ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་སྒོས་སྒྲུབ་ཡིད་བཞིན་གཏེར་མཛོད༔

From Dudjom Wiki
Revision as of 13:55, 7 January 2026 by Mort (talk | contribs)

TTDL-ZABTER-09-TA-013
Wylie title zab gsang mkha' 'gro'i snying thig las: dam can rdo rje legs pa'i sgos sgrub yid bzhin gter mdzod: TTDL-ZABTER-09-TA-013.pdf
Location bdud 'joms gling pa zab gter
Volume 9, Text 13, Pages 65-75 (Folios 1a1 to 6a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dam can rdo rje legs pa'i sgos sgrub yid bzhin gter mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 65-75. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgos sgrub   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའོ།།

zhes pa 'di khrag 'thung bdud 'joms rdo rjes gter nas bton te mi lo nyer lnga'i bar du bka' rgya byas mthar rang slob dam pa o rgyan rdo rjes bskul ngor lha lung nor bu'i gling du gtan la phab pa'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་སྒོས་སྒྲུབ་ཡིད་བཞིན་གཏེར་མཛོད་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་སྙིགས་མ་ལ༔ པདྨ་འབྱུང་གནས་བརྒྱུད་འཛིན་རྣམས༔ དམ་ཅན་ཆེན་པོ་བསྒྲུབ་བསྙེན་ནི༔ དང་པོ་བཅའ་གཞིའི་རིམ་པ་ནི༔ མཁར་ཐབས་དམར་ནག་བརྩེགས་གསུམ་པའི༔ རྩེ་ལ་གསེར་གྱི་ཏོག་ཀྱང་བཙུགས༔ ཕྱོགས་བཞིར་དར་དང་རས་ཀྱིས་བརྒྱན༔ སྟེང་མར་དམར་གཏོར་བརྒྱད་ཀྱིས་བསྐོར༔ བར་དང་འོག་མར་ཡང་དེ་བཞིན༔ ཡང་ན་དམར་གཏོར་ཆེ་བ་ལ༔ གཏོར་མ་ཆུང་བ་བཅུ་གཉིས་བསྐོར༔ དེ་ལ་ར་ཡི་རྒྱལ་མཚན་བཙུགས༔ ར་ཤ་ཁྲག་གིས་བརྒྱན་པར་བྱས༔ དར་ཟབ་རས་ཟབ་སྣ་ཚོགས་བརྒྱན༔ ཡང་ན་འབྱོར་བ་མི་ལྡན་པས༔ སྲོག་འཁོར་རྟེན་དུ་བཙུགས་པ་ལ༔ མཆོད་པའི་ཡོ་བྱད་འབྱོར་ཚོགས་བཤམས༔ ས་མ་ཡ༔ དམ་ཚིག་གཉན་པོའི་སྲོག་འཛིན་པའི༔ སྐལ་བཟང་དག་གི་སྲུང་མ་ལགས༔ དེ་ཕྱིར་ཉམས་ཆག་བསྐང་བཤགས་འབད༔ སྔགས་པས་དམ་སྲུང་དགེ་བཙུན་པས༔ སྡོམ་པ་ལ་གནས་གནད་དུ་ཤེས༔ དེ་ལྟར་གནད་དང་ལྡན་པ་ན༔ མི་འགྱངས་མྱུར་དུ་ངེས་པར་འགྲུབ༔ བསོད་ནམས་ལོངས་སྤྱོད་དཔལ་རྒྱས་ཕྱིར༔ དང་པོ་ཚོགས་མཆོད་མང་པོ་བྱ༔ སྒྲུབ་པའི་སྙིང་པོ་སྔགས་ཡིན་ཕྱིར༔ སྔགས་གྲངས་བསྐྱར་བ་མཆོག་ཏུ་ཤིས༔ སྒྲུབ་ཚེ་ཆུད་མི་ཟ་བའི་གནད༔ བསྐྱེད་རིམ་དམིགས་པའི་གནད་དུ་ཟུངས༔ ས་མ་ཡ༔ ཨོཾ་སྭ་བྷཱ་ཝ༴ བདག་ཡི་དམ་གྱི་ཐུགས་ཀ་ནས་ཡི་གེ་བྷྲཱུྃཿགཅིག་སྤྲོས་པ་ལས་མདུན་གྱི་ས་གཞི་རབ་ཏུ་མཛེས་ཤིང་ཁྱོན་ཡངས་པ་ངོས་འཇམ་ཞིང་མེ་ཏོག་སྣ་ཚོགས་པས་བརྒྱན་པའི་དབུས་སུ་དུར་ཁྲོད་རབ་ཏུ་འཇིགས་པའི་གནས་མཆོག་ཏུ་ཟངས་ལྕགས་འདྲེས་པའི་ཕོ་བྲང་རྒྱ་ཆེ་ལ་བཀོད་ལེགས་པ་དབྱིབས་མཛེས་ཤིང་འོད་དང་མེ་དཔུང་གཡོ་བའི་ཀློང་དུ༔ བདག་ཉིད་དྲག་པོའི་ཐུགས་ཀ་ནས་ཡི་གེ་ཏྲིཿདམར་ནག་གཅིག་སྤྲོས་ནས་བབ་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ལ་མཉེས་པའི་མཆོད་པ་འབུལ༔ གཟི་བྱིན་ནུས་སྟོབས་ཐམས་ཅད་བསྡུས་ཏེ་ཏྲིཿལ་ཐིམ༔ ཡང་འོད་ཟེར་དཔག་ཏུ་མེད་པ་ཕྱིར་འཕྲོས་ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ག་བུར་རླུང་ལ་དེངས་པ་བཞིན་དུ་འོད་དེ་ལ་དེངས་ནས་འདུས་ཏེ་ཏྲིཿལ་ཐིམ༔ ཡང་འོད་ཟེར་རབ་ཏུ་སྤྲོས་པས་བདག་ཉིད་ཚེ་རབས་ལས་ཀྱི་སྲུང་མ་རྣམས་ཀྱང་འོད་དུ་འདུས་ཏེ་ཐིམ་པ་ལས༔ དམ་ཅན་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་སེང་གེ་དཀར་མོ་ལ་བཅིབས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཀླད་ལ་བསྐོར་ཐབས་སུ་བསྣམས་པས་སྣང་སྲིད་དབང་དུ་བསྡུས་ཤིང་དགྲ་བགེགས་ཀྱི་མགོ་བོ་ཚལ་པ་བརྒྱ་རུ་གཏོར་བ༔ ཕྱག་གཡོན་པས་དགྲ་བགེགས་གདུག་པ་ཅན་གྱི་དོན་སྙིང་དམར་ཙ་རེ་འདྲེན་ཞིང་ཞལ་དུ་གསོལ་བ༔ སྐུ་ལ་བེར་དམར་དབུ་ལ་སག་ཞུ་དང་ཞབས་ལ་སག་ལྷྭམ་གསོལ་བ༔ ཁྲོ་གཏུམ་འཇིགས་རྔམས་ལྟར་མི་བཟོད་པ་སྤྱན་གསུམ་དམར་ཟླུམ་དུ་འཁྲིགས་ཤིང་སྤྱན་རྩ་ལས་གློག་དམར་འཁྱུགས་པ༔ ཁྲོ་གཉེར་ལས་མུན་པ་འཁྲིགས་ཤིང་ཁ་རླངས་ལས་སྐྱི་སེར་གཡོ་བ༔ སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གཟའ་སྐར་འཁྲུགས་པ་སྙན་ཆ་གསེར་ལས་བྱས་ཤིང་མི་མགོ་ཕྲེང་བས་སེ་རལ་བྱས་པ༔ སྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་ཅིང་སྤུ་གྲི་རེག་ན་གཅོད་པའི་རལ་གྲི་སྐེད་སྔོན་ལ་བསྟན་པ༔ ཟངས་སྒ་ལ་སྦྲུལ་ནག་གི་གློ་གོང་བྱས་པ༔ ཡིད་བཞིན་གྱི་ནོར་བུའི་དྲྭ་ཕྱེད་ཀྱིས་སེང་ལྕམ་ལ་རབ་ཏུ་བརྒྱན་པར་བསྐྱེད་དོ༔ གཡས་སུ་ཕ་མོན་པ་ནག་པོ་རིན་ཆེན་དུང་གི་རྣ་ཆ་ཅན༔ གཡས་མདུང་དར་ནག་པོ་ཕྱར་ཞིང་གཡོན་པས་གློག་ཞགས་འཛིན་པ་རྟ་ནག་གྭ་པ་ལ་ཆིབས་ཤིང་མོན་པ་སྟོང་གིས་བསྐོར་བ༔ གཡོན་དུ་མ་མོན་མོ་ནག་མོ་གཡས་གནམ་ལྕགས་ཀྱི་ཤང་ལང་དང་གཡོན་གློ་སྙིང་དྲོན་མོ་བསྣམས་ནས་ཤ་བ་ལ་ཞོན་པ་མོན་མོ་ཁྲག་གི་རལ་པ་ཅན་སྟོང་གིས་བསྐོར་བ༔ གཉིས་ཀའི་སྐུ་ལ་མི་ལྤགས་ཀྱི་སྨད་དཀྲིས་གསོལ་བའོ༔ མདུན་དུ་ཡུམ་ཀོང་བཙུན་དེ་མོ་དམར་མོ་གཡས་པས་ལྕགས་ཀྱུ་དང་གཡོན་པས་མེ་ལོང་འཛིན་པ་འབྲོང་གཡག་བྲེ་བཙུན་ལ་བཅིབས་པ༔ འཁོར་སྨན་ཕྲན་སྟོང་གིས་བསྐོར་བ༔ དེ་མཐར་ཨ་ཙ་ར་དང་མགར་བ་དང་བཙན་དམག་དང་སྡེ་བརྒྱད་ཀྱི་ཚོགས་ཐམས་ཅད་ཀྱིས་བསྐོར་ནས་ལྷ་མིའི་ཁྲོམ་ཚོགས་པ་ལྟ་བུར་བདག་གི་བཀའ་ཉན་ཅིང་གསུང་སྡོད་པར་བསྒོམ༔ དེ་ལྟར་གསལ་བའི་གནས་གསུམ་དང་ཐུགས་སྲོག་ཏྲིཿལས་འོད་ཟེར་འཕྲོས་པས་དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་སྤྱན་དྲངས་ལ་བསྟིམ་མོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ༔ དམ་ཅན་རྡོ་རྗེ་ལེགས་པ་ནམ་མཁའ་ལ་སེང་ཞོན་གྱི་སྡེ་ཚོགས༔ བར་སྣང་ལ་བྱ་ཞོན་གྱི་སྡེ་ཚོགས༔ ས་གཞི་ལ་ར་ཞོན་གྱི་སྡེ་ཚོགས༔ ཕ་མོན་པ་ནག་པོའི་སྡེ་ཚོགས༔ མ་མོན་མོ་ནག་མོའི་སྡེ་ཚོགས༔ བུ་དམ་ཅན་ཆེན་པོ༔ བཙན་རྒོད་ཆེན་པོ༔ དགྲ་ལྷ་ཆེན་པོ༔ ཚོང་ལྷ་ཆེན་པོ༔ དམག་དཔོན་ཆེན་པོ༔ ཨ་ཇོ་ཆེན་པོ༔ ཇག་དཔོན་ཆེན་པོ༔ ནོར་ལྷ་ཆེན་པོ༔ བཀའ་སྲུང་ཆེན་པོ༔ སྲོག་བདུད་ཆེན་པོ༔ མགར་བ་ཆེན་པོ༔ ཐེའུ་རང་ཆེན་པོ༔ རྒྱུག་བྱེད་ཆེན་པོ༔ མྱུར་མགྱོགས་ཆེན་པོ༔ ཡུལ་ལྷ་ཆེན་པོ༔ གཙུག་ལག་ཁང་གི་སྲུང་མ༔ དུར་ཁྲོད་ཆེན་པོའི་ཞིང་སྐྱོང་༔ གནམ་ས་དང་གཙང་ཆབ་ཕྱེད་ཀྱི་བདག་པོ༔ རིག་འཛིན་བརྒྱུད་པའི་སྲོག་ཤིང་༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༔ བསྟན་དགྲའི་སྲོག་གི་ཤན་པ་ཆེན་པོ་ཁྱོད་འཁོར་དང་བཅས་པ༔ དུར་ཁྲོད་བསིལ་བ་ཚལ་ན་བཞུགས་སམ༔ རྩུབ་འགྱུར་ཚལ་ན༴ རྒྱ་གར་རྡོ་རྗེ་གདན་ན༴ མ་ལ་ཡ་ན༴ ན་ལེནྡྲ་ཡི་གཙུག་ལག་ཁང་ན༴ བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན༴ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་ན༴ དབུ་རུ་ཞྭ་ཡི་ལྷ་ཁང་ན༴ འོ་ཡུག་ཤང་གི་བྲེ་མོ་ན་བཞུགས་སམ༔ གཞན་ཡང་རི་རབ་གླིང་བཞི་སྣང་སྲིད་གང་ན་བཞུགས་ཀྱང་༔ སྟོན་པ་ཤཱཀྱ་ཐུབ་པ་གསང་བདག་ཕྱག་ན་རྡོ་རྗེ་ཨོ་རྒྱན་པདྨ་འབྱུང་གནས་ལ་སོགས་པའི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བཀའ་ལུང་དམ་ཚིག་གཉན་པོ་དཔང་དུ་བཙུག་གོ༔ གཏའ་རུ་བཞག་གོ༔ རྒྱབ་བསྟེན་དུ་བྱས་ནས་ཁྱོད་འབོད་དོ༔ སྤྱན་འདྲེན་ནོ༔ དབྱིངས་ནས་བསྐུལ་ལོ༔ ནམ་མཁའི་སྤྲིན་དཔུང་བཞིན་དུ་གཏིབ་ལ་བྱོན་ཅིག༔ བར་སྣང་བྱ་ཚོགས་བཞིན་དུ་འཐིབ་ཅིང་བྱོན་ཅིག༔ ས་གཞིའི་བུ་ཡུག་བཞིན་དུ་འཚུབས་ཤིང་གཤེགས་ཤིག་བྱོན་ཅིག༔ མ་འགྱངས་མ་གཡེལ་མ་བུལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿ ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ ཛཿཧཱུྃ་བཾ་ཧོཿ སྟྭཾ་སྟྭཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ བསྭོ༔ བསྙེན་ཅིང་བསྒྲུབ་པའི་དཀྱིལ་འཁོར་འདིར༔ བསྐྱེད་ཅིང་བསྒོམ་པའི་ལྷ་འདི་དང་༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ སྐད་ཅིག་མི་འབྲལ་སྲུང་མར་བཞུགས༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་མངའ་གསོལ་ལ༔ བསྭོ༔ དཀོན་མཆོག་གསུམ་པོར་སྐྱབས་མཆི་ཞིང་༔ བཀའ་དམ་གཉན་པོར་དཔང་བཙུགས་ནས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ བདག་གི་སྲུང་མར་མངའ་གསོལ་ལོ༔ བཛྲ་ས་མ་ཡ༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ནས༔ སངས་རྒྱས་ཆོས་ཀྱི་སྲུང་མ་ཆེ༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ན་མོ་ས་མ་ཡ་ཧོཿ དེ་ནས་སྙན་གསན་དབབ་པ་ནི༔ ཧོཿ བཀའ་སྲུང་གཉན་པོ་སྙན་གསོན་ཅིག༔ བདག་གི་མི་ནོར་ལོངས་སྤྱོད་འཁོར༔ གཏད་དོ་གཉེར་རོ་ཁྱེད་ལ་བཅོལ༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ སྲོག་གི་འཁོར་ལོའི་རྟེན་ལ་བཞུགས༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ བཛྲ་ས་དྷུ་ས་མ་ཡ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཕྱེ་མར་བཤོས་སྐྱེམས་མཆོད་པ་འབུལ༔ གཡག་ལུག་ར་ཡི་མཆོད་པ་འབུལ༔ ར་ཤ་ཁྲག་དང་ར་གསུར་དང་༔ ར་ལྤགས་རྒྱལ་མཚན་དར་སྣ་ཚོགས༔ ཕྱི་ནང་མཆོད་པའི་བྱེ་བྲག་ཀུན༔ རྡོ་རྗེ་ལེགས་པའི་ཚོགས་ལ་འབུལ༔ སྤྲུལ་འཁོར་ཡང་འཁོར་དང་བཅས་མཆོད༔ ཨརྒྷཾ་པཱདྱཾ༴ རཱུ་པ་ཤབྡ་གནྡྷེ་རཱ་ས་སྤཪྴེ་དྷརྨ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་དྷཱུཥྤེ་པྲ་ཏཱིཙྪ་ཧོཿ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་དམ་ཚིག་གིས༔ དམ་ཅན་རྡོ་རྗེ་ལེགས་པ་ལ༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ རྣལ་འབྱོར་བདག་གི་སྲུང་མ་མཛོད༔ མངོན་སུམ་ཉམས་སམ་རྨི་ལམ་ན༔ ཞལ་སྟོན་ལེགས་ཉེས་སྨྲ་བ་དང་༔ ཆོས་སྲིད་མངའ་ཐང་སྤེལ་ཞིང་བསྐྱེད༔ ཡིད་ལ་འདོད་པའི་དོན་ཀུན་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་བསྭོ༔ བན་དང་བོན་གྱི་སྲུང་མ་ཆེ༔ ཆེ་བཙན་གནམ་སའི་ཕྱེད་ཆ་དབང་༔ མྱུར་མགྱོགས་བར་སྣང་གློག་ལས་མྱུར༔ དྲག་རྩལ་ནམ་མཁའི་ཐོག་ལས་ཆེ༔ དམ་ཚིག་ཅན་ལ་བུ་ལྟར་སྐྱོང་༔ དམ་ཉམས་སྲོག་གི་གཤེད་པོ་སྟེ༔ དུར་ཁྲོད་ཡོངས་ཀྱི་བདག་པོ་མཛད༔ གཙུག་ལག་ཆོས་འཁོར་ཡོངས་ལ་དབང་༔ ས་གནས་སྒྲུབ་གྲལ་ཀུན་ཏུ་རྒྱུ༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་བསྐུལ་ནི༔ ཧོཿ རྡོ་རྗེ་ལེགས་པ་འཁོར་དང་བཅས༔ བསྐུལ་ལོ་སྣང་སྲིད་ཀུན་ནས་བསྐུལ༔ བསྙེན་ནོ་སྒྲུབ་བོ་ད་ཚུར་བྱོན༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ སྐྱེས་བུ་རྡོ་རྗེ་ལེགས་ལ་ཁྱོད༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ མི་ཆེན་སྐྱེས་མཆོག་ཆས་ཚུལ་དུ༔ བདག་གི་མདུན་སར་མཆིས་པར་མཛོད༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དེ་ནས་འཛབ་དམིགས་ནི༔ རང་ཉིད་ཡི་དམ་དྲག་པོའི་མདུན་དུ་དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་གསལ་བའི་ཐུགས་ཀར་འོད་ཀྱི་གོང་བུ་དཀར་དམར་ཕྱེད་སྦྱོར་ཐིག་ལེའི་ཁོང་གསེང་དུ་ཡི་གེ་ཏྲིཿདམར་ནག་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ༔ ཨོཾ་ཏྲི་བཛྲ་ས་དྷུ་ས་མ་ཡ་ཧཱུྃ་ཛཿ ཞེས་བཟླ༔ དེ་ནས་འབོད་སྔགས་ལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿདེ་ནས་རྦད་སྔགས་ལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཆོ་ཆོ་རྒྱུག་རྒྱུག་དགྲ་ལ་རྦད༔ དེ་ནས་བསད་སྔགས་ལ༔ ཏྲི་བཛྲ་ས་དྷུ་ས་མ་ཡ་དགྲ་བོའི་བླ་སོད༔ སྲོག་སོད༔ དབུགས་སོད༔ མཱ་ར་ཡ་ཧུར་ཐུམ་སོད༔ དེ་ལྟར་བསྐྱེད་པའི་གནད་ལྡན་ཞིང་༔ བཟླས་པ་བར་མ་ཆད་པར་བྱ༔ བར་བར་བསྐང་དང་གསོལ་མཆོད་འབད༔ དེ་ཡིས་མངོན་སུམ་བྲན་དུ་ཁོལ༔ དགྲ་བགེགས་མ་ལུས་སྒྲོལ་བར་ནུས༔ བཀྲ་ཤིས་བསོད་ནམས་དཔལ་རྒྱས་འགྱུར༔ བཀའ་འདི་བཙན་བདུད་ཆེན་པོར་བཅོལ༔ ཐུབ་པར་སྲུངས་ཤིང་ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་ལྷ་ལུང་ནོར་བུའི་གླིང་དུ་གཏན་ལ་ཕབ་པའོ།།