DJYD-KABUM-08-NYA-012

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-08-NYA-012
Wylie title DJYD-KABUM-08-NYA-012.pdf
Location bdud 'joms rin po che bka' 'bum
Volume 8, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྒྱུན་གྱི་རྣལ་འབྱོར་

འཆི་མེད་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །

ན་མོ། བླ་མ་མཆོག་གསུམ་བཅོམ་ལྡན་མར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །ཚེ་ཡི་རིག་འཛིན་མཆོག་ཐོབ་ཕྱིར། །འཆི་མེད་འཕགས་མ་བསྒྲུབ་པར་བགྱི། །ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། བདག་སྣང་ཐམས་ཅད་མི་དམིགས་སྟོང་པའི་ངང་༔ སྟེང་འོག་ཕྱོགས་ཀུན་རིན་ཆེན་འབར་བའི་དལ༔ འོད་ཟེར་ལྔ་ལྡན་ཀུན་ལས་རབ་འཁྲུགས་པ༔ མི་ཤིགས་སྲ་བརྟན་གསེར་འཁོར་རྩིབས་སྟོང་གཏམས༔ དེ་དབུས་ནོར་བུ་ཆུ་ཤེལ་གཞལ་ཡས་ཁང་༔ འདོད་ཡོན་ཕུན་ཚོགས་བདེ་བ་ཅན་གྱི་དབུས། །རང་སེམས་མ་འགགས་སྟོང་པའི་རང་རྩལ་ལས། །པད་དཀར་ཟླ་སྟེང་ཏཱཾ་ཡིག་དཀར་གསལ་ནི། །རིང་ཆ་ཚེག་དྲག་ཅན་ལས་ལྔ་ལྡན་གྱི༔ འོད་འཕྲོས་འཕགས་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ ཚུར་འདུས་བདག་ཉིད་ཡིད་བཞིན་འཁོར་ལོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་པུས་སྟེང་མཆོག་སྦྱིན་ཕྱག་རྒྱ་ཅན༔ གཡོན་པ་ཨུཏྤལ་དཀར་པོའི་ཡུ་བ་ཉིད༔ མཐེབ་སྲིན་གྱིས་འཛིན་སྙན་གཡོན་མེ་ཏོག་རྒྱས༔ དཔྲལ་བ་ཕྱག་ཞབས་ཞི་བའི་སྤྱན་རས་མཚན༔ ཞབས་གཉིས་རྡོར་སྐྱིལ་བཅུ་(1བ) དྲུག་ལང་ཚོ་ཅན༔ དབུ་སྐྲ་མཐོན་མཐིང་སེར་འབོལ་སྤྱི་བོར་བཅིངས༔ ཟར་བུ་ཐུར་འཕྱང་མེ་ཏོག་ཕྲེང་བས་སྤྲས༔ དར་ཟབ་ལི་ཁྲིའི་མདོག་ཅན་སྐུ་སྟོད་གསོལ༔ ལེ་བརྒན་དམར་པོའི་སྐུ་སྨད་ཤམ་ཐབས་ཅན༔ ཅོད་པན་ནམ་མཁའི་མདོག་ཅན་རླུང་གིས་གཡེང་༔ སྣ་ཚོགས་རིན་པོ་ཆེ་ཡིས་དབུ་བརྒྱན་ཅིང་༔ ཕྱག་གདུབ་ཞབས་གདུབ་རིན་ཆེན་དོ་ཤལ་མཛེས༔ འཇའ་ཟེར་སྣ་ལྔའི་ཀློང་དུ་འགྱིང་བག་ལྡན༔ ཙིཏྟ་པད་དམར་འདབ་བརྒྱད་ཁ་ཟུམ་པའི༔ ནང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྟེར༔ ཕ་ལམ་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་པ༔ མུ་ཁྱུད་དང་བཅས་ཟླ་བའི་མདོག་ཅན་དབུས༔ ཏཱཾ་ཡིག་དཀར་པོ་རིང་ཆ་ཚེག་དྲག་ཅན༔ ཕྱི་རིམ་རྩིབས་བརྒྱད་གསང་སྔགས་འབྲུ་བརྒྱད་དང་༔ རྩིབས་འཁོར་མུ་ཁྱུད་སྔགས་ཕྲེང་སྤེལ་ཚིག་བསྐོར༔ རང་སྒྲ་དང་བཅས་གཡས་སུ་འཁོར་བ་ལས༔ ལྔ་ལྡན་འོད་ཟེར་ནམ་མཁའ་གང་བར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་དྲང་སྲོང་རིག་པ་འཛིན༔ སར་གནས་བྱང་སེམས་འཇིག་རྟེན་བརྟན་གཡོ་ཡི༔ ཚེ་བཅུད་ནུས་སྟོབས་མ་ལུས་ཐམས་ཅད་ཀུན༔ ཡི་གེ་ཨ་ནྲྀ་ཏྲི་གསུམ་རྣམ་པ་རུ༔ སྟོང་ཁམས་མ་ལུས་ཐེམ་མེར་རབ་ཁེངས་ནས༔ བར་མ་ཆད་པར་བདག་ཉིད་ཐུགས་ཀར་ཐིམ༔ ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་(2ན)སྙན་གྲགས་མངའ་ཐང་རྒྱས༔ རང་ལུས་འོད་ཕུང་གཟི་བརྗིད་མདངས་དང་ལྡན༔ འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར༔ ཨོྃ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པུཎྱེ་པུཥྚིཾ་ཨ་ཡུཿཔུཥྚིཾ་ཀུ་རུ་ཡེ་སྭཱཧཱ༔ སྣོད་བཅུད་འོད་ཞུ་རང་ཉིད་དང་། །རང་ཡང་མི་དམིགས་སྤྲོས་བྲལ་ངང་། །འཕགས་མའི་གསང་གསུམ་ཕྱག་རྒྱར་སད། །འཆི་མེད་གཉུག་མའི་ངོ་བོར་གྱུར། །དགེ་འདིས་བདག་གི་ཚོགས་གཉིས་རྫོགས། །མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས། །འགྲོ་ཀུན་སྒྲིབ་པ་གཉིས་སྤངས་ཏེ། །འཆི་མེད་རིག་འཛིན་ཐོབ་པར་ཤོག །རྒྱལ་མཆོག་ཚེ་དཔག་མེད་པའི་ཡུམ། །འཆི་མེད་ངེས་པར་སྟེར་བ་མོ། །ལྷག་པའི་ལྷ་མཆོག་བཅོམ་ལྡན་མ། །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག །(ཅེས་པའང་ལྷ་ལྕམ་ཀུན་བཟང་བདེ་ཆེན་མཚོ་མོའི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་གཏེར་གཞུང་ལས་བཏུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཨ་ཡུ་སིདྡྷི་རསྟུ། །)