DJYD-KABUM-10-THA-007

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-10-THA-007
Wylie title DJYD-KABUM-10-THA-007.pdf
Location bdud 'joms rin po che bka' 'bum
Volume 10, Text 7, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། (དཔལ་ཆེན་ཕུར་བུའི་ཚོགས་ཀྱི་མཆོད་པ་དང་འབྲེལ་བར་བསྐང་བ་བྱ་བ་ནི། བདུད་རྩི། རཀྟ། མར་མེ། ཛ་གད། མཱཾ་ས། ཚེ། ཟླ་རྒྱས། བམ་གཙང་མ། གསུར་ཆེན། བཟའ་བཅའ་སྣ་ཚོགས་དང་བཅས་བཤམས་ཤིང་ཐོགས་ཏེ་རོལ་མོ་དབྱངས་དང་བཅས་པས།) ཧཱུཾ༔ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཁམས་གསུམ་འཁོར་བ་རྒྱས་འདེབས་ཕྱིར༔ འཁོར་ལོ་རྒྱས་འདེས་ཐུགས་དམ་བསྐང་༔ མི་དགེ་བཅུ་པོ་ཚར་གཅོད་ཕྱིར༔ ཁྲོ་རྒྱལ་ཡབ་བཅུའི་ཐུགས་དམ་བསྐང་། དགེ་བཅུ་དང་དུ་བླང་བའི་ཕྱིར༔ ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་༔ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང་། གདུག་པའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ སྲས་མཆོག་ཉེར་གཅིག་ཐུགས་དམ་བསྐང་༔ ཞི་རྒྱས་དབང་དྲག་ལས་སྒྲུབ་ཕྱིར༔ ཕྲིན་ལས་བཞིའི་ཐུགས་དམ་བསྐང་༔ སློབ་དཔོན་སྐུ་དགྲ་སྒྲོལ་བའི་ཕྱིར༔ ཤྭ་ན་མཆེད་བཞིའི་ཐུགས་དམ་བསྐང་༔ བསྟན་པའི་སྤྱི་དགྲ་སྒྲོལ་བའི་ཕྱིར༔ རེ་ཏཱི་མཆེད་བཞིའི་ཐུགས་དམ་བསྐང་༔ རྣལ་འབྱོར་སྒོས་དགྲ་སྒྲོལ་བའི་ཕྱིར༔ བསྭེ་མོ་བཞིའི་ཐུགས་དམ་བསྐང་༔ མྱུར་མགྱོགས་དྲག་པོའི་ལས་མཛད་ཕྱིར༔ བསྭེ་ལྕགས་དུང་གསུམ་ཐུགས་དམ་བསྐང་༔ འགུགས་(1བ)འདྲེན་འཆིང་སྡོམ་མྱོས་བྱའི་ཕྱིར༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ རུ་དྲ་སྡེ་གསུམ་འདུལ་བའི་ཕྱིར༔ གིང་ཆེན་བཅོ་བརྒྱད་ཐུགས་དམ་བསྐང་༔ ཕྱོགས་བཅུར་དམག་དཔུང་དབབ་པའི་ཕྱིར༔ མ་བདུན་སྲིང་བཞིའི་ཐུགས་དམ་བསྐང་༔ ཕྲིན་ལས་རྒྱ་མཚོ་སྒྲུབ་པའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། (ཞེས་དང་གཞན་ཡང་།) བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ བ་ལིཾ་གཏོར་མས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཞལ་གྱིས་ཐུགས་དམ་བསྐང་༔ ཛ་གད་ཕུད་ཀྱིས་ཐུགས་དམ་བསྐང་༔ ཞུན་ཆེན་མར་མེས་ཐུགས་དམ་བསྐང་༔ སྲོག་དབུགས་མདངས་ཀྱིས་ཐུགས་དམང་བསྐང་༔ གསུར་ཆེན་དྲི་ཡིས་ཐུགས་དམ་བསྐང་༔ རོལ་མོ་སྒྲ་ཡིས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གཡར་དམ་གཉན་པོ་སོར་སྩོལ་ཅིག༔ (དེ་ནས་རྫས་རྣམས་བཞག་སྟེ་སྒོའམ་ཕྱིར་ཟློག་ཏུ་ཐལ་མོ་བརྡབ་ཅིང་།) དེ་ལྟར་བསྐང་བས་བསྐང་གསོས་ནས༔ འདི་ལྟར་བཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་(2ན)གཡོས་ཕྱིར་ལ་ཟློག༔ མས་ཀྱི་སྲི་ལངས་ཕྱིར་ལ་ཟློག༔ ཉེ་བའི་བྱོལ་པོ་ཕྱིར་ལ་ཟློག༔ ཡུལ་པའི་འགྲིམ་ཆགས་ཕྱིར་ལ་ཟློག༔ ཕ་ཚན་རྒྱབ་འདྲེ་ཕྱིར་ལ་ཟློག༔ མ་བུའི་བྱུར་འདྲེ་ཕྱིར་ལ་ཟློག༔ གཤིན་རྗེའི་འཁྲུལ་འཁོར་ཕྱིར་ལ་ཟློག༔ མ་མོའི་ཁྲག་ཟོར་ཕྱིར་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་ཕྱིར་ལ་ཟློག༔ བཙན་གྱི་གཟེར་ཁ་ཕྱིར་ལ་ཟློག༔ ས་བདག་དུག་བྱེད་ཕྱིར་ལ་ཟློག༔ རྒྱལ་པོའི་སྨྱོ་འབོག་ཕྱིར་ལ་ཟློག༔ གཟའ་ཡི་ཀིང་ཀང་ཕྱིར་ལ་ཟློག༔ མུ་སྟེག་ངན་སྔགས་ཕྱིར་ལ་ཟློག༔ ཐེ་བྲང་སྲིས་རྐུན་ཕྱིར་ལ་ཟློག༔ ནད་ཁ་རིམས་ཁ་ཕྱིར་ལ་ཟློག༔ སྔགས་པའི་ཕུར་ཁ་ཕྱིར་ལ་ཟློག༔ བོན་གྱི་བོན་ཟོར་ཕྱིར་ལ་ཟློག༔ སུམ་པའི་གླང་ཟོར་ཕྱིར་ལ་ཟློག༔ མེ་ཉག་འབོལ་ལེ་ཕྱིར་ལ་ཟློག༔ ལོ་ཟླ་ཞག་ཀེག་ཕྱིར་ལ་ཟློག༔ མོ་ངན་རྨི་ངན་ཕྱིར་ལ་ཟློག༔ ལྟས་ངན་མཚན་ངན་ཕྱིར་ལ་ཟློག༔ ཕོ་བརྒྱའི་མདའ་བདེ་མཚོན་ཁ་ཟློག༔ མོ་བརྒྱའི་དུག་གཡོས་ཟས་ཁ་བཟློག༔ མི་ནག་སྐྱེ་བོའི་ཡ་ག་ཟློག༔ བྲན་ཁོལ་ངན་པའི་དམོད་མཆུ་ཟློག༔ དགྲ་ལ་བྷྱོ་ལ་བསྒྲལ་དུ་གསོལ༔ བགེགས་ལ་བྷྱོ་ལ་རྡུལ་དུ་རློག༔ (ཅེས་བསྐང་ཟློག་དྲག་ཏུ་བྱ་སྟེ། འདི་ནི་ཚོགས་མཆོད་ཀྱི་ལེ་ལག་ཡིན་ནོ། །) ཤུ་བྷཾ།། །།