DJYD-KABUM-19-DZA-006

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-19-DZA-006
Wylie title DJYD-KABUM-19-DZA-006.pdf
Location bdud 'joms rin po che bka' 'bum
Volume 19, Text 6, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(139ན)ཨོཾ་སྭསྟི། རྣལ་འབྱོར་གསང་མཐའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། མ་རྒྱུད་སྙིང་པོ་དགྱེས་པ་རྡོ་རྗེ་ལ་བོད་ཀྱི་མཁས་པ་དག་ཡོངས་སུ་རྗོགས་པའི་ལུགས་བདུན། འགྲེལ་བྱེད་བཅུ་གཉིས་ཞེས་ཐ་སྙད་མཛད་པ་ལས། གངས་ཅན་གྱི་ལྗོངས་སུ་སྙན་གྲགས་དང་ཕྲིན་ལས་རྣམ་པར་གསལ་བས་རྔོག་གཉིས་ཀྱི་ལུགས་ཞེས་ཡོངས་སུ་གྲགས་པ་ལས། ཕྱི་མ་པཎ་ཆེན་ནཱ་རོའི་ལུགས་དགྱེས་མཛེས་དངོས་སྣང་མངའ་བདག་མར་པ་ཆོས་ཀྱི་བློ་གྲོས་ནས་བྱོན་པ་ལ་སྨིན་གྲོལ་བཤད་བཀའ་གསུམ་ལས། སྨིན་གྲོལ་གཉིས་ཇི་ལྟར་ཐོབ་པའི་ཚུལ་བཀའ་བརྒྱུད་སྔགས་མཛོད་ཆེན་མོའི་ཐོབ་ཡིག་ཏུ་གསལ་ཞིང་། འདིར་རྩ་བརྒྱུད་བརྟག་པ་གཉིས་པའི་བཤད་བཀའ་ཟབ་མོ་སྐལ་པ་བཟང་པོའི་དཔལ་དུ་ཐོབ་པ་ལ། ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལས། ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱིས་གསན་ཅིང་བཤད་པ་ལན་ཁ་ཤས་གནང་བ་ཡན་ཆད་སློབ་བཤད་ངེས་ཏིག་ཅན་གྱི་རྒྱུན་ཡིན་འདུག་ཀྱང་། བར་སྐབས་བཤད་པ་མ་འཁྱོངས་པར་བཤད་ལུང་ཙམ་དུ་གྱུར་པའང་རྒྱུན་ཆད་དུ་ཉེ་བས་རྗེ་བླ་མ་(139བ)ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཡོན་ཏན་རྒྱ་མཚོའི་ཞབས་ཀྱིས་འབད་པས་བཙལ་ཏེ་རྒྱུན་མི་ནུས་པར་བཤད་པ་ལན་མང་དུ་མཛད་པ་ལས། རྗེ་ཉིད་ཀྱིས་མཛད་པའི་སྤྱི་དོན་རྡོ་རྗེ་དྲྭ་བའི་རྒྱན། ཚིག་འགྲེལ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་བཅས་ཀྱི་སྟེང་ནས་སློབ་དཔོན་རྣམས་ཀྱི་ཕྱག་ལེན་བཞིན་གཏན་ལ་ཕབ་སྟེ་བཤད་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་ནཱ་རོ་པ། མར་པ་ལོ་ཙཱ། རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཀུན་དགའ་འོད་ཟེར། རྔོག་གཟི་བརྗིད་གྲགས་པ། རྔོག་རིན་ཆེན་བཟང་པོ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་དཔལ། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། རྒྱལ་ཚབ་གཅུང་། པདྨ་དཀར་པོ། བསྟན་པའི་ཉི་མ་དང་། ལྷ་དབང་བློ་གྲོས་གཉིས། བསྟན་པའི་རྒྱལ་མཚན། བསྟན་འཛིན་རྣམ་རྒྱལ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། རྗེ་བཅུ་གསུམ་པ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཀརྨ་ངག་དབང་རྒྱ་མཚོ། དཔལ་སྤུངས་མཁན་པོ་ཀརྨ་ཚེ་དབང་དཔལ་འབྱོར། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོའམ། ཀརྨ་(140ན)འཇམ་དབྱངས་བློ་གྲོས་རྒྱ་མཚོ། དེས་བདག་ཡེ་ཤེས་རྡོ་རྗེ་ལའོ། །

༈ ། འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་མདོ་སྡེ་རྣམས་ཀྱི་དགོངས་དོན་རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་མགོན་པོས་བསྩལ་བའི་བསྟན་བཅོས་ཆེན་པོ་རྒྱུད་བླ་མའི་བཤད་སྲོལ་ལ་རྗེས་དཔགས་རིག་པའི་འཆད་ཚུལ་དང་། མངོན་སུམ་ལམ་གྱི་བཤད་སྲོལ་ཏེ་རགས་པ་ཙམ་བུ་གཉིས་བྱུང་བ་ལས། འཁོར་ལོ་ཐ་མའི་མདོ་སྡེའི་བསྟན་དོན་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་འོད་གསལ་བའི་སེམས་ཉིད་གདོད་མའི་གནས་ལུགས་ཉིད་དོན་དམ་པར་ཡོད་པར་བཞེད་ནས་ཚུལ་འདིའི་ལམ་སྲོལ་ཐུན་མོང་མ་ཡིན་པའི་སེང་གེའི་སྒྲ་ཆེན་གངས་ཅན་འདིར་སྒྲོགས་པའི་ཤིང་རྟ་པ་ཀུན་མཁྱེན་རྟོན་པ་བཞི་ལྡན་ཡབ་སྲས། ཆོས་རྗེ་རང་བྱུང་ཞབས་སོགས་ནི་བཤད་སྲོལ་ཕྱི་མ་དེ་འཛིན་པའི་ཤིང་རྟ་ཆེན་པོ་ཡིན་ལ། ཚུལ་དེ་ལྟར་སླར་ཡང་གསལ་བར་སྟོན་པ་ཆོས་རྗེ་ཀུན་མཁྱེན་བླ་མའི་ཊཱི་ཀ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་ལྟར་ལེགས་པར་ཐོབ་པའི་བཤད་རྒྱུན་ནི། ཐུབ་པའི་དབང་པོ། རྒྱལ་ཚབ་ཆེན་པོ། འཕགས་པ་(140བ)ཐོགས་མེད། མཻ་ཏྲི་པ། པཎྜི་ཏ་སད་ཛ་ན། དེ་ལས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱད་པར་ལོ་ཙཱ་བ་ཆེན་པོ་གཟུ་(འདིའི་བརྒྱུད་པ་ཞིབ་ཆ་བྱས་ན་གངས་ཅན་མཁན་རབས་རྣམས་བགྲང་དགོངས་གསུང་། )བཙན་རྣམ་གཉིས་སོགས་ནས་བཤད་པ་དང་ཉམས་ལེན་ཚད་མར་གྱུར་པའི་རྒྱུན་ལས། ཕྱིས་སུ་ཞྭ་དམར་དཔལ་ཆེན་ཆོས་ཀྱི་དོན་གྲུབ། ཀུན་མཁྱེན། ཆོས་ཀྱི་འབྱུང་གནས། ཐུགས་སྲས་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ། རས་ཆུང་སྤྲུལ་པའི་སྐུ་ཤེས་རབ་རྒྱ་མཚོ། མཁས་དབང་ལྷ་ལུང་པ་ཀརྨ་བསྟན་འཕེལ། ལུང་རྟོགས་ཀྱི་དབང་ཕྱུག་མི་ཉག་ཆོས་རྒྱལ། ཐམས་ཅད་མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་བློ་གྲོས་མཐའ་ཡས། བླ་མ་བཀྲ་ཤིས་ཆོས་འཕེལ། ཁྱུང་སྤྲུལ་པདྨ་ཕྲིན་ལས་རྒྱ་མཚོའམ། ཀརྨ་འཇམ་དབྱངས་བློ་གྲོས་རྒྱ་མཚོ། དེས་བདག་ལའོ། །

༈ ། རྗེས་རང་བྱུང་རྡོ་རྗེས་མཛད་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་བསྡུས་པ། ཟབ་མོ་ནང་གི་དོན་གསལ་བར་བྱེད་པའི་གཞུང་གི་རྣམ་འགྲེལ་ཟབ་དོན་གསལ་བྱེད། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་འགྲེལ་པ་རང་བྱུང་དགོངས་(141ན)གསལ། རྣམ་ཤེས་ཡེ་ཤེས་འབྱེད་པའི་ཊཱི་ཀ་རང་བྱུང་དགོངས་རྒྱན་བཅས་དེ་དག་ཀུན་མཁྱེན་ཆོས་རྗེ་འཇམ་མགོན་བླ་མ་ཉིད་ཀྱིས་མཛད་པ་ལྟར་གྱི་བཤད་རྒྱུན་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ནས་བརྒྱུད། མཁས་དབང་ལྷ་ལུང་པ་ཀརྨ་བསྟན་འཕེལ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ། མཁན་པོ་ཀརྨ་ཚེ་དཔག ། གྲུབ་དབང་ཀརྨ་ཕྲིན་ལས་རྒྱ་མཚོ། དེས་བདག་ལའོ། །ཟབ་མོ་ནང་དོན་རྣམ་ཤེས་ཡེ་ཤེས་སྙིང་པོ་བསྟན་པ་རྣམས་ཀྱི་ལུང་རྒྱུན་ནི། རྗེ་རང་བྱུང་ཐམས་ཅད་མཁྱེན་པ། རྟོགས་ལྡན་མགོན་པོ་རྒྱལ་མཚན། འཛམ་གླིང་ཆོས་གྲགས། གྲགས་པ་སེང་གེ ། དར་མ་རྒྱལ་མཚན་ཏེ་བཞི་ལས་སྔ་མ་དང་། གསུམ་པ་གཉིས་ཀྱིས་གཉིས་པ་དང་བཞི་པ་ལ་བསྩལ། དེ་གཉིས་ཀས་མཁའ་སྤྱོད་དབང་པོ་ལ་གནང་། དེ་ནས་ཀུན་དགའ་བློ་གྲོས། རཏྣ་བྷ་དྲ། སྔ་མས་འཇམ་དབྱངས་དོན་གྲུབ་འོད་ཟེར། ཕྱི་མས་ཆོས་ཀྱི་བཟང་པོ། དེས་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། འཇམ་དབྱངས་པ་དང་འདི་ཉིད་ཀས་རྗེ་མཐོང་བ་དོན་ལྡན། དེས་གོ་ཤྲཱི་(141བ)དཔལ་འབྱོར་དོན་གྲུབ། དེ་ནས་ཆོས་གྲགས་རྒྱ་མཚོ། ཀརྨ་ཕྲིན་ལས་པ། མི་བསྐྱོད་རྒྱལ་བ། དཀོན་མཆོག་ཡན་ལག ། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག ། གྲུབ་དབང་བདུད་རྩི། ཀརྨ་རྣམ་རོལ་ཆོས་ཀྱི་དོན་གྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད། ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དཔལ་སྤུངས་མཁན་པོ་ཀརྨ་ཚེ་དབང་དཔལ་འབྱོར། གྲུབ་དབང་ཀརྨ་ཕྲིན་ལས་རྒྱ་མཚོ། དེས་བདག་ལའོ། །ཡང་བསྟན་པའི་ཉིན་བྱེད་ནས། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ་ལ་བརྒྱུད་པའང་ཡོད་ཅིང་། བདུད་འདུལ་རྡོ་རྗེ་རས་ཆུང་ཤེས་རབ་རྒྱ་མཚོ། དེས་མཁའ་དབང་ལྷ་ལུང་པ་ཀརྨ་བསྟན་འཕེལ་ལ་གནང་བའང་ཡོད། ཚེ་དབང་ཀུན་ཁྱབ་ཀྱིས་རས་ཆུང་སྤྲུལ་སྐུ། དེས་བསྟན་འཕེལ། དེས་འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོའི་ཞབས་ལ་བསྩལ་བ་ནི་བཤད་པའི་རྒྱུན་ནོ། །། །