DJYD-KABUM-17-TSA-004

From Dudjom Wiki
Revision as of 05:20, 1 June 2024 by Jeremi (talk | contribs)

DJYD-KABUM-17-TSA-004
Wylie title DJYD-KABUM-17-TSA-004.pdf
Location bdud 'joms rin po che bka' 'bum
Volume 17, Text 4, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །(34ན)(དཔལ་མགོན་མ་ནིང་ནག་པོའི་ཕྲིན་ལས་ནི། སྦྱོང་བའིཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།) སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཆེན་པོར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང་། གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་མཐུར་དུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་། གསེར་སྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙནྡན་གྱི་བིང་ཆེན་སྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པ། དེའི་གཡོན་དུ་(34བ)ཡུམ་དཔལ་འབར་མ་དཀར་མོ། གཡས་ཤེལ་གྲི་འཕྱར་ཞིང་། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་མ་མོའི་ཆས་ཅན་རོལ་པའི་སྟབས་ཀྱིས་འགྱིང་བ། གཡས་སུ་ལས་མགོན་སྲོག་བདུད་ནག་པོ་གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེང་ཞིང་ཁ་ཊྭཱཾ་གྲུ་མོར་བཀལ་བ་སྟག་རལ་དང་གཟིག་ཤུབ་བཏགས་ནས་བྲ་ནག་རྟིང་དཀར་ལ་ཆིབས་པ། དེའི་ཕྱི་རོལ་གྱི་རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་དུ་རིམ་པ་བཞིན་སྐུའི་མགོན་པོ་སྟག་གཞོན་ནག་པོ་གཡས་ཙནྡན་གྱི་བིང་ཆེན་གསོར་ཞིང་གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བིང་དམར་སྨུག་གཡས་ཙནྡན་གྱི་བིང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲག་ཤད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་ཆིབས་པ། ལྔ་ཀའང་མི་བཟད་པའི་ཁྲོ་བོ་གཏུམ་དྲག་འཇིགས་པའི་(35ན)ཉམས་ཅན་དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བམ་གྱི་ཁར་བཞུགས་པ། འདོད་ཁམས་དབང་ཕྱུག་རེ་མ་ཏཱི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་གཟུགས་ཅན་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། གཞན་ཡང་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། མྱུར་མགྱོགས་ཀྱི་ཕོ་ཉ་ལས་བྱེད་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན་མི་སྡུག་པའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲུགས་པའི་དབུས་ན་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་རྣམས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ(ས་སྤྱན་དྲངས་པར་བསམ་ཞིང་།) ཧཱུྃ། དད་པ་དང་(35བ)ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོ་ཀུན་གྱི་རྗེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར༴ ལེགས་ལྡན་ནག་པོ༴ ཚོགས་བདག་ཆེན་པོ༴ མ་ནིང་ནག་པོ༴ སྲོག་བདུད་ནག་པོ༴ མཁའ་འགྲོའི་གཙོ་མོ༴ མགོན་པོ་སྡེ་ལྔ༴ སྲིང་གཅིག་ཆེན་མོ༴ མཐུ་ཆེན་སྡེ་བརྒྱད༴ བདུད་འདུལ་དམག་ཚོགས༴ ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོ། (ཞེས་སྤྱན་དྲངས་ལ།) ཧཱུྃ། དུར་ཁྲོད་རབ་འཇིགས་རྔམས་པའི་གཞལ་ཡས་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་དྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྠནྟུ། (ཞེས་བཞུགས་སུ་གསོལ།) ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་(36ན)མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་ཧེ་རུ་ཀ་དཔལ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། གུ་རུ་ཆོས་ཀྱི་དབང་ཕྱུག །རིག་འཛིན་པདྨ་གླིང་པ། འཇའ་ཚོན་ཧཱུྃ་ནག་མེ་འབར་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། (སོགས་ཀྱིས་དམ་ཚིག་གི་གཉེར་གཏད།) ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། (ཞེས་ཕྱག་བྱ།) ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ། །བ་ལིང་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །(36བ)གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །དང་བའི་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པུཥྤེ་(ནས།) ཤཔྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱཙྪི་སྭཱ་ཧཱ། (ཞེས་དང་། ཁྱད་པར་དུ།) མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་(བསམ་ལ།) ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།) དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨོན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་དཔལ་མགོན་མ་ནིང་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། (སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།) ཧཱུྃ། འཇིག་རྟེན་འདས་པའི་དུས་ན་མངོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་(37ན)ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །དམག་དཔོན་ཆེན་པོའི་སྐུ་ལ་ཕྱག༴ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམས། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙནྡན་བེང་ཆེན་སྐེད་བཙུགས་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས། །བམ་ཆེན་གདན་ལ་ཞབས་གཉིས་འདོར་སྟབས་བགྲད། །ལེགས་ལྡན་ནག་པོའི་སྐུ་ལ༴ ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་(37བ)རལ་གཟིགས་ཤུབ་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། །ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་བསྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣག་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུལ་ཁྱོད་ལ༴ ཧཱུྃ། དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། །ཁ་ཊྭཱཾ་བདུད་མདས་དགྲ་སྙིང་གཟིར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་ཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡག །།མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དཱི་ཝའི་སྐུ་ལ་བསྟོད། །ཧཱུྃ། སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟ་གཞོན་མི་བཟད་པ། །ཙནྡན་བེང་གསོར་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་(38ན)ཁྱོད་ལ་བསྟོད། མ་འགགས་གསུང་གི་རོལ་པའི་རྩལ། །བེང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙནྡན་བེང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ༴ ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་བཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །ཁྲག་འཐུང་དཔའ་བོ་ཁྱོད་ལ༴ ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ༴ ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲག་ཤད་བདུད་མགོན་མ་རུངས་པ། །ཙནྡན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ༴ འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་ཉུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅའ་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །(ཞེས་བསྟོད། བཟླས་པ་བྱ་བ་ནི།) མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་(38བ)བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་(བསམ་ལ།) ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། (ཅེས་བཟླ་ཞིང་། གཞན་ཡང་འཁོར་སྔགས་བཟླ་བར་འདོད་ན་སྒྲུབ་ཡིག་གི་གཞུང་བཞིན་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།) ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་ཅིང་། །བདུད་དཔུང་འཇོམས་མཛད་ཧེ་རུ་ཀ ། མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །མིག་སྨན་མདངས་ཅན་རྟ་མཆོག་སོགས། །ཕྱི་ཡི་རྟེན་གྱི་ཐུགས༴ འདོད་ཡོན་བྱ་རོག་རྒྱལ་མཚན་བཅས། །ནང་གི་རྟེན་གྱིས་ཐུགས༴ གྲི་སྙིང་སྲོག་གི་འཁོར་ལོ་སོགས། །གསང་བའི་རྟེན་གྱིས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས༴ གཤེགས་པའི་དམ་རྫས་ཡིན་པའི་ཕྱིར། །དབྱིངས་རྔ་རོལ་མོས༴ གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས༴ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །པད་ཉི་རོ་ཡིས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས༴ ངོམས་པའི་དམ་རྫས་ཡིན་པའི་ཕྱིར། །(39ན)དམར་ཆེན་རཀྟས༴ ཚིམ་པའི་དམ་རྫས་ཡིན་པའི་ཕྱིར། །དཔལ་གྱི་གཏོར་མས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ནོར་གྱིས༴ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །གཟུགས་རྟེན་བླ་རྡོས×བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །ཤ་ཆེན་སྣ་ལྔས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྣ་ལྔས༴ མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །སྲིད་ཞིའི་འབྱོར་པས༴ སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །ཕྱག་རྒྱ་གསལ་རྫོགས༴ གསུང་གི་ཐུགས་དམ་བསྐང་བའི་ཕྱིར། །རླུང་སྔགས་བཟླས་པས༴ ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །ཏིང་འཛིན་བརྟན་པས༴ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར། །འདོད་ཡོན་མཁོ་རྒུས༴ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར། །ལས་སྦྱོར་འབད་པས༴ བསྐང་ངོ་གསོལ་ལོ་ཐུགས་དམ་བསྐང་། །དཔལ་འབར་མ་ཧཱ་ཀཱ་ལ་དང་། །སྤྲུལ་པ་རྣམ་ལྔ་མཐུ་ཆེན་བརྒྱད། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་སྐོངས་དངོས་གྲུབ་སྩོལ། །(ཞེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་ཆོས་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་པ་རྣམས་ཀྱི་མ་ནིང་གི་བཀའ་སྲོལ་ཆུ་བོ་གཅིག་ཏུ་(39བ)འདྲེས་པ་སྟེ། སྲོག་དབང་གི་ཆོ་ག་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་དང་། གཞན་དུ་སོ་སོའི་མོས་པ་དང་སྦྱར་ཏེ་བྱས་པས་འགྲུབ་བོ།། །།