DJYD-KABUM-23-A-017

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-23-A-017
Wylie title DJYD-KABUM-23-A-017.pdf
Location bdud 'joms rin po che bka' 'bum
Volume 23, Text 17, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(བདུད་འཇོམས་གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ་བཞུགས། བདུད་འཇོམས་གཏེར་གསར་སྔོན་འགྲོའི་ངག་འདོན་བསྡུས་པ་འདིའི་གོ་དོན་ས་བཅད་ལ།)

(དང་པོ་སྦྱོར་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི།) ན་མོ༔ བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ སྐྱེས་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིན༔ དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེད༔ ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་ངང་༔ དྲན་ནས་བདག་བློ་ཆོས་ལ་འགྱུར་བར་ཤོག༔ (ཅེས་ལན་གང་མང་བརྗོད་ལ་བློ་སྦྱངས།) (གཉིས་པ་སྔོན་འགྲོ་དངོས་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁའ་སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་གུ་རུ་རིན་པོ་ཆེའི་རྣམ་པར་མངོན་སུམ་དུ་བཞུགས་པར་མོས་ལ།) འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ (ཞེས་ཕྱག་དང་སྦྲག་སྟེ་ཅི་ནུས་སུ་བརྗོད།) (གཉིས་པ་སེམས་བསྐྱེད་པ་ནི། སྐྱབས་ཡུལ་དཔང་པོར་གསོལ་ཏེ།) ད་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ མ་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་བསྒྲུབ༔ (ཅེས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་།) (གསུམ་པ་ཚོགས་བསགས་མཎྜལ་འབུལ་བ་ནི། མཎྜལ་ཚོམ་བུ་དངོས་སུ་བཤམས་པ་དཔེར་མཚོན་ནས།) ཚེ་རབས་ཀུན་གྱི་ལུས་དང་ལོངས་སྤྱོད་དཔལ༔ (1བ)ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔ (ཞེས་མཎྜལ་གང་མང་འབུལ།) (བཞི་པ་སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ནི། རང་ཉིད་ཐ་མལ་དུ་གནས་པའི་ངང་ནས།) སྤྱི་བོར་བླ་མ་རྡོར་སེམས་དབྱེར་མེད་པའི༔ སྐུ་ལས་བདུད་རྩིའི་རྒྱུན་བབས་སྒྲིབ་སྦྱངས་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིངྔྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ (ཞེས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་དང་བཅས་ཡིག་བརྒྱ་དང་།) ཨོཾ་བཛྲ་ས་ཏྭ་ཧཱུྃ༔ (ཞེས་ཡིག་དྲུག་ཀྱང་ཅི་ནུས་བཟླས་མཐར།) འོད་ཞུ་བདག་སྣང་དང་འདྲེས་རོ་གཅིག་གྱུར༔ (ཞེས་རྡོར་སེམས་རང་ལ་བསྡུས་ཏེ་མཉམ་པར་བཞག །) (ལྔ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ནི།) རང་ཉིད་རྡོ་རྗེ་རྣལ་འབྱོར་མདུན་མཁའ་རུ༔ རྩ་བའི་བླ་མ་པདྨའི་སྐུར་བཞེངས་གྱུར༔ དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་སྐུ༔ རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས༔ འདི་ཕྱི་བར་དོ་གསུམ་ཐུགས་རྗེས་ཟུངས༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃ༔ (ཞེས་བརྒྱ་སྟོང་སོགས་(2ན)གང་མང་བཟླས་ལ།) སྐུ་གསུང་ཐུགས་ཀྱི་དབང་བྱིན་ཡོངས་རྗོགས་ཐོབ༔ བཛྲ་གུ་རུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཧཱུྃ༔ (ཞེས་དབང་བཞི་བླང་མཐར།) བླ་མ་འོད་ཞུ་རང་ཐིམ་དབྱེར་མེད་ངང་༔ རིག་སྟོང་དོན་གྱི་བླ་མའི་རང་ཞལ་བལྟ༔ (ཞེས་བླ་མ་རང་ལ་བསྡུས་ཏེ་མཉམ་པར་བཞག །) (དྲུག་པ་འཕོ་བ་ནི།) མགོན་པོ་འོད་དཔལ་མེད་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ (ཞེས་ལན་གང་མང་བརྗོད་ལ་འཕོ་བའི་འདུན་པ་བྱ།)

(བདུན་པ་ལུས་སྦྱིན་དགེ་བསྔོ་ནི།) ད་ནི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ མ་གྱུར་འགྲོ་ལ་ཕངས་པ་མེད་པར་བཏང་༔ འགྲོ་དོན་རླབས་ཆེན་གེགས་མེད་འགྲུབ་པར་ཤོག༔ (ཅེས་སོགས་སྨོན་ལམ་ནན་ཏན་དུ་གདབ་བོ། །ཞེས་གཏེར་གསར་སྔོན་འགྲོའི་ངག་འདོན་རྒྱས་པ་མི་ཤེས་ཤིང་མི་ལྕོག་པའི་རིགས་ལ་ཕན་ཕྱིར་སྔོན་འགྲོའི་ངག་འདོན་བསྡུས་པ་འདིའི་གནད་དོན་གོ་བདེའི་གསལ་འདེབས་ས་བཅད་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)