DJYD-KABUM-24-YA-033

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-24-YA-033
Wylie title DJYD-KABUM-24-YA-033.pdf
Location bdud 'joms rin po che bka' 'bum
Volume 24, Text 33, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)གསང་སྔགས་རྡོ་རྗེ་ཐེག་པ་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ལམ་དུ་འཇུག་པ་ལ་འཇུག་སྒོ་དང་པོ་དབང་ཡིན། དབང་གི་དང་པོ་བུམ་པའི་དབང་ཡིན། བུམ་དབང་མ་ཐོབ་ན་གསང་དབང་མི་ཐོབ། གསང་དབང་མ་ཐོབ་ན་ཤེར་དབང་མི་ཐོབ། ཤེར་དབང་མ་ཐོབ་ན་ཚིག་དབང་མི་ཐོབ། དབང་བཞིའི་གོ་རིམ་ཡང་སློབ་མ་སོ་སོའི་སྣོད་དང་དུས་ཚོད་དང་བསྟུན་ནས་ཐོབ་དགོས། དབང་ཐོབ་པ་ཙམ་གྱིས་མི་ཆོག །དབང་གི་སྲོག་སྡོམ་པ་དམ་ཚིག་ཚུལ་བཞིན་བསྲུང་དགོས། རྡོ་རྗེ་ཐེག་པའི་འདུལ་ཁྲིམས་སམ། སྡོམ་པའམ། དམ་ཚིག་ལ་རྣམ་གྲངས་ཤིན་ཏུ་མང་ནའང་། བསྡུ་ན་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་སྦོམ་པོ་བརྒྱད། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས་ལ་འདུས། དེ་རྣམས་བསྲུང་བ་གལ་ཆེ། དབང་མ་ཐོབ་ན་གསང་སྔགས་ཉམས་སུ་ལེན་ཐབས་མེད། དེར་མ་ཟད་གདམས་ངག་རྣམས་ཀྱི་དཔེ་ཡང་ཀློག་མི་རུང་། དབང་ལེགས་པར་ཐོབ། དམ་ཚིག་རྣམ་པར་དག །དབང་དོན་ཉམས་ལེན་ལ་མྱོང་བ་ཐོན་དགོས་པ་ཡིན། རང་རེ་ཐེག་ཆེན་གསང་སྔགས་པ་རྣམས་སྡོམ་པ་གསུམ་གྱི་གནད་འགག་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་ཤེས་ན། རྟགས་དང་ཆ་ལུགས་རབ་བྱུང་དང་ཁྱིམ་པ་གང་ཡིན་ཀྱང་ཁྱད་པར་མེད། གསང་སྔགས་ཀྱི་དབང་དང་མན་ངག་(1བ)རྣམས་གཞན་ལ་འཆད་སྤེལ་བྱེད་རྒྱུར་རང་གི་རྩ་བའི་བླ་མའི་བཀའ་གནང་བ་ཐོབ་དགོས། གནང་བ་མ་ཐོབ་པར་འཆད་སྤེལ་བྱེད་མི་ཐུབ། གནང་བ་ཐོབ་ནས་སློབ་མའི་རྒྱུད་ཚོད་དང་བསྟུན་འཆད་སྤེལ་གང་ཡང་བྱེད་ཆོག །འོན་ཀྱང་དམ་ཚིག་བསྲུང་ཐུབ་བམ་མི་ཐུབ་བརྟག་ཞིབ་ནན་ཏན་བྱེད་དགོས། སྤྱི་ལོ་༡༩༥༨ལོར་བསོད་ནམས་ཆོས་ཀྱི་རྒྱལ་མཚན་རྒྱ་གར་དུ་འབྱོར་ནས་ངེད་གཉིས་ལས་སྨོན་འཛོམས་པས་ཞིབ་འཕྲད་བྱུང་། ངས་ཁོང་ལ་བཀའ་གཏེར་ཞི་ཁྲོ་ན་རཀ་དོང་སྤྲུགས་སོགས་ཀྱི་དབང་བཞི་གདམས་ཁྲིད་ཡོངས་རྫོགས་བུམ་པ་གང་བྱོས་སུ་གཏད་པ་ཡིན། དེར་མ་ཟད་བརྒྱུད་འཛིན་གྱི་སྐལ་ལྡན་དུ་ངོས་འཛིན་གྱིས་གཞན་ལ་སྤེལ་ཆོག་པའི་གནང་བ་སྤྲད་པ་ཡིན། ཁོང་ཧྭང་ཀོང་དུ་ལོག་ནས་རང་ཉིད་ཉམས་ལེན་ལ་བརྩོན་འགྲུས་དང་། གཞན་ལ་ཆོས་ཁྱབ་སྤེལ་བྱེད་རྒྱུའི་ལས་དོན་ལ་སེམས་ཤུགས་ངལ་བ་ཆེན་པོ་བྱས་དང་བྱེད་བཞིན་པ་ངེད་ཧྭང་ཀོང་དུ་སླེབས་སྐབས་ཤེས་ཚོར་བྱུང་སྟབས་ངེད་རང་ཡིད་ཤིན་ཏུ་སྤྲོ་བས་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། ད་ལྟ་ཁོང་ནས་འདོན་སྤེལ་བྱེད་བཞིན་པའི་རྡོ་རྗེ་ཐེག་པའི་འདུལ་ཁྲིམས་ཀྱི་རྣམ་གཞག་འདིའང་ངེད་ནས་གནང་བ་སྤྲད་པ་བཞིན་རྩོམ་བསྒྲིགས་འབད་བརྩོན་བྱས་འདུག་པ་འདི་ཤར་གླིང་འདིའི་ནང་གི་ཉམས་ལེན་མཁན་རྣམས་ཀྱི་དགོས་པ་དང་བསྟུན་(2ན)ནས་གསང་བའི་དབང་ཐོབ་པ་རྣམས་ནས་ཀློག་ཆོག་པའི་གནང་བའང་སྤྲད་པ་ཡིན། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། །སྤྱི་ལོ་༡༩༧༦ཟླ་༥ཚེས་༣ལ་བྲིས།། །།