གཞན་སྣང་དབང་དུ་འདུ་བར་མཛོད༔ མ་ཧཱ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་པཱུ་ཛ་ཧོཿ འདོད་ཡོན་དུ་མའི་མཆོད་འབུལ་ཞིང་༔ བཀུར་སྟི་བྱེད་ཅིང་བདེ་སྟོབ་པའི༔ སྤྲུལ་པའི་ལྷ་མོ་མཆོག་ཏུ་འབུལ༔ རིན་ཆེན་རིགས་དང་གོས་དར་རིགས༔ གཅན་གཟན་རིགས་དང་རི་དྭགས་རིགས༔ དཀོར་རྫས་མཐུན་རྫས་སྨན་སྤོད་རིགས༔ མདོར་ན་མཐུན་རྫས་ལོངས་སྤྱོད་ཚོགས༔ མ་ཚང་མེད་པར་སྤྲུལ་ཏེ་འབུལ༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ བདག་གི་བསམ་དོན་ཡོངས་གྲུབ་ཅིང་༔ གཞན་སྣང་དབང་དུ་འདུ་བར་མཛོད༔ སརྦ་ག་ཎ་པཱུ་ཛ་ཧོཿ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་ཁྱོད༔ མ་གཡེལ་མ་འགྱངས་དམ་ལ་འདུས༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ དཀོན་མཆོག་གསུམ་གྱི་བསྟན་པ་སྐྱོངས༔ ཕྱི་དགྲ་ཀླ་ཀློ་ལྟ་ལོག་དང་༔ མུ་སྟེགས་ལ་སོགས་རིགས་ངན་ཐུལ༔ ནང་དགྲ་ཕྲག་དོག་ཕན་ཚུན་རྩོད༔ བན་དགྲ་ནང་འཁྲུགས་གཡུལ་འགྱེད་ཐུལ༔ གསང་དགྲ་སྒྲུབ་ལ་བར་གཅོད་རིགས༔ དམ་སྲི་སྒབ་འདྲེ་ལོག་འདྲེ་ཐུལ༔ མཐའ་དབུས་དམག་ཚོགས་འཐབ་རྩོད་ཀྱི༔ འཇིགས་དང་སྡུག་བསྔལ་ཐམས་ཅད་ཟློག༔ ཁྱད་པར་བདག་གི་གནས་ཡུལ་འདིར༔ ལོ་ལེགས་འབྲུ་རྒྱས་ཕྱུགས་རྣམས་སྤེལ༔ ཚེ་རིང་ནད་མེད་ཕན་ཚུན་མཐུན༔ བཙན་ཕྱུག་འཕན་དར་རྒྱས་པར་མཛོད༔ དགྲ་ཇག་ཆོམ་རྐུན་གཅན་གཟན་དང་༔ འབྱུང་ལྔའི་གཡོ་འཁྲུགས་འཇིགས་ཚོགས་དང་༔ མི་མཐུན་ཕྱོགས་ཀུན་མེད་པར་མཛོད༔ བདག་དང་བདག་གི་ཉེ་འཁོར་བཅས༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤིང་༔ ཁྱོད་ཀྱིས་སྲུང་ཞིང་སྐྱོབ་མཛོད་ལ༔ དགྲ་གེགས་གནོད་བྱེད་རྡུལ་དུ་རློག༔ འཇིག་རྟེན་དབང་ཕྱུག་སྟོབས་པོ་ཆེ༔ ཁྱོད་ཞལ་མྱུར་དུ་བདག་ལ་སྟོན༔ ཡང་ན་སྐྱེས་པ་བུད་མེད་ཀྱི༔ གཟུགས་སུ་བརྫུས་ཏེ་རྨི་ལམ་ན༔ ལུང་བསྟན་ལེགས་ཉེས་སྨྲ་བར་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཐུགས་རྗེའི་གཏེར་ཆེན་འགྲོ་བ་ཡོངས་ཀྱི་མགོན༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ ཞུམ་པ་མེད་པའི་དཔའ་སྟོབས་ནུས་པ་ལྡན༔ མགོན་པོ་ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད༔ སྟོང་ཉིད་ནམ་མཁའ་ལྟ་བུའི་ཀློང་ཡངས་པར༔ ཏིང་འཛིན་ཞགས་པས་དགའ་བདེར་འཆིང་མཛད་པ༔ ལྷ་ཆེན་སྙོམས་འཇུག་དབང་པོ་ཁྱོད་དྲན་གྱི༔ གཟུགས་མེད་ཁམས་ཀྱི་དབང་ཕྱུག་ཁྱོད་ལ་བསྟོད༔ གསལ་སྣང་མི་ཟད་འཕྲུལ་གྱི་ལོངས་སྤྱོད་ལ༔ དགྱེས་ཆགས་དགའ་བདེའི་རོ་ཡིས་མྱོས་བྱེད་པའི༔ གསལ་བྱེད་དབང་པོ་མ་འགགས་འོད་ལུས་ཅན༔ གཟུགས་ཁམས་དབང་ཕྱུག་ཁྱོད་ཉིད་དྲན་ཅིང་བསྟོད༔ འདོད་པའི་ཁམས་ན་ལེགས་ཉེས་སྟངས་འཛིན་ཅིང་༔ བདེ་དང་སྡུག་བསྔལ་གར་གྱི་རྣམ་འགྱུར་ངོམས༔ ལྷ་དབང་ལྷ་ཡི་བླ་མ་ལྷ་ཡི་ལྷ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཁྱོད་ལ་བསྟོད༔ ཁམས་གསུམ་དབང་གི་བདག་པོ་དབང་ཕྱུག་ཆེ༔ འདོད་ཁམས་དབང་དུ་བསྒྱུར་བ་འདོད་པའི་རྒྱལ༔ སྲིད་གསུམ་དབང་མཛད་བདག་པོ་ཚོགས་ཀྱི་བདག༔ ལྷ་ཡི་བླ་མ་ཁྱོད་ལ་བདག་བསྟོད་དོ༔ ཐབས་མཆོག་བདེ་ཆེན་གར་གྱི་དབང་ཕྱུག་གི༔ ཤེས་རབ་སྟོང་ཉིད་ཨུ་མ་དཱེ་ཝིའི་མཁར༔ སྦྱོར་དང་དགའ་བདེ་གཡོ་བའི་རླབས་ཤུགས་ཀྱིས༔ སྲིད་དང་ཞི་བའི་བདེ་ཆེན་མཁར་སྡུད་དེ༔ ཟག་མེད་བདེ་བའི་རོ་ལ་རོལ་བ་པོ༔ འགྲན་བྲལ་དབང་ཕྱུག་ཆེན་པོ་ཁྱོད་ལ་བསྟོད༔ ལྷར་བཅས་སྐྱེ་རྒུ་ཡོངས་ཀྱི་ངོ་བོ་སྟེ༔ འཇིག་རྟེན་སྣང་སེམས་མཆོད་དང་སྡུད་དེ་བསྒྱུར༔ སྲུང་མ་དམ་ཅན་ཐམས་ཅད་རྩལ་དུ་ཤར༔ དགའ་ཞིང་མཉེས་ན་དག་པའི་ས་ལམ་སྟོན༔ ཁྲོས་ཤིང་འཁུ་ན་འཁོར་བའི་གཡོ་འཁྲུགས་འཕྲུལ༔ ཞི་བྱེད་དཀར་པོ་དུང་གི་ཕྲེང་བ་ཅན༔ སྡུག་བསྔལ་ཉེར་འཚེའི་གདུང་བ་སེལ་བར་བྱེད༔ རྒྱས་མཛད་གསེར་མདོག་གཏེར་གྱི་བུམ་བཟང་ཅན༔ འདོད་ཡོན་དཔག་བསམ་ཐམས་ཅད་སྤེལ་ཞིང་བསྐྱེད༔ དབང་སྡུད་དམར་པོ་ལྕགས་ཀྱུ་ཞགས་པ་ཅན༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བྱེད༔ ཁྲོ་གཏུམ་སྔོ་སྐྱ་སྤུ་གྲི་ཞགས་པ་ཅན༔ དྲག་ཤུལ་སྟོབས་ཀྱིས་དགྲ་བགེགས་ལོག་འདྲེན་སྒྲོལ༔ འཇིག་རྟེན་དྲག་ཤུལ་སྟོབས་ལྡན་ཀུན་གྱི་རྗེ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཁྱོད་ལ་བསྟོད༔ དེ་ལྟར་ཁྱོད་ཉིད་ཡིད་ལ་དྲན་བྱས་ནས༔ བསྟོད་ཅིང་བསྔགས་པ་བརྗོད་པའི་ཡོན་ཏན་གྱིས༔ སྐད་ཅིག་འབྲལ་བ་མེད་པར་སྲུང་སྐྱོབ་ལ༔ བཀྲ་ཤིས་དགེ་ལེགས་ཡོན་ཏན་ཐམས་ཅད་ཀུན༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིིལ་གནོན་གྱི༔ དངོས་གྲུབ་སྩོལ་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ མཐའ་ཡི་དམག་དང་ཕྱི་རོལ་ཀླ་ཀློའི་སྡེ༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ མེ་སྟག་ཆུ་ཡིས་བསད་པ་བཞིན་དུ་རློག༔ ལྟ་ལོག་མུ་སྟེགས་བསྟན་དགྲའི་སྡེ་དང་དཔུང་༔ འབྲུ་དྲུག་སེར་བས་བཅོམ་བཞིན་བརླག་མཛོད་ཅིག༔ གསང་བདག་ཕྱག་ན་རྡོ་རྗེའི་ཐ་ཚིག་ཡིན༔ ལྷ་ཡི་བླ་མ་ཁྱོད་ལ་གཏའ་རུ་བཙུག༔ ཧཱུྃ་བཛྲ་སཏྭ་ཧཱུྃ༔ ཧཱུྃ་བཛྲ་ཕཊ༔ དེ་ནས་སྔགས་ཀྱི་དམིགས་གནད་ནི༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར་དེའི་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་ཐམས་ཅད་སྔགས་འདི་ཁོ་ནར་གྱུར་ནས་བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་ཅི་བསམ་པའི་དོན་སྒྲུབ་ཅིང་ཅི་བསྒོ་བའི་བཀའ་ཉན་པར་བསྒོམ་ལ་བཟླས་པར་བྱའོ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾ་ཧྲཱིཾ་ཕེཾ་ཛཿ ཅེས་པའི་འབོད་སྔགས་ཅི་འགྲུབ་བཟླས༔ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཁམས་གསུམ་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་ཀློང་ཆེན་པོར་འདུས་ཤིང་དབང་བསྒྱུར་བར་བསམ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾ་ཧྲཱིཾ་སརྦ་སིདྡྷི་ཧཱུྃ༔ ཞེས་བསྙེན་པ་ཅི་མང་བཟླས༔ སྐྱེ་འགྲོ་ཕོ་མོ་དབང་སྡུད་ན༔ ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲཱིཾ་ཧྲཱིཾ་ཨ་ནྲྀ་ཨ་ཀཪྴ་ཡ་ཛ་ཛཿ དེ་ནས་ནོར་དབང་དུ་སྡུད་པ་ལ༔ རྩ་སྔགས་མཐར༔ སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་དབང་དུ་སྡུད་པ་ལ༔ རྩ་སྔགས་མཐར༔ སརྦ་ཁ་དྷེ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་བསྙེན་སྒྲུབ་བྱེད་པའི་ཚེ༔ དང་པོ་འབོད་རྟགས་འདི་ལྟ་སྟེ༔ མངོན་སུམ་ལྷ་ཆེན་མཐོང་བ་དང་༔ རྨི་ལམ་དག་སྣང་འབྱུང་བ་དང་༔ ཡང་ན་སྐྱེས་པ་བུད་མེད་ནི༔ གཟུགས་བཟང་ངམ་ནི་སྟོབས་ལྡན་ཞིག༔ རང་ལ་བརྩེ་ཞིང་གདུང་སེམས་ཀྱིས༔ ཟླ་གྲོགས་བྱེད་དམ་མཐུན་རྫས་སྟེར༔ བཀུར་སྟི་ཞབས་ཏོག་བྱེད་རྨིས་དང་༔ བོས་པའི་མགྲོན་པོ་སླེབས་པ་སོགས༔ བྱུང་ན་བསྙེན་པ་དག་ལ་འབད༔ དེ་ལྟས་ཉི་ཟླ་ཤར་བ་དང་༔ གྲོགས་བཟང་བསྟེན་ནས་ཡུལ་ས་འཛིན༔ ལོ་ཐོག་འབྲུ་དྲུག་རྒྱས་པ་དང་༔ མཚོན་ཆ་བཟང་པོ་རྙེད་པའམ༔ རང་ལ་ཡོད་པ་བྱུང་བའི་ཚེ༔ སྐྱེ་འགྲོ་དབང་དུ་སྡུད་པའི་རྟགས༔ མི་མང་འདུ་འམ་ཁྲོམ་ཚོགས་དང་༔ རང་ལ་གུས་འདུད་དབང་ཞུའམ༔ བཀུར་སྟི་བྱེད་དམ་བྲན་འབངས་བྱེད༔ ཟས་ནོར་ལོངས་སྤྱོད་འདུ་བའི་རྟགས༔ ཚོགས་ཆེན་འདུ་ཞིང་བྱ་ཆེན་འབབ༔ ཁང་ཁྱིམ་ཟས་ནོར་ལོངས་སྤྱོད་ཀྱིས༔ གང་ཞིང་རྐང་འགྲོ་འདུ་བ་དང་༔ ལུས་ལ་མཛེ་བྱུང་ཡང་ན་ནི༔ མི་གཙང་འདམ་གྱིས་གོས་པ་རྨིས༔ དེ་དག་ལོངས་སྤྱོད་འདུ་བའི་རྟགས༔ མི་ཆེན་དགྲར་ལང་སྲོག་ཆགས་འཚེ༔ ཟས་ནོར་གཞན་གྱིས་སྤྱོད་པ་དང་༔ འབྱུང་ལྔའི་འཇིགས་པས་འཚེ་བྱུང་སོགས༔ བྱུང་ན་འཁུ་བས་སྲོག་གཟེར་འབད༔ བསྐང་གསོལ་འབད་ཅིང་སྒབ་འདྲེན་མནན༔ གཞན་ལ་སློང་མོ་བྱེད་པ་དང་༔ ཡུལ་ལ་རེ་སྐམ་ཆེ་བ་དང་༔ འབྱོར་སྟོབས་ཉམས་པ་སོགས་བྱུང་ན༔ མཆོད་སྦྱིན་དག་ལ་འབད་པར་བྱ༔ མདོར་ན་དངོས་སམ་ཉམས་མིན་པའི༔ རྨི་ལམ་བྱུང་ན་སད་མ་ཐག༔ སེམས་ལ་མི་བདེའི་ཟུག་རྔུ་ཞིག༔ མཆིས་ན་བཟང་པོ་ལྟར་རྨིས་ཡང་༔ ངན་པའི་ལྟས་མཚན་ཤས་ཆེ་སྟེ༔ བསྐང་གསོལ་དམ་བསྒྲགས་བསོད་ནམས་བསགས༔ སད་དུས་སེམས་བདེ་ཤེས་པ་དགའ༔ མལ་ས་འཇམ་ཞིང་ལུས་བདེ་ན༔ ངན་པ་ལྟར་དུ་བྱུང་ན་ཡང་༔ བཟང་པོའི་ལྟས་སུ་ལེགས་སྲིད་པས༔ ཤེས་ནས་རེ་དོགས་མཆོག་འཛིན་དང་༔ གཞན་ལ་སྨྲ་སོགས་སྤངས་ནས་བཞག༔ འདི་བསྒྲུབས་སྐལ་བཟང་སྐྱེས་བུ་རྣམས༔ ལོངས་སྤྱོད་ཆེ་ཞིང་དཔའ་ཟིལ་དང་༔ དབང་སྡུད་ལ་སོགས་ཡོན་ཏན་འཐོབ༔ དུས་ངན་བསྐལ་པའི་ཐ་མ་ལ༔ འདི་ནི་བཀའ་སྲུང་ཀུན་ལས་ལྷག༔ འགྲུབ་ན་བསྐལ་ངན་ཡོ་ལང་འཇོམས༔ ཡུལ་དེར་བདེ་སྐྱིད་ཕུན་སུམ་ཚོགས༔ ནད་མུག་མཚོན་འཁྲུགས་ཐམས་ཅད་གཞོམ༔ ཡུལ་དེར་བཙན་ཕྱུག་འཕན་དར་རྒྱས༔ འདི་ནི་ཡིད་བཞིན་ནོར་བུའམ༔ དཔག་བསམ་ཤིང་དང་འདོད་འཇོ་བཞིན༔ ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན༔ ད་ལྟའི་འབྲོག་བན་ཁྱེའུ་ཆུང་༔ སྐྱེ་ཕྲེང་དུ་མར་བརྒྱུད་པའི་མཐར༔ ཁྲག་འཐུང་རྡོ་རྗེ་ཁྲོ་བོ་ལོད༔ ལྟ་ལོག་བདུད་ཀྱི་གཉེན་པོར་བཞེངས༔ སྐྱེས་བུ་དེ་དང་འཕྲད་པར་ཤོག༔ བཀའ་སྲུང་རྡོ་རྗེ་ལེགས་པས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་རང་སློབ་དམ་པ་བསོད་ནམས་བཀྲ་ཤིས་དང་བློ་བཟང་རྡོ་རྗེ་གཉིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའོ། །དགེའོ། །དགེའོ།། དགེའོ།། །། ༁ྃ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིང་ཛཿཨཿནྲྀཿཏྲིཿབ་སུ་རཏྣ་ཁ་དྷེ་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཧོཿ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིང་ཧཿརིཿནིཿསཿཔཱ་ཤཾ་ཀུ་རུ་ཧོཿ སུ་ཏྲི་མ་ཡ་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཏེར་ཆེན་རིན་པོ་ཆེའི་ཞལ་རྒྱུན་ལྟར་ལགས་སོ།། །།