TTDL-ZABTER-01-KA-007

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-01-KA-007

༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་བཞུགས་སོ༔ ༠༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༡༡༧༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཕྱིར་དུ༔ མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་གདམས༔ ད་ལྟ་བཞུགས་དང་སླད་ནས་འབྱོན་འགྱུར་གྱི༔ པདྨ་ང་ཡི་བརྒྱུད་འཛིན་བུ་སློབ་རྣམས༔ ཡེ་གཞི་རང་བྱུང་སངས་རྒྱས་རང་ངོ་རུ༔ སྣང་སེམས་འཁྲུལ་པའི་རྨི་ལམ་ལས་སད་ནས༔ དབྱིངས་དང་ཡེ་ཤེས་གཉིས་མེད་རོལ་པ་རུ༔ མ་བཅོས་རང་སར་བཞག་ན་ཆོས་སྐུར་གྲོལ༔ དེ་འདྲའི་ནུས་པ་མེད་པའི་སྐྱེས་བུ་དག༔ ལམ་འདི་དུས་གསུམ་ཀུན་ཏུ་ཉམས་སུ་ལོངས༔ དུས་ལ་བབ་ཚེ་འཕོ་བའི་དགོས་པ་ཡོད༔ གནས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ ཨེ་མ་ཧོཿརང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ ལུས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ རང་ལུས་རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ ཞི་འཛུམ་འདོར་སྟབས་མཚན་དཔེའི་ལང་ཚོས་མཛེས༔ ལམ་གྱི་འདུ་ཤེས་ལ༔ སྐུ་དབུས་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ༔ སྙིང་གའི་གནས་ནས་སྤྱི་བོར་ཐ་ལེར་ཟུག༔ གནས་པོའི་འདུ་ཤེས་ལ༔ རིགས་ཀྱི་བདག་པོ་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཞི་འཛུམ་མཚན་དཔེས་རབ་མཛེས་སྤྲུལ་སྐུའི་ཆས༔ སྐུ་ལ་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ མགྲོན་པོའི་འདུ་ཤེས་ལ༔ སྙིང་དབུས་རིག་པ་དྭངས་མའི་ཐིག་ལེ་གསལ༔ དབུ་མའི་ལམ་ནས་སྐར་མདའ་རྒྱུག་པ་བཞིན༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་འཕོ༔ ཕཊ་ཕཊ་ཕཊ༔ གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི༔ ཨོཾ་ཨཱ༔ ཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ རྟག་ཏུ་སྦྱང་ཚེ་རིགས་བདག་འོད་དུ་ཞུ༔ དབུ་མའི་ལམ་ནས་སྙིང་གར་ཐིམ་པ་ཡིས༔ འཆི་མེད་མགོན་པོའི་དཔལ་ཡོན་རྫོགས་པར་བསམ༔ ལས་ལ་སྦྱོར་ཚེ་ཕྱོགས་བཅུ་སྤྲུལ་པའི་ཞིང་༔ གང་འདོད་ཡིད་ལ་བྱས་ནས་དེ་ཉིད་དུ༔ ཐེ་ཚོམ་ཕྱིར་ཆགས་མེད་པར་འཕོ་ནུས་ན༔ རྣམ་དག་ཞིང་དེར་དབུགས་ཆེན་འབྱིན་འགྱུར་རོ༔ པད་འབྱུང་བདག་གིས་ཕྱི་རབས་རྗེས་འཇུག་ལ༔ ཤིན་ཏུ་བརྩེ་བས་ཕ་ནོར་མཆོག་ཏུ་བཀོད༔ དགོངས་དང་སྨོན་ལམ་སྟོབས་ཀྱིས་རྒྱས་བཏབ་བོ༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་རིན་ཆེན་བྲག་ལ་གཏེར་དུ་སྤོས༔ བཀའ་སྲུང་དྲང་སྲོང་གཟའ་བདུད་ནག་པོས་སྲུངས༔ མ་འོངས་འབྲོག་བན་སྤྲུལ་པའི་རིག་འཛིན་པ༔ རྡོ་རྗེ་གྲོ་ལོད་རྩལ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།།།