DJYD-KABUM-24-YA-016

From Dudjom Wiki
Revision as of 05:35, 1 June 2024 by Jeremi (talk | contribs)

DJYD-KABUM-24-YA-016
Wylie title DJYD-KABUM-24-YA-016.pdf
Location bdud 'joms rin po che bka' 'bum
Volume 24, Text 16, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(པདྨ་གསང་བའི་ཐིག་ལེ་ལས། ཚེ་འདས་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།) །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། (འདིར་པདྨ་གསང་བའི་ཐིག་ལེ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་ཚེ་འདས་གནས་འདྲེན་གྱི་ཆོ་ག་བགྱི་བར་འདོད་པས། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སྟེགས་བུ་ཁེབས་ཀྱིས་བཀབ་པའི་ཁར། པདྨ་འདབ་བརྒྱད་འཁོར་ལོར་མཚན་པའི་ལྟེ་བར་ཚེ་འདས་ཀྱི་མིང་བྱང་བག་ཆགས་ཀྱི་རྟེན་དྲི་གོས་སོགས་དང་བཟའ་བཏུང་མྱོང་གྲོལ་གྱིས་སྦགས་པ། བྱེ་ཡུངས་སྦྱང་ཆས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ་ཞིང་། བསྙེན་པའི་སྐབས་རིགས་དྲུག་གནས་སྦྱོང་གི་དམིགས་པ་དང་བཅས་ཏེ་སྒྲིབ་སྦྱང་གི་སྔགས་གང་མང་བཟླས་ལ་བྱེ་ཡུངས་སོགས་ལ་ཕུས་གདབ། རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་པ་བཅས་སོང་ནས། དངོས་གཞི་ལ། བྱང་བུ་ལས་སྔགས་ཀྱིས་བསང་།) སྭ་བྷཱ་ཝ(ས་སྦྱང་།) སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གུས་པ་དང་བཅས་ཏེ་འཁོར་བར་(བསམ་ལ།) བདག་མདུན་གཙོ་འཁོར་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་དམིགས་ཡུལ་གྱི་རྣམ་ཤེས་ཁམས་གསུམ་རིགས་དྲུག་གི་གནས་གང་དུ་གནས་ཀྱང་སྐད་ཅིག་ནྲྀ་ཡིག་གི་རྣམ་པས་བཀུག་སྟེ་མིང་བྱང་དང་གཉིས་སུ་མེད་པར་ཐིམ་པར་(བསམ་ལ། བདེན་(1བ)པའི་སྟོབས་བརྗོད་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས།) ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པས་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་གནས་ཀྱང་སྐད་ཅིག་གི་དམིགས་པའི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་བཛྲ་ཨཾ་ཀུ་ཤ་ཛཿ (ཞེས་དང་།) སརྦ་པཱ་པྃ་ཨ་ན་ཡ་ཧཱུྃ། (ཞེས་སྡིག་པ་དང་བཅས་བཀུག)།ཛཿཧཱུྃ་བཾ་ཧོཿ (ཕྱག་རྒྱ་བཞིས་བཅིངས་ཏེ་བྱམས་པ་ཆེན་པོའི་ངང་དུ་གནས་པར་བསམ། བགེགས་གཏོར་བཤམས་ལ།) རྃ་ཡྃ་ཁྃ་(གིས་བསང་།) སྭ་བྷཱ་ཝ(ས་སྦྱང་།)སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་(བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ།) བཛྲ་ཨ་ཀརྵ་ཡ་ཛཿ(ས་མགྲོན་བཀུག) །ཨ་ཀཱ་རོ་(ལན་གསུམ་གྱིས་ཁྱབ་པར་བསྔོས།) ཧཱུྃ༔ ང་ནི་ཡེ་ནས་ངང་གི་ཁྲོ༔ (སོགས་ཀྱིས་བགེགས་གཏོར་བཏང་།) ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་(ཀྱིས་སྲུང་འཁོར་བརྟན་པོར་བསྒོམ། (2ན)དེ་ནས་རིགས་དྲུག་གནས་སྦྱོང་གི་དམིགས་པ་ནི།) རང་ཉིད་དཀྱིལ་འཁོར་གཙོ་བོ་ཡི། །ལག་གཡས་ཉི་མར་རིགས་ལྔ་དང་། །གཡོན་པ་ཟླ་བར་ཡུམ་ལྔ་གསལ། །ཡབ་ཡུམ་སྙོམས་ཞུགས་བྱང་སེམས་སྤྲིན། །འོད་ཟེར་མེ་ལྕེ་ལྟ་བུར་འཕྲོས། །སློབ་མའི་ལུས་ཀྱི་གནས་དྲུག་ཏུ། །རིགས་དྲུག་ས་བོན་དྲུག་གསལ་བར། །ཐོག་མར་དུས་ནས་བསགས་པ་ཡི། །ལས་དང་བག་ཆགས་ཐམས་ཅད་བསྡུས། །ཡེ་ཤེས་ཆེན་པོའི་འོད་ཟེར་གྱིས། །ས་བོན་ཐུལ་གྱིས་བསྲེག་པར་(བསམ། ཐལ་མོ་གཟེབ་བསྐུམ་གྱི་ཕྱག་རྒྱས། ལས་སྔགས་མཐར།)ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏར་ཧེ་ཏྲུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ༴ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ༴ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་ཏྲུཾ་ཧཱུྃ་ཕཊ། ཨོཾ་ཏྲ་ཊ་ཏྲ་ཊ་སརྦ་ཨ་སུར་ག་ཏེ༴ ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་སུ་ར་ག༴ (ཅེས་བརྗོད་ལ། སྔགས་ཀྱིས་བརླབས་པའི་བྱེ་ཡུངས་ཀྱི་བྲབ་སྟེ།)ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ངྷིཥྛ་ན་ཨ་ངྷིཥྛི་ཏེ་སརྦ་པཱ་པྃ་ཨ་ཝཱ་ར་ན་བྷ་སྨིན་ཀུ་རུ་སྭཱ་ཧཱ། (ཞེས་སྡིག་སྒྲིབ་བསྲེགས་པའི་ཐལ་བ་ཆོས་ཉིད་རླུང་གིས་གཏོར་བར་མོས། བྱང་སེམས་ཆུས་འཁྲུལ་པའི་བག་ཆགས་ཆ་ཤས་དང་བཅས་པ་སྦྱངས་པར་བསམ་ལ།)ཨོཾ་ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བའི་བུམ་པ་བཟུང་ནས་ནི། །དེ་ཉིད་དུ་ནི་བླུགས་མཛད་ལྟར། །བག་ཆགས་(2བ)མ་ལུས་དག་གྱུར་ཅིག །(ལས་སྔགས་མཐར།) སརྦ་པཱ་པྃ་ཨ་ཝ་ར་ན་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། (ཞེས་པས་བཀྲུ། དེ་ནས།)ཇི་ལྟར་བལྟམས་པ་(སོགས་ཀྱིས་རྟེན་ལ་ཁྲུས་གསོལ་བྱས་པའི་ཆུས་མིང་བྱང་བཀྲུ་ཞིང་།)འདི་ནི་སྦྱིན་པའི་རང་བཞིན་ཆུ། །(སོགས་ཕར་ཕྱིན་དྲུག་རེ་རེ་བཞིན་རྩ་སྔགས་དང་ཡིག་བརྒྱ་སྦྱར་བའི་སྔགས་དང་བཅས་ཏེ་བཀྲུས་པས།)ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པར་གྱུར་ཏེ་དཀྱིལ་འཁོར་དུ་འཇུག་པའི་སྐལ་པ་དང་ལྡན་པར་(བསམ་ལ། བདག་འཇུག་ལྟར་དབང་ལེན་རྫོགས་པར་བྱས་པའི་ནང་གསེས་བུམ་དབང་གི་མཇུག་ཏུ་ཞི་ཁྲོའི་ལྷ་དབང་བཀོལ་བྱང་ལྟར་དང་། གསུང་བཟླས་པའི་ལུང་བླང་སྐབས་ཞི་ཁྲོའི་ཛཔྲ་བཟླ་བ་སོགས་ཁྱད་པར་རོ། །དེ་ནས་དབང་བཞི་ཡོངས་རྫོགས་གཏང་རག་མཎྜལ་དང་བཅས་རྫོགས་ནས་བཟའ་བཏུང་རྣམས།) ཨོཾ་ཨཱཿཧཱུཾ་(གིས་བྱིན་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་དུ་བསྔོ།) ཨོཾ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ཟད་པ་མེད་པའི་ལོངས་སྤྱོད་འདི། །འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ། །དགྱེས་ཤིང་བདེ་བ་ཆེན་པོར་བཞེས། །ཨོཾ་བཛྲ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་ཀ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། (ཞེས་བཟའ་བཏུང་མེར་བསྲེགས། སངས་རྒྱས་བྱང་སེམས་ཀྱི་མཚན་དང་། ཐོས་གྲོལ་སོགས་བརྗོད། དེ་ནས་ལམ་སྦྱོང་བསྟན་པ་ནི།) དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །(3)དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་དག་པའི་ལམ་བགྲོད་དེ། །སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣ་རཏྣ་ངཱི་ཛཿཡེ་སྭཱ་ཧཱ། (དེ་ནས་ལམ་བསྟན་པ་ནི།)ཀྱེ་མ་ཚེ་འདས་རིགས་ཀྱི་བུ། །འཁོར་བའི་གནས་རིས་གར་སྐྱེས་ཀྱང་། །སྡུག་བསྔལ་གསུམ་གྱི་རང་བཞིན་ལ། །དེ་ལ་ཆགས་མ་ཞེན་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །ཆོས་ཉིད་བདེན་པ་དྲན་པར་གྱིས། །ལམ་ལྔ་རང་བཞིན་མེད་པ་སྟེ། །སྒྱུ་མ་ལྟ་བུའི་ངང་དུ་རྟོགས། །འོད་གསལ་སྙིང་པོ་ཡིད་ཀྱི་ལུས། །རྡུལ་དང་བྲལ་བའི་ཞིང་དུ་སོང་། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི་ཞིང་ཁམས་ཡོད། །མགོན་པོ་མི་འཁྲུགས་རྒྱལ་བ་བཞུགས། །སུ་ཞིག་དེ་ཡི་མཚན་འཛིན་པ། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །ཁྱེད་ཀྱང་མགོན་པོ་དེ་ཡི་མཚན། །ཡིད་ལ་བཟུང་ནས་གསོལ་བ་ཐོབ། །ཐེ་ཚེམ་མེད་པའི་ངང་ཉིད་ལས། །རང་བྱུང་རྡོ་རྗེའི་འགྲོས་ཀྱིས་སོང་། །ཞིང་མཆོག་དེ་རུ་སྐྱེ་བར་འགྱུར། །ཚེ་འདས་ཀྱི་(3བ)རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། །མགོན་པོ་མི་འཁྲུགས་པའི་ཐུགས་ཀར་ཐིམ་པར་(བསམ་ལ་ཨ་ཞེས་མཉམ་པར་བཞག) །བདག་མདུན་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས་མ་དག་འཁོར་བའི་བག་ཆགས་ཀྱི་རྟེན་ཐམས་ཅད་ལྷག་མེད་དུ་བསྲེགས་པར་(བསམ་ལ།) ཨོཾ། ཡེ་ཤེས་ལྔ་ཡི་མེ་བྱུང་བས༔ ཚེ་འདས་དུག་ལྔའི་སྒོ་གསུམ་གྱི༔ སྡིག་སྒྲིབ་ཉོན་མོངས་བུད་ཤིང་བསྲེགས༔ དབྱིངས་ཡེ་ཟུང་འཇུག་སངས་རྒྱས་ཤོག༔ ཨོཾ་སརྦ་པཱ་པཾ་བི་ཤུངྔྷེ་ཨ་གནྷ་ཡེ་ཛྭ་ལ་རཾ། (ཞེས་བྱང་བུ་བསྲེག །གཟུངས་སྔགས་ཁྱད་པར་ཅན་བཟླ་བཞིན་དུ་བྱང་ཐལ་འདམ་དང་བསྲེས་ཏེ་སཱཙྪ་གདབ། ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་ལ།) ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། (ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་དང་། བསྔོ་སྨོན་ཁྱད་པར་ཅན་གྱིས་རྒྱས་གདབ་པ་སོགས་སྤྱི་ལྟར་བྱའོ། །ཞེས་པའང་མདོ་སྨད་གསེར་ཐར་དུང་དཀར་དགོན་གྱི་མཆོག་སྤྲུལ་ནས་གསུང་བསྐུལ་གནང་བ་ལྟར་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་འབྲེལ་ཚད་ཐམས་ཅད་མངོན་པར་དགའ་བའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།)

(༈ གོང་གི་བྱང་བསྲེག་ཤློ་ཀ་འདི་གཏེར་ཁ་གཞན་ནས་བླངས་ཏེ་ཁ་སྐོང་དུ་བསྡེབས་ཤིང་ཅུང་ཟད་ཕྲི་སྣོན་བགྱི་བ་པོ་ནི་ཛྙཱ་ནའོ།། །།)